ལུས་ཀྱི་དཀའ་སྤྱད་

ཡོང་ཁུངས་Wikipedia

དགེ་སྦྱོང་གོ་ཏ་མ་འཁོར་མཆེད་གྲོགས་དང་བཅས་སློབ་དཔོན་ལྷག་སྤྱོད་ཀྱི་མདུན་ནས་ཐོན་རྗེས་སྔར་བཞིན་ཡུལ་ལུང་གཅིག་ནས་གཅིག་ཏུ་བརྒྱུད་དེ་གནས་ངེས་མེད་དུ་འཁྱམས་ཤིང་ཉུལ་ལོ། །གང་འཚམ་སོང་རྗེས་གོ་ཏ་མའི་དགོངས་པར། ཟས་གཅོད་ཀྱི་དཀའ་ཐུབ་དེ་ནི་བདེན་པ་མཐོང་བའི་ཐབས་ལམ་རྨད་དུ་བྱུང་བ་དེ་རེད་སྙམ་དུ་དགོངས་ནས། སྨྱུང་བར་གནས་པའི་སྒོ་ནས་ཉམས་ལེན་ལ་གཞོལ་བར་མཛད། དང་ཐོག་ཁོང་གིས་ཁ་ཟས་ཉུང་ངུ་རེ་བསྟེན་ཅིང་། དེ་ནས་རིམ་བཞིན་ཟླ་ངོ་མང་པོའི་རིང་ཉིན་རེར་ཟས་ཐུན་གཅིག་རེ་ལས་མ་བཞེས་པར་བཞུགས་ཤིང་། རིམ་གྱིས་ཉིན་གཉིས་ཀྱི་ནང་ཟས་ཐུན་གཅིག་རེ་དང་། མཐར་ཉིན་གསུམ་གྱི་ནང་དུ་ཟས་ཐུན་གཅིག་རེ་ལས་མ་བཞེས་བར་སྨྱུང་གནས་ཀྱི་ཉམས་ལེན་གདམས་པའི་མཐིལ་དུ་བཟུང་། དེ་ཡང་ཁོང་ལ་བཞེས་རྒྱུ་ནི་རྩི་ཤིང་གི་རྩ་བ་དང་ཤིང་གི་ལོ་མ་ལས་མེད་ཅིང་། བཏུང་བ་ཡང་ཤིང་གི་ལོ་མ་དང་ཤིང་ཏོག་སྣ་ཚོགས་ཀྱི་ཁུ་བ་ལས་གཞན་མེད་པས། ཁོང་གི་སྐུ་གཟུགས་ལ་ཟས་བཅུད་ཀྱིས་མ་འདང་བས་ཞབས་གཉིས་ནི་སྨྱུག་མའི་སྡོང་པོ་ཞིག་དང་མཚུངས་པར་སྐམ་ཞིང་རིད་ལ་སྒལ་ཚིགས་རྣམས་ཀྱང་ཐག་པ་ལྟར་གྱུར། གཞན་ཡང་བྲང་ཁོག་གི་རྩིབ་མ་རྣམས་ནི་ཐོག་ཁེབས་མ་བཀབ་པའི་རྩིག་གྱང་ལ་རྒྱུག་འཕྲེད་བསྟར་བ་ཇི་བཞིན་ཁྲ་རབ་བེར་གྱུར། མ་ཟད་ཁོང་གི་སྤྱན་རིལ་གཉིས་ཀྱང་ཁྲོན་པའི་ནང་དུ་རྡོ་རིལ་ལྷུང་བ་ལྟར་གཡས་ཕྱོགས་སུ་ལྟིབ་པར་གྱུར་ཅིང་། སྐུ་ལུས་ཀྱི་པགས་པ་ཡང་སྐམ་ལ་གཉེར་མས་ཁེངས་ཤིང་དབུ་ཡི་སྐྲ་ལོ་རྣམས་ཀྱང་ཐང་ལ་ཟགས། དངོས་གནས་དགེ་སྦྱོང་གོ་ཏ་མ་ནི་ཀེང་རུས་གསོན་པོ་ཞིག་དང་མཚུངས་པར་ཤ་མེད་རུས་སྒྲོམ་ཞིག་ཏུ་གྱུར་ཏོ། ། དེ་དུས་ད་དུང་ཁོང་གི་དགོངས་པར། ལུས་ཀྱི་དཀའ་བ་སྤྱད་པ་ནི་མཐར་ཐུག་ཅིང་བླ་ན་མེད་པའི་བདེ་སྐྱིད་སྐྲུན་བྱེད་ཀྱི་ལམ་བུ་གཅིག་པུ་དེ་རེད་དགོངས་ནས། ལྟོགས་སྐོམ་ལ་བཟོད་བསྲན་དང་། ལུས་ཀྱི་དཀའ་ཐུབ་ཀྱི་སྒོ་ནས་མུ་མཐུད་ཏིང་ངེ་འཛིན་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ནའང་། ད་དུང་ཁོང་གི་ཐུགས་རྒྱུད་ལ་ཉམས་རྟོགས་ཀྱི་རིགས་གསར་པ་གང་ཡང་འཁྲུངས་མེད། དེ་བཞིན་ལུས་དང་ཡིད་ཀྱི་དཀའ་སྤྱད་ལ་བརྟེན་པའི་ཐབས་ལམ་གཞན་པ་ཞིག་ནི་དབུགས་འབྱུང་རྔུབ་ཀྱི་ཉམས་ལེན་ཏེ། དུས་ཡུན་རིང་པོའི་བར་དབུགས་ནང་དུ་བསྒོམས་ཏེ་དབུ་དང་སྙན་གྱིས་གཙོས་པའི་སྐུ་གཟུགས་ཡོངས་ལ་ན་ཟུག་གི་དཀའ་ངལ་མ་བྱུང་བར་དུ་དབུགས་གཏོང་ལེན་གྱི་ཉམས་ལེན་ལ་གཞོལ་བར་མཛད། དེ་ལྟར་ཁོང་གིས་གྲོགས་མེད་ཁེར་རྐྱང་དུ་ཉམས་ལེན་གནང་ཞིང་། ཚེས་ཆེན་བཅོ་ལྔ་དང་གནམ་གང་སོགས་དུས་ཆེན་ཁག་གི་མཚན་མོར་ནགས་ཀླུང་ཁྲོད་དང་། ཡང་ན་དུར་ཁྲོད་སོགས་མི་མེད་ལུང་སྟོང་གི་དབེན་གནས་སུ་ཕེབས་ཏེ་སྒོམ་གྱི་ཉམས་ལེན་ལ་གཞོལ་བར་མཛད། དང་ཐོག་ཁོང་དེ་འདྲའི་འབྲོག་དགོན་དུ་བྱོན་ཏེ་གཏུམ་དྲག་ཅན་གྱི་གཅན་གཟན་སོགས་ཡོང་བ་མཐོང་དུས་ཁོང་ལ་འཇིགས་སྣང་དང་དངངས་ཚབ་སྐྱེས་ཀྱི་ཡོད་ན་ཡང་། འཇིགས་སུ་རུང་བའི་དབེན་གནས་དེ་དག་ནས་ཡུལ་ལུང་གཞན་གང་དུའང་བྲོས་བྱོལ་མ་བྱས་པར། སྤོབས་པ་ཆེན་པོའི་ཐོག་མུ་མཐུད་སྒོམ་གྱི་ཉམས་ལེན་ལ་བརྩོན་པར་མཛད། སྐབས་དེ་དུས་ཁོང་གིས་དུར་ཁྲོད་དང་ཡང་ན་གད་སྙིགས་སྤུངས་པའི་ཁྲོད་ནས་རྙིང་རལ་དང་ཙབ་རལ་དུ་ཕྱིན་པའི་གྱོན་གོས་རྣམས་བསྒྲུགས་ཏེ་མནབས་ཤིང་། ཚད་པ་ཆེ་བའི་དབྱར་གཞུང་གི་མཚན་དུས་སུ་ཁོང་ཁང་པའི་ནང་ལ་བཞུགས་ཤིང་ཉིན་མོར་འབར་ལ་ཁད་པའི་ཚད་པའི་ཁྲོད་ཁང་པའི་ཕྱི་ལ་བཞུགས། ད་དུང་གྲང་ངར་ཆེ་བའི་དགུན་ཁའི་མཚན་དུས་སུ་འཁྱགས་པས་བསྡམས་པའི་ཆུ་མོ་ཡི་དཀྱིལ་དུ་རྒྱུན་རིང་བཞུགས་ཏེ་ལུས་ཀྱི་དཀའ་བ་སྤྱད་པས། ཁོང་གི་ལུས་སེམས་གང་ཐད་ལ་དཀའ་སྡུག་ཇེ་ཆེ་ནས་ཇེ་ཆེར་ཕྱིན། སྤྱིར་དགེ་སྦྱོང་གོ་ཏ་མ་ཁོང་གིས་དཀའ་སྤྱད་ཀྱི་བརྒྱུད་རིམ་ཁྲོད་དཀའ་སྡུག་དང་ན་ཟུག་སོགས་གང་འདྲ་ཞིག་བྱུང་མིན་ལ་མ་ལྟོས་པར་ལོ་ངོ་ཧྲིལ་པོ་དྲུག་གི་རིང་། མུ་མཐུད་དེ་ལྟའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ན་ཡང་ད་དུང་ཉམས་རྟོགས་གསར་བ་གང་ཡང་ཐུགས་ལ་མ་འཁྲུངས་སྟབས། ཁོང་གི་དགོངས་པར། འདི་ལྟ་བུའི་དཀའ་སྤྱད་སྡུག་རུས་ཁོ་ནའི་ཉམས་ལེན་བྱེད་པ་ནི་ཤེས་རབ་འཚོལ་བའི་ཐབས་ལམ་ཞིག་མ་རེད་དགོངས་སོ། ། ཉིན་གཅིག་དགེ་སྦྱོང་གོ་ཏ་མ་ཨུ་རུ་ཝེ་ལ (URUVELA) ཞེས་པའི་ཡུལ་ལུང་ཞིག་ཏུ་དྲན་པ་འཐོར་ཏེ་བརྒྱལ་བ་ན། ར་རྫི་ཞིག་གིས་མཐོང་ནས་ཁོང་ལ་འོ་མ་ཕུལ་བས་སྔར་ལས་ཅུང་དྭངས་བསྐྱེད་དུ་ཕྱིན། དུས་དེ་ནས་བཟུང་ཁོང་གི་སྐུ་གཟུགས་ཀྱི་གནས་བབ་རང་སོར་ཆུད་ཕྱིར་འོ་མ་དང་ཟས་རིགས་སོགས་ཅུང་མང་ཙམ་བཞེས། སྐབས་དེར་ཁོང་གི་མཆེད་གྲོགས་ལྔ་པོས་དགེ་སྦྱོང་གོ་ཏ་མས་ཟས་བཅད་སྨྱུང་གནས་ཀྱི་ཉམས་ལེན་དོར་བ་མཐོང་བས། ཁོང་ཚོའི་འདོད་བློ་ཡེ་ནས་མ་ཚིམས་པར་དགེ་སྦྱོང་གོ་ཏ་མ་གཅིག་པུར་བཞག་སྟེ་ཁོང་རྣམས་ཡུལ་ཕྱོགས་གཞན་ཞིག་ཏུ་ཕྱིན་ཏོ། །


གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།