ལུས་བཏུད་པ་
ལུས་བཏུད་པ་ཞེས་པ་ནི་དཀོན་མཆོག་གསུམ་དང་བླ་མ་སོགས་ལ་གུས་པ་དང་བཅས་ཏེ་ལུས་ཀྱིས་ཕྱག་འཚལ་བ་སྟེ་ལག་པ་གཉིས་ཐལ་མོ་སྦྱར་ཏེ་གནས་གསུམ་དུ་གཏུགས་ཤིང་ཡན་ལག་ལྔ་ས་ལ་བཏུད་པའོ། །
ལུས་བཏུད་པའི་ཁྱབ་ཚད།
[རྩོམ་སྒྲིག]དུས་ཀྱི་ཁྱབ་ཚད། ལུས་བཏུད་པ་ནི་"འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་བྱོན་གཤེགས་བཞུགས་པར་མཛད་པའི་རྫོགས་པའི་སངས་རྒྱས་ཀུན་"[༡]ལ་ཕུལ་བ་ཡིན་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་ལ་གོ་དགོས། "ཕྱོགས་བཅུའི་ཞིང་མཐའ་ཡས་པ་ན་འདས་པ་དང་མ་འོངས་པ་དང་ད་ལྟ་སྟེ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀུན་"[༢]ཞེས་གསུངས་པ་ལྟར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་བཞུགས་པའི་དུས་གསུམ་གྱི་སངས་རྒྱས་ཀུན་ལ་ཕྱག་འཚལ་བ་ཡིན་ནོ། །ཡུལ་གྱི་ཁྱབ་ཚད། ལུས་བཏུད་པ་ནི་སངས་རྒྱས་ཙམ་དུ་མ་ཟད་"ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་དང་ཚོགས་ཀྱི་མཆོག་བྱང་སེམས་འཕགས་པའི་དགེ་འདུན་དང་བཅས་པ་ཀུན་"[༣]ལ་ཕུལ་བ་ཡིན་ནོ། །"ལུང་དང་རྟོགས་པའི་དམ་པའི་ཆོས་དང་ཚོགས་རྣམས་ཀྱི་མཆོག་འདུས་ནས་འབྲལ་བ་མེད་པ་དགེ་འདུན་དང་བཅས་པ་རྣམས་"[༤]ཞེས་གསུངས་པ་ལྟར་དཀོན་མཆོག་གསུམ་དང་ཚོགས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ལའོ། །
ལུས་བཏུད་པའི་ཚད་གྲངས།
[རྩོམ་སྒྲིག]སྤྲུལ་པའི་ཚད་གྲངས། ལུས་བཏུད་པ་ནི་རང་གི་ལུས་རྐྱང་པ་ཙམ་དུ་མ་ཟད་"སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ལུས་སྤྲུལ་"[༥]ཏེ་ཕྱག་འཚལ་དགོས་པ་ཡིན་ནོ། །"ཕྱོགས་བཅུའི་ཞིང་གི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་"[༦]ཞེས་གསུངས་པ་ལྟར་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་ཀྱི་ལུས་སྤྲུལ་ཏེ་ཕྱག་འཚལ་བ་ཡིན་ནོ། །"ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་སྙེད་ཀྱི་ལུས་བཏུད་"[༧]ཅེས་གསུངས་པ་ལྟར་ཞིང་ཁམས་ཀུན་གྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ལུས་སྤྲུལ་ཏེ་ཕྱག་འཚལ་བ་ཡིན་ནོ། །
ལུས་བཏུད་པའི་ཚུལ།
[རྩོམ་སྒྲིག]ལུས་ཀྱི་སྤྱད་ཚུལ། ལུས་བཏུད་པ་ནི་"ཡན་ལག་མ་ལྔ་ས་ལ་རབ་ཏུ་བཏུད་"[༨]ནས་ཕྱག་འཚལ་བ་ཡིན་ཏེ་ཡན་ལག་ལྔ་ནི་མགོ་དང་ལག་པ་གཉིས་དང་རྐང་པ་གཉིས་ཏེ་ལྔ་པོ་དེ་དག་ས་ལ་བཏུད་པ་ལ་གོ་དགོས། "གུས་པས་ཐལ་མོ་གནས་གསུམ་དུ་གཏུགས་ཏེ་ལུས་ཐམས་ཅད་ས་ལ་ཕབ་པའམ་མ་ལྔ་ས་ལ་ཕབ་པ་"[༩]ཞེས་གསུངས་པ་ལྟར་ཐལ་མོ་སྦྱར་ཏེ་གནས་གསུམ་དུ་གཏུགས་ཤིང་ལུས་ཐམས་ཅད་ས་ལ་ཕབ་པའམ་ཡན་ལག་ལྔ་ས་ལ་ཕབ་པ་ཡིན་ནོ། ། ལུས་སྤྲུལ་པའི་ཚུལ། ལུས་སྤྲུལ་པ་ལ་ཡང་ཁྱད་པར་ཞིག་ཡོད་དེ། "ལུས་རེ་རེ་ལ་ཡང་མགོ་དང་ལག་པ་དང་ལྕེ་དཔག་མེད་སྤྲུལ་ནས་ལུས་རེ་རེས་ཀྱང་ཡན་ལག་སྨད་ལྔ་བཏུད་པ་དང་ལྕེ་རེ་རེས་ཀྱང་བསྟོད་བསྔགས་བྱེད་པར་མོས་"[༡༠]པ་དགོས་ཞེས་གསུངས་པ་ལྟར་སྤྲུལ་པའི་ལུས་སོ་སོ་ནས་ཡང་མགོ་དང་ལག་པ་དང་ལྕེ་དཔག་ཏུ་མེད་པ་སྤྲུལ་ཏེ་ཕྱག་འཚལ་ལ་བསྟོད་བསྔགས་བྱེད་པར་མོས་པ་དགོས་པ་ཡིན་ནོ། །
ལུས་བཏུད་པའི་ཡན་ལག
[རྩོམ་སྒྲིག]ལུས་ཀྱི་ཡན་ལག་ལུས་བཏུད་པ་ནི་ལུས་ཀྱི་ཡན་ལག་ཙམ་དུ་མ་ཟད། "ངག་གིས་ཕྱག་འཚལ་བའི་ཚིག་བརྗོད་ཅིང་ཡིད་གུས་པ་དང་བཅས་པས་ནི་བདག་གིས་ཕྱག་འཚལ་"[༡༡]ཞེས་གསུངས་པ་ལྟར་ལུས་ངག་ཡིད་གསུམ་གྱི་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་བ་ཡིན་ནོ། ། ངག་གི་ཡན་ལག ངག་གི་ཡན་ལག་ནི་"ངག་གུས་པས་ཕྱག་འཚལ་གྱི་ཚིག"[༡༢]བརྗོད་པ་ཡིན་ཏེ་གུས་པ་དང་བཅས་ཏེ་ཕྱག་འཚལ་བའི་ཚིག་སྨྲ་བའོ། ། ཡིད་ཀྱི་ཡན་ལག ཡིད་ཀྱི་ཡན་ལག་ནི་"ཡིད་གུས་པས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་ཏེ་གུས་ཤིང་དད་པས་"[༡༣]ཕྱག་འཚལ་བ་ཡིན་ཏེ་ཡིད་ཀྱིས་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ཏེ་གུས་པ་དང་དད་པ་སྐྱེས་ནས་ཕྱག་འཚལ་བ་ལ་གོ་དགོས།
བསྡུས་དོན།
[རྩོམ་སྒྲིག]ལུས་བཏུད་པ་ནི་དཀོན་མཆོག་གསུམ་དང་བླ་མ་སོགས་ལ་ལུས་ངག་ཡིད་གསུམ་གྱིས་གུས་པ་དང་བཅས་ཏེ་ཕྱག་འཚལ་བ་ཡིན། དུས་ཀྱི་ཆ་ནས་དུས་གསུམ་གྱི་སངས་རྒྱས་ཀུན་ལ་ཡིན་ལ། ཡུལ་གྱི་ཆ་ནས་དཀོན་མཆོག་གསུམ་དང་ཚོགས་ཀྱི་མཆོག་བྱང་ཆུབ་སེམས་དཔའ། སྐུ་ཡོད་པ་དང་མེད་པའི་མཆོད་རྟེན་ཀུན་ལ་ཡིན་ནོ། །ཚད་གྲངས་ཀྱི་ཆ་ནས་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ལུས་སྤྲུལ་ཏེ་ཕྱག་འཚལ་བ་ཡིན། ཚུལ་གྱི་ཆ་ནས་ཡན་ལག་ལྔ་ས་ལ་བཏུད་པ་དང་ལུས་ངག་ཡིད་གསུམ་གྱིས་གུས་པ་དང་བཅས་ཏེ་ཕྱག་འཚལ་བ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།