ལོ་རས་པ་དབང་ཕྱུག་བརྩོན་འགྲུས་
རྗེ་འདི་ཉིད་ཡབ་རྣལ་འབྱོར་དང་ཡུམ་མེ་བཟའ་སྐྱིད་དེ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ལུག(༡༡༨༧)ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ལ་ཕེབས་སྐབས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་དྲུག་པ་ལ་ཆོས་རྗེ་གཙང་པ་དང་མཇལ་ནས་བསྙེན་བཀུར་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་པ་ལ་སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང་། མཚན་དབང་ཕྱུག་བརྩོན་འགྲུས་སུ་གསོལ། རྗེ་གོང་མའི་སྤྱན་སྔར་་བཞུགས་པ་ལ་ཡབ་གྱི་ཡུལ་དུ་བོས་ནས་བག་མ་བསུ་བར་བརྩམས་པ་ན་ཞལ་གྱིས་མ་བཞེས་པར་བླ་མའི་དྲུང་དུ་ཕྱིར་བྲོས། འབྲུག་དུ་བླ་མའི་ཕྱག་ཕྱིར་བྱོན་ཏེ་བསྙེན་པར་རྫོགས། མདོ་རྩ་བ་དང་། བརྟག་གཉིས། མ་ཧཱ་མཱ་ཡཱ་ལ་སོགས་པའི་རྒྱུད་དང་། དོ་ཧ་ལ་སོགས་པའི་ཟབ་ཆོས། བདེ་མཆོག་ལ་སོགས་པའི་གྲུབ་གཞུང་མང་དུ་གསན། དེ་ནས་ཡབ་གཤེགས་པའི་འདས་ཆོས་རྒྱ་ཆེ་གནང་སྟེ་ཁྱིམ་ཚང་གི་ཐམས་ཅད་ཆོས་ཕྱོགས་སུ་གཏོང་བར་མཛད་དེ་བྲེ་གང་གི་འཛིན་ཆགས་མ་བཟུང་བར་འབྲུག་ཏུ་ཕེབས་ནས་ཕ་ཡུལ་དུ་མི་འགྲོ་བ། རི་མི་འབབས་པ། ཅོག་བུ་རྒྱུན་དུ་མཛད་པ། ཁྱིམ་པའི་ཐེམ་སྤངས། གོས་རས་རྐྱང་བཞེས། གསུང་བཅད། གཏོར་མ་བརྒྱ་རྩ་མ་ཆག་པ་སྟེ་དམ་བཅའ་བདུན་མཛད། ཆོས་རྗེ་གཙང་པའི་ཞལ་ནས། ཁྱེད་ཀྱི་དམ་བཅའ་འདི་རྣམས་ཡུན་རིང་སྲུང་དགོས་པ་མེད་དེ། ཐུབ་པས་ཀྱང་ལོ་དྲུག་དཀའ་བ་སྤྱད་མཛད་པས་ལོ་དྲུག་རིང་སྲུང་བས་ཆོག དེ་ནས་ཅི་བདེར་མཛོད་གསུངས། ལོ་དྲུག་སོང་རྗེས་རྗེ་གཙང་པ་དང་མཉམ་དུ་དབུས་གཙང་དུ་་བྱོན། ཆོས་ཟབ་མོ་མང་དུ་གསན། དགོང་ལོ་ཉི་ཤུ་རྩ་ལྔ་ལ་ཕེབས་སྐབས་རྗེ་གཙང་པ་གཤེགས། དེ་ནས་ཁ་རག་གི་རྩེ་མོ་ཇོ་མོ་གྲོ་སར་བཞུགས་པས་འཚོ་བ་ནི་མེད། སྟེང་དུ་གངས་རུད་ཆེན་པོ་བྱུང་ནས་ཆུ་མེ་ཤིང་ཡང་བླང་དུ་མེད་པར་བཞུགས་པ་དང་། དེ་བཞིན་ཇོ་མོ་གངས་དང་། སེ་མོ་དོ་རྣམས་སུ་དཀའ་བ་དཔག་ཏུ་མེད་པར་སྤྱད་པས་ནང་སེམས་ཀྱི་ནད་དང་ཕྱི་འབྱུང་པོའི་བར་ཆད་སོགས་ཐུགས་དམ་གྱི་གྲོགས་སུ་གྱུར་ནས་ནང་ཡེ་ཤེས་ཀྱི་སྟོབས་རྒྱས། མངོན་པར་ཤེས་པ་ཆེན་པོ་དང་ལྡན། དེ་ནས་ཆུ་མིག་དཀར་མོ་དང་། ཤིང་སྐམ་དང་། ལྕགས་སྤྱིལ་དང་། དབུ་རི་ལ་སོགས་པའི་དགོན་པ་ཕྲན་རེ་མཛད་ནས་གཞན་དོན་བསྐྱངས། ཁྱད་པར་དབུ་རིར་ལོ་བདུན་བཞུགས་པས་ཚོགས་པའང་སྟོང་ལྷག་ཙམ་འདུས། དེ་ནས་གླང་གི་ལོ་ལ་དཀར་པོ་ཆོས་ལུང་བཏབ། ཚོགས་པ་མང་དུས་ཁྲི་ཚོ་ལྷག་འཚོགས། ཐུགས་དམ་གསེར་གྱི་པོ་ཏི་མང་དུ་བཞེངས། ལྷོ་བྲག་མཁར་ཆུ་དང་མོན་བུམ་ཐང་དུ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ། ཐར་པ་གླིང་གི་དགོན་པ་ཕྱག་བཏབ། དེ་ནས་སེང་གེ་རིར་ཕེབས་ནས་བདེ་མཆོག་གི་དབང་ཆེན་གནང་། ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐྱེས་བུ་དམ་པ་འདི་ཉིད་ནི་གཏོང་བ་ཕུན་སུམ་ཚོགས་པ་དང་། ཞེན་ཆགས་མེད་པ། སྒྲུབ་པའི་སྙིང་རུས་དང་ལྡན་པ། མཁས་པའི་མཁྱེན་པ་ཡངས་པ། བརྩེ་བས་གཞན་དོན་སྒྲུབ་པ་སོགས་བྱང་ཆུབ་སེམས་དཔའི་ཚངས་སྤྱོད་དང་ལྡན་པ་ཞིག་ཡིན། མཐར་དགུང་ལོ་དྲུག་ཅུ་རེ་བཞི་ལ་ཕེབས་པ་རབ་བྱུང་བཞི་པའི་ལྕགས་ཁྱི་(༡༢༥༠)ལོའི་བོད་ཟླ་དགུ་པའི་ཉི་ཤུ་གཅིག་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།