ལུང་བསྟན་
ལུང་བསྟན་ཞེས་པ་ནི་སངས་རྒྱས་ཀྱིས་སྒྲུབ་པ་པོ་གང་ཞིག་མ་འོངས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་མངོན་སུམ་དུ་བསྟན་པའི་གསུང་གི་དབང་ཕྱུག་ལ་ཟེར། སྤྱིར་སངས་རྒྱས་ཀྱི་མཁྱེན་པས་སེམས་ཅན་གྱི་རྒྱུད་ཀྱི་ཁྱད་པར་མཐོང་ནས་དེ་དག་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ངེས་པ་གསལ་བར་བསྟན་པ་འདི་ལ་ལུང་བསྟན་ཞེས་ཟེར།
སྒྲ་བཤད།
[རྩོམ་སྒྲིག]ལུང་ཞེས་པ་ནི་བཀའ་དང་གསུང་གི་དོན་ཡིན་ལ། བསྟན་ནི་གསལ་བར་བཤད་པའམ་ཉིད་དུ་བསྟན་པའི་དོན་ཡིན། དེས་ན་ལུང་བསྟན་ཞེས་པ་ནི་བཀའ་ཡིས་གསལ་བར་བསྟན་པའམ། གསུང་གིས་ངེས་པར་སྟོན་པའི་དོན་དུ་ཚིག་གི་རང་བཞིན་ལས་གྲུབ།
ངེས་ཚིག
[རྩོམ་སྒྲིག]ལུང་བསྟན་ཞེས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་ངེས་པར་སྟོན་པའི་གསུང་མཆོག་ལ་ཟེར། ཐེག་པ་ཆེན་པོའི་ལམ་ལ་ངེས་པར་ཞུགས་ཤིང་ལམ་ཤེས་པའི་གོ་སྐབས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་རྣམས་ཀྱིས་ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པ་འདི་ཉིད།
མཚན་ཉིད།
[རྩོམ་སྒྲིག]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་དུ་མཐུན་པར་སྤྱོད་པ་དེ་ལ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཐོབ་པར་ངེས་པར་བསྟན་པ་དེ་ལ་ཟེར། "དེ་ལ་ནི་སྔོན་གྱི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །"[༡]ཞེས་གསུངས།
ནང་དོན།
[རྩོམ་སྒྲིག]"བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །"[༢]ཞེས་གསུངས། "གང་གི་ཚེ་ཤཱཀྱའི་རྒྱལ་པོ་ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་འདི་དང་རྣམ་པ་ཐམས་ཅད་དུ་རྗེས་སུ་མཐུན་པར་སྨྲ་བར་གྱུར་པ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་དམ་པར་ཐོབ་པར་གྱུར་པ་དེ་ཡི་ཚེ། སྔོན་གྱི་སྐྱེ་མཆོག་གིས་ཁྱོད་མ་འོངས་པ་ཡི་དུས་ན་སངས་རྒྱས་སུ་འགྱུར་རོ་ཞེས་ང་ལུང་བསྟན་པར་གྱུར་ཏོ་ཞེས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱིས་དེ་སྐད་དུ་གསུངས་ཏེ། སྔོན་སངས་རྒྱས་མར་མེ་མཛད་ལ་བདག་ཅག་གི་སྟོན་པ་འདི་བྲམ་ཟེ་ཁྱེའུ་གཞོན་ནུ་སྤྲིན་ཞེས་པར་གྱུར་པས་ཨུཏ་པ་ལ་ལྔས་གཏོར་ཏེ་རལ་པ་གསེར་གྱི་མདོག་ཅན་གདན་དུ་བཏིང་བ་ན། སངས་རྒྱས་དེའི་ཞལ་ནས་བྲམ་ཟེ་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །"[༣]
དབྱེ་བ།
[རྩོམ་སྒྲིག]ལུང་བསྟན་ལ་དབྱེ་ན་སྤྱིར་ནག་ལུང་དང་དཀར་ལུང་གཉིས་ཡོད་ལ། དེ་ཡང་ནག་ལུང་ནི་མི་དགེ་བའི་ལུང་བསྟན་ལ་ཟེར་ལ། དཀར་ལུང་ནི་དགེ་བའི་ལུང་བསྟན་ལ་ཟེར། ལུང་བསྟན་ཐོབ་པ་དང་མ་ཐོབ་པ་གཉིས་སུ་དབྱེ་ཆོག ལུང་བསྟན་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཕྱིར་མི་ལྡོག་པའི་གོ་འཕང་ལ་ཞུགས་པ་ཡིན། ལུང་བསྟན་མ་ཐོབ་པ་རྣམས་ནི་ད་དུང་ཕྱིར་ལྡོག་པའི་ཉེན་ཁ་ཡོད། ལུང་བསྟན་ཐོབ་པའི་རྒྱུ་རྐྱེན། "གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ནི་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་བསྒོམ་པས་རྟོགས་པ་ཐོབ་པ་དེའི་ཚེ་ང་ལུང་བསྟན་པར་གྱུར་ཏེ། སྔོན་གྱི་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་སོ། །"[༤]
རྩོད་སྤོང༌།
[རྩོམ་སྒྲིག]"ལུང་བསྟན་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གིས། ལུང་བསྟན་པའི་རྟགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཁྲོས་ནས་ལུས་དང་ངག་གི་རྩོད་པ་རྩོམ་པར་བྱེད་ཅིང་། ཇི་སྲིད་དུ་འགྱོད་པའི་ཚུལ་གྱིས་སེམས་དེ་བཏང་ནས་བཤགས་པ་མི་བྱེད་པར་རྩོད་པ་མ་བཏང་ན། རྒྱུད་མ་རུང་པ་དགེ་བའི་ས་བོན་མི་འཕེལ་བའི་ཐ་བ་ལྟ་བུ་སྐྱོན་དང་ལྡན་པའི་སེམས་ཀྱི་སྐད་ཅིག་ཅི་ཙམ་ཞིག་སྐྱེས་པ་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་གཞི་ནས་གསར་དུ་ལམ་ལ་འཇུག་པའི་གོ་ཆ་བགོ་དགོས་སོ་"[༥]ཞེས་རྩོད་པའི་སེམས་སྐྱོན་ཅན་སྐྱེས་པ་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་སྐྱེ་ཞིང་ཁྲོ་བས་དེ་སྙེད་ཀྱི་བསྐལ་པར་བསགས་པའི་དགེ་རྩ་ཟད་པར་བྱས་ཤིང་སྡིག་པ་དེ་ཙམ་འཕེལ་བའི་ཕྱིར་བསྐལ་པ་དེ་སྙེད་ཀྱི་གྲངས་ཙམ་དུ་གཞི་ནས་ཏེ་གསར་དུ་སྦྱིན་སོགས་ལམ་ཐམས་ཅད་ལ་གོ་ཆ་བགོས་ནས་མ་བསླབ་བར་དུ་ལམ་སོར་མི་ཆུད་པས་དེ་ཙམ་དུ་བླ་ན་མེད་པའི་བྱང་ཆུབ་དང་ཐག་བསྲིང་བར་བྱེད་དོ་ཞེས་གསུངས།
ཁྱད་ཆོས།
[རྩོམ་སྒྲིག]ལུང་བསྟན་ཐོབ་པའི་ཁྱད་ཆོས། "དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཞེས་རང་རྒྱལ་གྱི་ཡེ་ཤེས་ཏེ་དེ་ལྟར་ཞི་མཐའ་དང་། སྲིད་པ་ཁམས་གསུམ་པོ་དག་ལ་དངོས་སུ་ལྟ་ཅི་རྨི་ལམ་ན་ཡང་མི་འདོད་ཅིང་། སངས་རྒྱས་རྣམས་འཁོར་རྒྱ་མཚོས་བསྐོར་བ་མཐོང་ཞིང་དེས་འགྲོ་ལ་ཆོས་ཀྱང་སྟོན་པར་བྱེད་པ་རྨི་ལམ་སོགས་སུ་མཐོང་བ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ལས་དམན་པའི་ལམ་དུ་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །"[༦]ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤོག་ངོས། ༢༣
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་ངོས། ༧a
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་ངོས། ༢༡a
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས། ༤༧
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་ངོས། ༨༥b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་ངོས། ༧༥b