ལེགས་འབུལ་
ལེགས་འབུལ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ནང་གསེས་མཆོད་པ་ཕུལ་བའི་ཐ་སྙད་ཡིན་ལ། འདི་ནི་ལེགས་པར་སྦྱིན་པ་ཞེས་པའི་དོན་ལ་གོ་ཞིང་། དཀོན་མཆོག་གསུམ་ལ་དད་པ་དང་བཅས་ཏེ་ཡིད་ཡོངས་སུ་དག་པའི་སེམས་ཀྱིས་ཞིང་མཆོད་ཡོ་བྱད་རྣམས་ལེགས་པར་འབུལ་བའི་བཀའ་སྒྲུབ་ཆེན་མོ་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]"ལེགས་འབུལ་ནི་ལེགས་པར་སྦྱིན་པའོ། །"[༡]ཞེས་གསུངས་ཏེ། ལེགས་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་དང་སེམས་དང་བ་དྲག་པོས་ཏེ་མཆོད་ཡོ་བྱད་ཀྱི་ཁྱད་པར་དུ་གྱུར་པ་ཡིན་ལ། འབུལ་ཞེས་པ་ནི་སྦྱིན་པ་སྟེ་དམ་པའི་ཡོན་གནས་རྣམས་ལ་བདག་གིར་བྱས་ནས་ཕུལ་བའི་དོན་ལ་གོ་དགོས་སོ། །
ནང་དོན།
[རྩོམ་སྒྲིག]ལེགས་འབུལ་ཞེས་པ་ནི་ནམ་མཁའ་ཁམས་ཀྱི་མཐའ་ཡས་པ་ན་ཡོད་པའི་རྫས་སྣ་ཚོགས་རྣམས་བདག་པོ་ཡོད་མེད་ལ་མ་ལྟོས་པར། སེམས་ཀྱིས་ཏེ་བློས་བླངས་ནས་མཆོད་པའི་ཡུལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་དང་གུས་པ་ཐོག་ནས་འབུལ་བ་ལ་ཟེར། "དེ་ལྟའི་མཆོད་རྫས་རྣམས་བདག་གིས་བློ་ཡིས་བླངས་པའམ་ཡིད་ཀྱིས་བདག་གིར་བཟུང་ནས་མཆོད་པའི་ཡུལ་ཐུབ་པ་རྣམས་ཀྱི་དབང་པོ་སྐྱེས་བུ་ཡོངས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་སངས་རྒྱས་རྣམས་དང༌། དེ་དག་གི་སྲས་བྱང་ཆུབ་སེམས་དཔའི་འཁོར་དང་ བཅས་པ་རྣམས་ལ་ལེགས་པར་ཏེ་དད་དང་གུས་པས་དང་འཁོར་གསུམ་དག་པས་འབུལ་བར་བགྱི་ན།"[༢] ཞེས་པ་འདིས་ནི་སེམས་ཀྱི་ཁྱད་པར་དུ་གྱུར་པའི་མཆོད་པ་བྱ་ཕྱོགས་ལ་དམིགས་ནས་གསུངས་པ་ཡིན་ནོ། །
ཡོན་གནས་ཀྱི་དམ་པ་རྣམས་ལ་ཐུགས་བརྩེ་བ་འདེགས་ཚུལ།
[རྩོམ་སྒྲིག]ལེགས་འབུལ་གྱི་དམིགས་ཡུལ་ནི་ཡོན་གནས་ཀྱི་དམ་པ་རྣམས་ཡིན་ལ། དེ་རྣམས་ཀྱི་ཐུགས་བརྩེ་བ་འདེགས་ཚུལ་ལ། "གང་ལ་ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཡོན་གནས་ཀྱི་དམ་པའམ་ཞིང་གི་དམ་པ་བླ་ན་མེད་པ་སེམས་ཅན་ཀུན་ལ་ཕན་པར་དགོངས་ཤིང་དོན་མཛད་པར་བཞེད་པའི་ཐུགས་རྗེ་ཆེས་ཆེ་བའི་དཔལ་དང་ལྡན་པ་རྣམས་ཀྱིས་ཕོངས་ཤིང་རྒུད་པའི་སེམས་ཅན་བདག་ཅག་རྣམས་ལ་རྗེས་སུ་བརྩེ་བས་ཉེ་བར་དགོངས་ནས་བདག་གིས་བློས་བླངས་པའི་མཆོད་པ་འདི་དག་ཅི་བདེར་བཞེས་སུ་གསོལ་ཞེས་ཏེ་བདག་གིར་མཛོད་ཅིག་ཅེས་པའོ། །"[༣]ཞེས་འགྲེལ་བའོ། །ལེགས་འབུལ་གྱི་ཡུལ་ཐུབ་པ་ཞེས་པའི་དོན་ལ། "ཐུབ་པ་ཞེས་པའི་དོན་ནི་སྒོ་གསུམ་བསྲུང་བ་མེད་པར་ཡང་ཉེས་སྤྱོད་ཐམས་ཅད་རང་གི་ངང་གིས་བསྔམས་པའི་དོན་ཡིན་ལ།"[༤] ཞེས་གསུངས།
བདག་པོ་མེད་པའི་མཆོད་རྫས་བློ་ཡིས་བླངས་ཚུལ།
[རྩོམ་སྒྲིག]མཆོད་རྫས་བདག་པོ་མེད་པ་རྣམས་བློ་ཡིས་བླངས་ཚུལ་ལ། "ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་བཏུགས་པ་མཐའ་ཡས་པ་ན་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་བདག་གིས་བློ་ཡིས་བླངས་ནས་མཆོད་པའི་ཡུལ་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ་གུས་པས་ལེགས་པར་འབུལ་ན་"[༥]ཞེས་གསུངས།
ཡོན་གནས་ཀྱི་དམ་པ་རྣམས་ཀྱི་ཐུགས་རྗེ།
[རྩོམ་སྒྲིག]ལེགས་འབུལ་བའི་དམིགས་ཡུལ་ཡོན་གནས་ཀྱི་དམ་པ་རྣམས་ཀྱི་ཐུགས་རྗེ་ལ། "ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཡོན་གནས་ཀྱི་དམ་པ་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས་ཏེ་བདག་གི་མཆོད་རྫས་འདི་དག་བཞེས་ཤིག །"[༦]ཅེས་གསུངས།
རིན་ཆེན་བྱང་ཆུབ་སེམས་སྐྱེ་བའི་དོན།
[རྩོམ་སྒྲིག]ལེགས་འབུལ་གྱི་དམིགས་ཡུལ་ནི་རིན་ཆེན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་དོན་ཡིན་ཏེ། "རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བའི་དོན་དུ་འབུལ་ན། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྟེ་ཡོན་ཆུང་ངུ་ཙམ་ཕུལ་ན་འབྲས་བུ་ཆེན་པོ་སྦྱིན་པ་མཛད་པ་"[༧]ཞེས་གསུངས།
དཔེ་མཚོན།
[རྩོམ་སྒྲིག]ལེགས་འབུལ་བའི་ཕན་ཡོན་གྱི་དཔེ་མཚོན་ལ། "དཔེར་ན་སངས་རྒྱས་ལ་སྲན་རྡོག་བདུན་ཕུལ་བས་མི་དབང་ང་ལས་ནུ་དང་བྱེ་མ་སྤར་གང་གཏོར་བས་ཆོས་རྒྱལ་མྱ་ངན་མེད་དུ་གྱུར་པ་ལྟ་བུ་"[༨]ཞེས་འབྲི།
ལེགས་འབུལ་བའི་ཚུལ་ཁྲིམས། ལེགས་འབུལ་བའི་ཚུལ་ཁྲིམས་ལ། "གཡོ་དང་སྒྱུ་མེད་པར་ཕན་པར་བཞེད་པའི་ཐུགས་སྙིང་རྗེ་ཆེ་བ་རྣམས་ཀྱིས་བདག་ཅག་ལ་བརྩེར་དགོངས་ཞེས་ཐུགས་བརྩེ་བ་ཆེན་པོར་ཉེ་བར་དགོངས་ཏེ་བདག་གི་མཆོད་པ་འདི་དག་བཞེས་པར་མཛད་དུ་གསོལ་"[༩] ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]ལེགས་འབུལ་ཞེས་པ་ནི་མཆོད་རྫས་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལེགས་པར་འབུལ་བ་ཞེས་པའི་དོན་ཡིན། འདིའི་ཁྱད་ཆོས་ནི་བདག་པོ་མེད་པའི་མཆོད་རྫས་རྣམས་བློ་ཡིས་བླངས་ནས། དད་པ་དང་གུས་པ། འཁོར་གསུམ་དག་པའི་ཚུལ་གྱིས་ཡོན་གནས་ཀྱི་དམ་པ་རྣམས་ལ་འབུལ་བ་ཡིན། དེའི་དམིགས་ཡུལ་ནི་རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བ་དང་། ཡོན་ཆུང་ངུ་ཙམ་ཕུལ་ཀྱང་འབྲས་བུ་ཆེན་པོ་འབྱུང་བ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།