ལོ་ཙཱ་བ་
འདི་རྒྱ་གར་སྐད་དེ། བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་པའི་དོན་ཡིན། དེ་ཡང་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་ལོ་ཙཱ་བས་མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་རྣམས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་བསྒྱུར་བ་དེས་རང་གི་མི་རིགས་ཀྱི་རིག་གནས་སྔར་ལས་ལྷག་པར་གོང་འཕེལ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་པ་དང། མི་རྣམས་ཀྱི་མཐོང་རྒྱ་ཆེ་རུ་འགྲོ་བའི་མིག་གཉིས་དང་འདྲ་བའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན། དེ་ལ་ལོ་ཙཱ་ཆེན་པོ་དང། མཆན་བུའི་ལོ་ཙཱ་བ་སྟེ་ལོ་ཆུང་གཉིས་ཡོད། ལོ་ཙཱ་བ་ཆེན་པོ་ནི་མི་རིགས་གཞན་གྱི་སྐད་ཡིག་ནས་རང་གི་མི་རིགས་ཀྱི་སྐད་ཡིག་ཐོག་བསྒྱུར་ཐུབ་པ་མ་ཟད། གཞན་དག་གིས་བསྒྱུར་བའི་ཡི་གེ་ལ་འགྱུར་བཅོས་དང་ཞུས་དག་མཛད་ཐུབ་པ་ཞིག་ཡིན། བོད་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཐོན་མི་སམ་བྷོ་ཌ་ནས། ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་བདུན་བརྒྱ་ལྷག་ཙམ་བྱུང་ཞིང། ཁོང་རྣམས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དོན་ཆེན་པོ་ལྔ་དང། གསང་སྔགས། སྒྲ། ཚད་མ། བཟོ། གསོ་བ་རིག་པ། སྐར་རྩིས། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ཀྱི་གཞུང་ཧ་ཅང་མང་པོ་ཞིག་རྒྱ་གར་དང། རྒྱ་ནག ཁ་ཆེ། ལི་ཡུལ། ཞང་ཞུང་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང། མང་པོ་ཞིག་ནི་མི་རིགས་གཞན་དག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་གོ་བདེ་བ་དང་བརྗོད་དོན་ཆ་ཚང་ཞིང་གནད་ལ་ཁེལ་བ་དེ་ལྟ་བུའི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་དང་། དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་རིག་གནས་ཞེས་གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པའི་རིག་གནས་ཀྱི་ནོར་མཛོད་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་འཇོག་པ་གནང་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།