ལོག་པའིཀུན་རྫོབ་
མཐོང་རིས་
ཀུན་རྫོབ་བདེན་པ་ལ་དབྱེ་བ་གཉིས་སུ་བྱས་པའི་ཡ་གྱལ་ཞིག་སྟེ། ཐ་སྙད་པའི་ཚད་མས་རྙེད་པའི་དོན་གང་ཞིག་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་དེ་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུའི་ཆུ་དང། སྒྱུ་མའི་རྟ་ལ་སོགས་པ་ལྟ་བུའོ། །དཔེར་ན་སྨིག་རྒྱུའི་ཆུ་དེ་རང་འཛིན་མངོན་སུམ་ལ་སྣང་བ་ལྟར། དོན་བྱེད་མི་ནུས་པས་ན། ལོག་པའི་ཀུན་རྫོབ་བོ། དེ་ལྟར་ཡང་ལོག་གཉིས་སུ་དབྱེ་བ་དེ་ཡང་སྣང་ལ་དོན་བྱེད་ནུས་པ་དང་མི་ནུས་པས་དབྱེ་བ་ཡིན་ཏེ། ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག། །ནུས་པའི་ཕྱིར་དང་མི་ནུས་པའི་ཕྱིར། ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པ་ལྟར་རོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།