ལེ་ལོ་
ལེ་ལོནི་ནང་པའི་ཆོས་ལུགས་ཀྱི་སེམས་བྱུང་གི་ཆ་ཤས་ཤིག་ཡིན་ཏེ། དགེ་བའི་ཕྱོགས་ལ་སེམས་མི་སྤྲོ་ཞིང་ལུས་སེམས་ལས་སུ་མི་རུང་བ་སྟེ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ་གོ་དགོས།
ངོ་བོ།
[རྩོམ་སྒྲིག]"དེ་ནི་གོ་ཆའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་སྒྱིད་ལུག་པའི་ལེ་ལོ་ཅན་ཡིན་ནོ། །"[༡]ཞེས་གསུངས་པ་ལྟར་སྒྱིད་ལུག་པ་ནི་ལེ་ལོའི་ངོ་བོ་ཡིན།
མཚན་ཉིད།
[རྩོམ་སྒྲིག]ཀུན་བཏུས་ལས། "ལེ་ལོ་གང་ཞེ་ན། ཉལ་བ་དང་སྙེས་པ་དང་འཕྲོས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པའི་སེམས་མི་སྤྲོ་བ་སྟེ་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །"ཞེས་གསུངས་པ་ལྟར། ཉལ་བ་དང་སྙེས་པ་སོགས་ལ་མངོན་པར་ཞེན་ནས་དགེ་བ་ལ་མི་སྤྲོ་བའོ།
དབྱེ་བ།
[རྩོམ་སྒྲིག]ལེ་ལོའི་དབྱེ་བ་ལ་གསུམ་ཡོད་དེ། སྙོམ་ལས་ཀྱི་ལེ་ལོ།ལུས་དང་སེམས་ལས་སུ་མི་རུང་ཞིང་དགེ་བ་ལ་མི་སྦྱོར་བར་ད་དུང་ལོང་ཡོད་སྙམ་པའི་ཕྱི་བཤོལ་བྱེད་པའི་སྒོ་ནས་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོའོ། །བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ། མི་དགེ་བ་དང་རྒོད་པ་དང་སྒེག་པ་ལ་སོགས་པའི་བྱ་བ་དམན་པ་ལ་དགའ་ཞིང་ཆགས་པས་ཟིལ་གྱིས་ནོན་པ་ནི་བྱ་བ་ངན་པ་ལ་ཞེན་པ་ཉིད་ཀྱི་ལེ་ལོའོ། །བདག་ཉིད་བརྙས་པའི་ལེ་ལོ། དགེ་བའི་ཕྱོགས་དཀའ་བའི་ལས་སྒྲུབ་པ་ལ་སྲོ་ཤི་ཞིང་སྒྱིད་ལུག་ནས་བདག་ལྟ་བུས་སྒྲུབ་ག་ལ་ནུས་སྙམ་དུ་རང་ལ་སྨོད་པ་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོའོ། །"བརྩོན་འགྲུས་དེ་ཡི་མི་མཐུན་པའི་ཕྱོགས་ངོས་བཟུང་ནས་སྤོང་ཚུལ་བཤད་པར་བྱ་སྟེ། སྙོམ་ལས་འཛིན་པའི་ལེ་ལོ་དང་བྱ་བ་ངན་པ་ལ་ཞེན་པ་ཡི་ལེ་ལོ་དང་། སྒྱིད་ལུགས་བདག་ཉིད་བརྙས་པ་ཞེས་བདག་ཉིད་བརྙས་པའི་ལེ་ལོའོ། །"[༢]ཞེས་དབྱེ་བ་ལེགས་པར་གསུངས་སོ། །
ལེ་ལོ་སྐྱེ་བའི་རྒྱུ།
[རྩོམ་སྒྲིག]རིན་ཆེན་ཕྲེང་བ་ལས། "སྙོམ་ལས་བརྩོན་པ་མེད་པའི་ལུས། །"ཞེས་པ་ལྟར་དགེ་བ་སྒྲུབ་པ་ལ་མི་རྩོལ་བར་ལུས་སེམས་དལ་དུ་འདུག་པའི་སྙོམ་ལས་ལ་བདེ་བར་བཟུང་ནས་དེ་ལ་མངོན་པར་སྲེད་པས་བདེ་བ་དེའི་རོ་མྱང་བ་དང་། གཉིད་ཀྱིས་ནོན་པའི་དབང་དུ་གྱུར་ནས་ཉལ་བ་དང་སྙེས་པ་ལ་སོགས་པ་ལ་བརྟེན་པའི་སྲེད་པ་མངོན་པར་འཕེལ་བ་ཡིས་ཀྱང་ལེ་ལོ་སྐྱེད་པར་བྱེད་དོ། །
འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་མེད་པ།
[རྩོམ་སྒྲིག]འཁོར་བའི་སྡུག་བསྔལ་མི་སྐྱོ་བ་ལས་སྐྱེས་པའི་སྙོམ་ལས་ནི་ལེ་ལོ་སྐྱེ་བའི་རྒྱུ་གཙོ་བོ་ཞིག་ཡིན། "འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ།"[༣] ཞེས་གསུངས་པ་ལྟར། སྐྱོ་བ་དང་བྲལ་བས་གང་ཞིག་མི་རྩོལ་བ་ནི་བྱེད་པ་དང་བྲལ་བ་ཡིན།
ལེ་ལོའི་གནོད་སྐྱོན།
[རྩོམ་སྒྲིག]དྲན་པ་ཉེར་གཞག་ལས། "ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །"ཞེས་གསུངས་པ་ལྟར་བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་དཀར་ཆོས་ཀུན་གྱིས་ཕོངས་ཏེ་གནས་སྐབས་དང་མཐར་ཐུག་གི་སྐྱེས་བུའི་འདོད་པའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་བའོ། །
ལེ་ལོའི་གཉེན་པོ།
[རྩོམ་སྒྲིག]"ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་རོ། །"[༤]ཞེས་གསུངས་པ་ལྟར་དད་པ་དང་འདུན་པ་དང་བརྩོན་འགྲུས་དང་ཤིན་སྦྱངས་བཞི་ནི་ལེ་ལོའི་གཉེན་པོ་ཡིན། མི་རྟག་པ་བསམ་པ། ཚེ་འདི་མི་རྟག་པ་བསམ་ནས་ལེ་ལོ་འགོག་པར་བྱེད། བཤེས་སྤྲིང་ལས། "ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །"ཞེས་གསུངས་པ་ལྟར། "མྱུར་བ་ཉིད་དུ་འཆི་འགྱུར་བས་ཇི་སྲིད་འཆི་བར་མ་ཐུག་པ་དེ་སྲིད་དུ་ནི་ཚོགས་བསགས་བྱའི་འཆི་བས་ཐུག་པ་དེའི་ཚེ་ལེ་ལོ་སྤངས་ཀྱང་ནི་དགེ་བ་སྒྲུབ་པར་ནུས་པའི་དུས་མ་ཡིན།"[༥]ཞེས་གསུངས་སོ། །
སྐྱོ་བ་བསྒོམ་པ།
[རྩོམ་སྒྲིག]འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་བཟློག་པའི་དོན་དུ་སྐྱོ་བ་བསྒོམ་པ་ནི་ལེ་ལོ་འགོག་པའི་ཐབས་གནད་ཆེ་ཞིག་ཡིན། "དེའི་ཕྱིར་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་བཟློག་པའི་དོན་དུ་འདིར་སྐྱོ་བ་བསྒོམ་པ་འདི་མངོན་དུ་བྱའོ་ཞེས་བྱ་བར།"[༦] ཞེས་གསུངས།
མི་རྟག་པའི་དཔེ་ཁག
[རྩོམ་སྒྲིག]"དཔེར་ན་ཉ་བ་རྣམས་ཀྱིས་ཉ་རྣམས་དེད་ནས་ཉ་རྒྱའི་ནང་དུ་བཙུད་ནས་གསོད་པ་ལྟར་ཆགས་སྡང་སོགས་ཉོན་མོངས་རྒྱ་བས་ཏེ་ཉ་རྒྱ་འཛིན་པའི་ཉ་བ་དང་འདྲ་བས་བཤོར་བའམ་དེད་ནས་ནི་ཁམས་གསུམ་འཁོར་བའི་སྐྱེ་བའི་རྒྱར་ཏེ་རྒྱ་མོ་ཆེ་བའི་ནང་དུ་ནི་ཆུད་པར་གྱུར་ནས་བཟུང་སྟེ་མགོ་གཅིག་ཏུ་ལུང་སྟོན་པ་འཆི་བས་ཁྱབ་པ་ཡིན་པས་འཆི་བདག་གཤིན་རྗེ་བརྩེ་བ་མེད་པའི་ཁར་ནི་སོང་སྟེ་ངེས་པར་འཆི་བར་གྱུར་པ་ཡིན་པ་ཅི་སྟེ་ད་དུང་ཁྱོད་ཀྱིས་མི་ཤེས་སམ་སྟེ་ཤེས་པར་བྱས་ནས་མྱུར་དུ་དགེ་བ་ལ་བརྩོན་པར་བྱའོ། །"[༧]ཞེས་གསལ་བར་གསུངས་སོ། །
བསྡུས་དོན།
[རྩོམ་སྒྲིག]ལེ་ལོ་ཞེས་པ་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཏེ་དགེ་བའི་ལས་ལ་མི་སྤྲོ་ཞིང་སྙོམ་ལས་དང་རྣམ་གཡེང་སོགས་ལ་ཞེན་ནས་དེ་ལ་སྐྱོན་དུ་མི་ལྟ་བའི་སེམས་ཀྱི་ཆ་རྐྱེན་ལ་གོ་དགོས། དེས་འཁོར་བ་ལས་སྐྱོ་བར་མི་བྱེད་པར་སྲེད་པ་དང་ཞེན་པ་འཕེལ་བར་བྱེད། ལེ་ལོ་སྤོང་བའི་ཐབས་ནི་མི་རྟག་པ་ངེས་པར་འཆི་བ་ལ་བསམ་པས་བརྩོན་འགྲུས་ཀྱི་ལྕགས་འདེབས་པ་ཡིན་ནོ། "ཆོས་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་དུ་རང་གི་ལེ་ལོ་འདོར་ཞིང་ནང་གི་རྣལ་འབྱོར་ལ་རབ་ཏུ་བརྩོན་པ་འདི་དག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཤེས་པར་བྱའོ། །"[༨]ཞེས་གསུངས་པ་ལྟར་ལེ་ལོ་སྤོང་བ་ནི་ཕྱིར་མི་ལྡོག་པའི་རྟགས་ཀྱང་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།