Jump to content

ལོ་ཆེན་དྷརྨ་ཤྲཱི་

ཡོང་ཁུངས་Wikipedia

ཡབ་སྨྱོས་སྟོན་ཆེན་པོ་གསང་བདག་འཕྲིན་ལས་ལྷུན་གྲུབ་དང་ཡུམ་ཤེལ་དཀར་རྡོ་རྗེ་མཚོའི་སྤྲུལ་པ་ལྷ་འཛིན་དབྱངས་ཅན་སྒྲོན་མའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་རྟ(༡༦༥༤)ལོར་སྔགས་དགོན་དར་རྒྱས་གླིང་དུ་འཁྲུངས། མཚན་ལེགས་པ་དོན་གྲུབ་ཏུ་གསོལ། དགུང་ལོ་དགུ་ལ་ཡབ་གཤེགས་པས་གཅེན་ཆོས་རྒྱལ་གཏེར་བདག་པ་དང་ཡུམ་ཕྱོགས་ཐེགས་ཀྱིས་བཞུགས་ཁོམ་མ་བྱུང་བས། སྐྱེས་མའི་ཞལ་ཏ་མས་བསྐུལ་ཏེ་ངག་བསླབས་ཀྱི་གསོལ་འདེབས་ལེའུ་བདུན་མ་སོགས་དགོན་པའི་འདོན་ཆོས་ཀྱི་སྐོར་དང་། གསོལ་དཔོན་གྱིས་ཡི་གེ་འབྲི་ཀློག་བསླབས་པ་ཐུགས་ལ་ཆུབ་པར་མཛད། དགུང་ལོ་བཅུ་གཉིས་པར་རྫེ་གཏེར་ཆེན་བླ་མས་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་ནོད། དགུང་ལོ་བཅུ་གསུམ་པ་ལ་རྗེ་གཏེར་ཆེན་བླ་མར་གཙུག་ཕུད་ཕུལ་ཏེ་མཚན་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་གསོལ། དགེ་བསྙེན་གྱི་སྡོམ་པའང་ཐོབ། དགུང་ལོ་བཅུ་བཞི་པ་ལ་ཀ་ལཱ་པའི་མཚམས་སྦྱོར་ལྔའི་རི་མོ་ཙམ་དང་། བོད་ཡིག་བསྐྱར་སློབ་མཛད། དེའི་ཕྱི་ལོ་གུང་ཐང་པཎ་ཆེན་ལས་ཀ་ལཱ་པའི་བཤད་པ་དང་། ས་རིས་ཞུས་ནས། ཡོངས་རྫོགས་ཀྱི་རི་མིའི་རྒྱུགས་ཐུགས་ཐོག་ནས་གཙང་དག་སྡེབ་འབུལ་མཛད། དེ་རྗེས་སྡེབ་སྦྱོར་གྱི་བཤད་པ་དང་། ཞ་ལུ་ལོ་ཆེན་གྱི་ཀ་ལྰ་པའི་སྤྱིའི་ཊཱིཀ་གཉིས་ཀྱི་ལུང། གཞན་ཡང་ལཉྩ་དང་། དྷ་རི་ཀ ནཱ་ག་ར། ཝརྟུ། ཀསྣཱིར། རྒྱ་མཚོ་མཐའ་པུཀྐཾ་སྟེ་དགྲ་འཇོམས་ཀྱི་ཡི་གེ་སོགས་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། དགུང་ལོ་བཅོ་ལྔ་པ་ལ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་སྟེ་མཚན་ངག་དབང་ཆོས་དཔལ་ཞེས་བསྩལ་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་བདུན་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་ཁྱུར་ཞུགས་ཏེ་གར་ཐིག་དབྱངས་གསུམ་གྱི་ཕྱག་བཞིས་རྣམས་སྦྱངས། དགུང་ལོ་བཅུ་དགུ་པ་ལ་དོན་གྲུབ་དབང་རྒྱལ་གྱི་དྲུང་ནས་སྐར་རྩིས་ཀྱི་རིག་པ་ལྔ་བསྡུས་དང་། གཟའ་ལྔ། ཞག་གསུམ་རྣམ་པར་དབྱེ་བ། དུས་ཀྱི་སྦྱོར་བ་སོགས་ལ་འབད་པ་ལྷུར་ལེན་གྱིས་ལེགས་པར་བྱང་། ཕྱིས་སྟག་ལུང་པ་གྲུབ་ཆེན་ངག་དབང་གཟུངས་མཆོག་ལས་དབྱངས་ཅན་བྱཱ་ཀ་ར་ཎའི་ས་རིས། ཙནྡྲ་པའི་ཡི་གེའི་འདུལ་བ་དང་ཏིདྲ་མཐའ་སོགས་ལ་ཞིབ་བཤད་དང་། གཞུང་སྤྱི་ལའང་བཤད་པ་མཛད་པ་སོགས་ཕྱི་ནང་རིག་པའི་གནས་ལ་འབད་པ་ཆེན་པོས་གསན་བསམ་མཐའ་ཡས་པ་མཛད། དགུང་ལོ་ཉི་ཤུ་པ་ལ་ཏཱ་ལའི་བླ་མ་སྔ་པ་ཆེན་པོ་ལས་བསྙེན་པར་རྫོགས་ཟིན་ཀྱང་སླར་ཡང་གྲྭ་གཙང་དུ་སྨད་འདུལ་སྡོམ་རྒྱུན་ཁྱད་པར་བ་འདི་འཛུགས་བཞེད་ཀྱིས་ལྔ་པ་ཆེན་པོའི་བཀས་བསྐུལ་ནས་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་སྡོམ་རྒྱུན་འདི་བཞེས་ཏེ་གཅེན་རྒྱལ་སྲས་བསྟན་པའི་ཉི་མ་དང་། གུང་ཐང་པཎ་ཆེན་ལས་འདུལ་བའི་བརྡ་ཆད་དང་ཕྱག་ལེན་ལ་མཁས་པར་བསླབས། རབ་འབྱམས་པ་སངས་རྒྱས་ཆོས་དར་ལས་འདུལ་བའི་བཤད་རྒྱུན་ཡང་གསན་ནས་མཁས་པར་མཁྱེན། མཁན་ཆེན་འདིའི་སྐུ་རིང་ལ་ཆོས་གྲྭ་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུལ་བའི་གྲྭ་ས་དང་བ་འདྲེན་པ་འདི་བཞིན་ཚུགས། སྤྱིར་རྗེ་ཉིད་ཐོས་བསམ་གྱིས་སྒོ་འདོགས་བཅད་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་བསྒྲུབས་ཤིང་ཉམས་སུ་ལེན་པར་སོང་བས་མི་རྟག་འཆི་དྲན་གྱིས་བསྐུལ་ཏེ་བསླབ་པ་གསུམ་གྱི་དོན་ཉམས་སུ་བཞེད་པར་སྤྲོ་ཞིང་། འབད་པ་ཆེན་པོས་བསྐྱེད་རྫོགས་ཀྱི་གནད་སྒོམ་པའི་སྒྲུབ་པ་ལ་གཞོལ་པའི་སྐོར་མཐའ་ཡས་པ་མཆིས་སོ།། བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་རྫེ་ཉིད་ཀྱི་ཞལ་སློབ་ཏུ་གྱུར་པ་སྟེ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། ཡར་འབྲོག་གླིང་ཞབས་དྲུང་ཡབ་སྲས། ཕུན་ཚོགས་གླིང་དགེ་སློང་འབྱུང་གནས། གསང་སྔགས་གླིང་གདུང་རྒྱུད་མཆེད་བཅས། སྟག་སྣ་ཏྲེ་བོ་སྤྱུལ་པའི་སྐུ། གསུང་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་བཟང་རྡོ་རྗེ། དཔལ་རི་སྤྲུལ་པའི་སྐུ། ཐང་འབྲོག་སྤྲུལ་པའི་སྐུ། ཟང་ལ་མཁར་སྤྲུལ་པའི་སྐུ། བོན་ལུང་སྤྲུལ་པའི་སྐུ། ཆབ་མདོ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། མི་དབང་བསོད་ནམས་སྟོབས་རྒྱས། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་མཁས་པའི་དབང་པོ་ཇི་སྙེད་མཆིས། དེ་བཞིན་སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་ལ་འགྲེལ་པ་དང་། སྤྱི་དོན་དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་གཞག མདོ་དབང་སྐོར། རྒྱུད་དང་མན་ངག་གི་སྐོར། རྩིས་གཞུང་ཉིན་བྱེད་སྣང་བ། སྡེབ་སྦྱོར་ཕྱི་ནང་གི་ཆོས་སྤྱོད། བསྐྱེད་རྫོགས་ཀྱི་སྐོར་སོགས་ཕྱག་རྩོམ་དུ་མ་མཆིས། རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་པོར་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པར་སྒྲུབ་པས་ཐུབ་བསྟན་སྤྱི་དང་། བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲོ་བའི་མཆོད་སྡོང་དུ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་པོ་ཆེས་དུས་འདའ་བར་མཛད་དེ་དགུང་གྲགས་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཅུ་གཉིས་པའི་ས་ཁྱི(༡༧༡༨)ལོར་ཇུན་གར་བས་བོད་ལ་དཔུང་འཇུག་གིས་རྙིང་ལུགས་དགོན་གནས་གཏོར་ཅིང་བོད་ཀྱི་གྲགས་ཅན་བླ་ཆེན་འགའ་ཤས་ཀྱི་སྐུ་སྲོག་འཕྲོག་པས་སྔ་འགྱུར་བསྟན་པའི་མིག་རྒྱན་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ཡང་གདུག་པ་ཅན་དེས་བཀྲོང་ལ་ངེས་སྐབས་སྐྱེ་འཆི་ལ་མངའ་བརྙེས་པའི་སྐྱེས་བུ་དམ་པ་གང་གིས་དགྲ་ཡའི་རལ་གྲི་མ་བཞིས་པར་ཕོ་བ་སྤར་ཏེ་གཞན་དུ་གཤེགས་པར་གྲགས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།