ལེགས་ལྡན་དབང་བོ་
སྔོན་མིང་ལ་ཡང་ཏེང་དཔའ་བོ་དང་། ཡང་མིང་ལ་ལེགས་ལྡན་དབང་བོ་ཟེར། ཕ་ཡུལ་ཟི་ཁྲོན། རྒྱ་རྒྱུད་ཡིན་ཞིང་། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པར་རྩེད་ཐང་ལ་སྐྱེས་ཤིང་རབ་བྱུང་བཅུ་དྲུག་པའི་མེ་ཕག(༡༩༥༧)ལོར་འདས། ཆིང་དམག་ཕྱིར་འཐེན་བྱས་རྗེས། ཁོང་རྩེད་ཐང་ལ་འཁྱར་སྡོད་ཀྱིས་ཉིན་གླའམ་བྲན་གཡོག་རྒྱུགས་ནས་འཚོ་ཐབས་བྱས། རྗེས་སུ་བོད་རིགས་བུ་མོ་ཞིག་དང་བཟའ་ཚང་བསྒྲིགས། ལོ་ན་བཅུ་གཉིས་ལ་སོན་སྐབས་སྐྱོར་མོ་ལུང་ལྷ་མོ་ཚོགས་པར་ཞུགས་ནས་མིག་དམར་རྒྱལ་མཚན་ལས་སློབ་སྦྱོང་དང་འབད་པ་ལྷོད་མེད་བྱས་པར་བརྟེན་མཐར་འགྱུར་ཁུག་བདེ་བ་དང། ཉམས་འགྱུར་ཆེ་བ། སྙན་འཇེབས་ལྡན་པ་སོགས་ཀྱི་གདངས་དབྱངས་ཤིག་སྦྱངས་ཐུབ་པ་བྱུང་ཁར་ད་དུང་ཁོང་གིས་རང་ཉིད་ཀྱི་ཁྱད་ཆོས་ལ་དམིགས་ནས་དགོད་བྲོའི་ཟློས་གར་གྱི་སྒྱུ་རྩལ་ཆ་ཚང་དམིགས་སུ་བཀར་ནས་སྦྱངས་མཐར་རྗེས་སུ་《འགྲོ་བ་བཟང་མོ་》ནང་གི་གཟེ་མ་ར་མགོ་དང། 《བུ་མོ་སྣང་སའི》ནང་གི་བསོད་ནམས་དཔལ་སྐྱིད། 《གཟུགས་ཀྱི་ཉི་མ》ནང་གྱི་གན་དེ། ད་དུང་《པད་མ་འོད་འབར》ནང་གི་རྐྱང་མགྱོགས་བང་ཆེན་སོགས་ཀྱི་བོད་ཀྱི་རྒྱུན་སྲོལ་ལྷ་མོའི་ནང་གི་ལྡོག་ཕྱོགས་མི་སྣ་གྲགས་ཅན་ཚང་མ་ཁོང་གྱི་ཇི་མ་ཇི་བཞིན་དང་མངོན་སུམ་གསོན་རྗེན་དུ་འཁྲབ་སྟོན་ཐུབ་སྟེ་བོད་རིགས་མི་དམངས་ཀྱི་འཚོ་བ་སྤྲོ་སྣང་དང་རིག་གནས་སྒྱུ་རྩལ་གྱི་རྒྱུན་སྲོན་ཉམས་ལེན་ཐུབ་མཁན་ཞིག་ཏུ་གྱུར་པ་མ་ཟད། བྲོའི་སྒྱུ་གྱི་ཕུལ་བྱུང་སྙིང་བཅུད་འདོན་སྤེལ་གང་ལེགས་ཀྱིས་གཟིགས་མོ་བའི་མིག་ལམ་དུ་ལོངས་སུ་སྤྱོད་ཐུབ་པར་བརྟེན་ཁོང་དགུང་ལོ་དྲུག་ཅུར་སོན་ཉེར་དགོད་བྲོའི་འཁྲབ་སྟོན་གྱི་སྒྱུ་རྩལ་ཡང་བྱང་ཆུབ་པའི་གནས་སུ་འཕེལ་སྐབས་རྩེ་ཕྱག་སྨོན་གྲུབ་སྦུག་ནས་ “སྐྱོར་མོ་ལུང་དེང་བར་འཕེལ་རྒྱས་བྱུང་བ་དེ་ནི་ལེགས་ལྡན་དཔའ་བོ་དང། རྒྱ་ལུ་བསམ་གྲུབ། རྒྱ་ལུ་བསྟན་པ། ཐང་པ་པ་ཕྲུག་སོགས་སེང་གེ། སྟག་ཁྱུང། འབྲུག་བཞིན་སྒྱུ་རྩལ་ཐད་སོ་སོའི་ཐབས་འཁྲུལ་ཆ་ཚང་བ་ཞིག་ཡོད་པ་དེ་རེད་” ཅེས་ཚད་མཐོའི་བསྔགས་བརྗོད་གནང་། སྐབས་དེར་བཤད་སྲོལ་ལ་རྩེ་ཕྱག་ལས་ཁུངས་ནས་ཁོང་ཆེད་མངགས་གཞས་དཔོན་དུ་བསྐོ་གཞག་བྱས་ཀྱང་གློ་བུར་དུ་སྙུང་གཞི་ཕོག་ནས་སྟབས་མི་ལེགས་བར་ཚེ་ལས་འདས་སྐད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།