ལེགས་བཅོས་ལས་ཁུངས་
དེ་སྔ་བོད་ས་གནས་སྲིད་གཞུང་གི་གཤམ་འོག་ལས་ཁུངས་ཤིག་སྟེ། ཤིང་རྟ་(༡༩༥༤)ལོར་བཙུགས། དོ་དམ་བཀའ་བློན་གཅིག ཛ་མཁན་གཉིས། དྲུང་རྩིས་བརྒྱད། རྩེ་ཤོད་ལས་ཚན་པ་དང། དྲུང་དཀྱུས་བསྡོམས་མི་གྲངས་ཉི་ཤུ་སྐོར། གདན་ས་གསུམ་གྱི་བླ་སྤྱི་དང། གྲྭ་ཚང་སོ་སོའི་འཐུས་མི་བཅས་ཁྱོན་མི་གྲངས་དྲུག་ཅུ་སྐོར་ཡོད། དེའི་གཙོ་བའི་ལས་འགན་ནི་སྐབས་དེའི་སྲིད་གཞུང་གི་ལས་དོན་གང་ཅིའི་ཐད་ལ་རིམ་བཞིན་དུས་བསྟུན་ལེགས་བཅོས་བྱེད་དགོས་པ་དེ་ཡིན། ཐོག་མར་ཤིང་རྟ(༡༩༥༤)ལོ་ནས་བཟུང་རྒྱ་ཁྱབ་རྫོང་འགོ་དང་། གཞིས་སྡོད། བླ་གཉེར་ཁག་བཅས་གཞུང་འཛིན་གྱི་སེར་སྐྱ་མི་འགྲོ་སོ་སོར་རྫོང་གཞིས་རྒྱ་ཁྱོན་ལ་གཞིགས་པའི་ཕོགས་ཐོབ་སྤྲད་ཐོག་སོ་སོས་སྔར་གྱི་འབབ་དེབ་ནང་གསལ་གྱི་ཁྲལ་རིགས་གང་ན་ཅི་ཡོད་གཞུང་རྩིས་ཞུ་ཕྱོགས་ཐད་ལོ་ལྟར་རྫོང་གཙོ་གཞིསབྱེསའཁུར་མཉམ་ལེན་གྱིས་ཕུལ་བའི་བྱུང་སོར་རྩིས་ཁྲར་ལེགས་བཅོས་ལས་ཁུངས་ནས་ཧེ་བག་ཡོད་མེད་ཞིབ་འཇུག་རྩིས་ཞུ་བྱ་རྒྱུ་དང་། གཞན་ཡང་ལས་ཁུངས་ཆུང་རྩག་ཁག་ཁུ་བསྡུ་ཟླ་བསྒྲིལ། སྐྱེལ་འདྲེན་འགྲོ་ལམ་གྱི་འཕེལ་ཕྱོགས་དང་བསྟུན་གཞུང་དོན་ཕྱོགས་ཐོན་མི་སྣ་དང་། མཁོ་སྒྲུབ་སྐྱེལ་འདྲེན་རླངས་འཁོར་གསར་འཛུགས་སོགས་ཀྱི་ལས་འགན་ཡོད་པ་བཅས་ཡིན་ནོ།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།