ལྕང་སྐྱའི་རྣམ་ཐར་མདོར་བསྡུས།
མཐོང་རིས་
ལྕང་སྐྱའི་རྣམ་ཐར་མདོར་བསྡུས། སུ་རུ་མེ་ཏོག་གིས་བསྒྲིགས།
ལྕང་སྐྱ་རོལ་ བའི་རྡོ་རྗེ་ནི། མདོ་སྨད་ཙོང་ཁའི་བྱང་གི་ཕྱོགས་ཀྱི་ལང་གྲུ་ཞེས་པའི་འབྲོག་སྡེའི་ཧོར་གྱི་རུས་ སུ་གཏོགས་པའི་ཡབ་ཆི་གྱ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་ སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱི་བའི་ལོ་སྟེ་སྤྱི་ལོ༡༧༡༧ལོར་སྐུ་བལྟམས། དགུང་ལོ་བཞི་བར་ཀུན་མཁྱེན་འཇིགས་མེད་དབང་བོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ སྤྲུལ་སྐུར་ངོས་བཟུང་། དཀའ་ཆེན་ཤེས་རབ་དར་རྒྱས་སོགས་ལས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་གསན་སྦྱོང་ མཛད། དགུང་ལོ་བཅོ་བརྒྱད་པའི་དུས་སུ་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱ་དང་སོག་པོ་མན་ཇུའི་སྐད་ཡིག་ཀྱང་ཁོང་དུ་ཆུད། པཎ་ཆེན་བློ་བཟང་ཡེ་ཤེས་དང་རྒྱལ་བ་སྐལ་བཟང་རྒྱ་མཚོ་ལས་ཀྱང་ཆོས་མང་དུ་གསན། ཀུན་མཁྱེན་འཇིགས་མེད་དབང་བོ་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་གསུང་གིས་བསྐྱངས་པའི་སློབ་བུ་མཁས་ཆེན་ མང་དུ་བྱོན། གསུང་ཆོས་ལ་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དང་དག་ཡིག་མཁས་པའི་ འབྱུང་གནས་སོགས་པོད་བདུན་བཞུགས། གོང་མ་ཡུང་ཏྲིང་དང་ཆྰན་ལུང་གི་དབུ་བླ་མཛད། རྒྱལ་པོའི་བཀའ་བཞིན་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར། བཀའ་འགྱུར་མན་ཇུའི་སྐད་དུ་བསྒྱུར། དགུང་ལོ་བདུན་ཅུ་བ་རབ་བྱུང་བཅུ་གསུམ་པའི་མེ་རྟའི་ལོ་སྟེ་སྤྱི་ལོ༡༧༨༦ལོར་ རྒྱ་ནག་རི་བོ་རྩེ་ལྔར་སྐུ་གཤེགས་སོ།།