ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ།

ཡོང་ཁུངས་Wikipedia

༄༅།།འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལེགས་བཤད་ཨུད་པ་ལའི་སྡོང་པོ་ཞེས་བྱ་བ་བཞུགས་སོ།།

གང་སྐུ་ལྟ་བས་མི་ངོམས་མཚན་དཔེས་སྤྲས།།

གང་གསུང་ཚངས་པའི་དབྱངས་ཀྱིས་འགྲོ་ཡིད་འཕྲོག།།

གང་ཐུགས་ཤེས་བྱའི་གནས་སྣང་མ་ལུས་གཟིགས།།

མཉམ་མེད་ཤཱཀྱའི་དབང་པོའི་ཞབས་ལ་འདུད།།

གང་དེའི་རིང་ལུགས་ལུང་རྟོགས་དམ་པའི་ཆོས།།

བརྩེ་ལྡན་རྣམས་ཀྱིས་རྒྱ་ཆེར་སྤེལ་བ་ཡང་།།

ཐོག་མར་དྲང་དོན་འཇིག་རྟེན་ལུགས་ཀྱི་ཆོས།།

གལ་ཆེར་གཟིགས་ནས་མཁས་གྲུབ་རྣམས་ཀྱིས་མཛད།།

བདག་ཀྱང་རིག་གནས་ཕྱོགས་ལ་མོས་བློ་དང་།།

བསྟན་བཅོས་རྣམས་དང་རྒན་པོའི་ངག་ལ་རྟེན།།

ལུགས་ཀྱི་བསྟན་བཅོས་ཨུཏྤལ་སྡོང་པོ་འདི།།

བྱིས་རྣམས་སྤྲོ་བ་བསྐྱེད་ཕྱིར་བྲི་བ་བྱ།།

སེམས་ཅན་སྤྱི་མཐུན་ལས་ལ་གྲུབ་པ་ཡིན།།

ངོས་བཟུང་བྲལ་བའི་ནམ་མཁའི་དཀྱིལ་འཁོར་ལས།།

རྒྱ་གྲམ་རླུང་གི་དཀྱིལ་འཁོར་ས་ཡ་དང་།།

དྲུག་འབུམ་ཆགས་ཤིང་རྒྱ་ཞེང་གྲངས་མེད་དོ།།

དེ་ཡི་ནམ་མཁར་བྱང་ཆུབ་སེམས་དཔའི་མཐུས།།

གཉའ་ཤིང་མིང་ཅན་གསེར་གྱི་སྤྲིན་ཆེན་ཆགས།།

དེ་ལས་ཤིང་རྟའི་འཕང་ལོ་ལྟ་བུ་ཡི།།

སྦོམ་པོའི་ཆར་རྒྱུན་རིང་དུ་བབས་པ་ལས།།

ཆུ་ཡི་ཕུང་པོ་ཚངས་པའི་འཇིག་རྟེན་ཐུག།།

དེ་དབུས་པདྨ་སྟོང་ཤར་གནས་གཙང་ལྷས།།

སངས་རྒྱས་སྟོང་ཞིག་འབྱུང་བའི་ལྟས་སུ་གོ།།

བསྐལ་པ་འདི་ཡང་བཟང་པོ་འོ་ཞེས་བརྗོད།།

ཆུ་ཡི་ཕུང་པོ་རླུང་གིས་བསྲུབས་པ་ཡིས།།

གསེར་གྱི་ས་གཞི་སྤྲིས་མའི་ཚུལ་དུ་གྲུབ།།

དེ་ཡིས་ཆུ་ཡི་ཕུང་པོ་ཞོམ་པ་ན།།

ཆུ་དཀྱིལ་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད།།

གསེར་གྱི་ས་གཞི་དཔག་ཚད་སུམ་འབུམ་དང་།།

བཞི་ཁྲིའི་དབུས་སུ་རི་རབ་ལྷུན་པོ་ནི།།

བང་རིམ་བཞི་ལྡན་ཤར་ཕྱོགས་དངུལ་ལས་གྲུབ།།

ལྷོ་ནི་བཻཌཱུརྱ་དང་ནུབ་ཕྱོགས་ནི།།

པདྨ་ར་ག་བྱང་ཕྱོགས་གསེར་ལས་བྱས།།

དཔག་ཚད་བརྒྱད་ཁྲི་ཕྲག་གཉིས་ཕྱེད་མཚོར་ནུབ།།

གཉའ་ཤིང་འཛིན་དང་བཤོལ་འཛིན་སེང་ལྡེང་ཅན།།

ལྟ་ན་སྡུག་རི་རྟ་རྣ་རྣམ་སྡུད་དང་།།

མུ་ཁྱུད་འཛིན་རི་ཞེས་བྱ་གསེར་རི་བདུན།།

ནང་མའི་ཕྱེད་ཆར་ཕྱི་མའི་རྩེས་སླེབ་སྟེ།།

རི་རབ་ཕྱི་ནས་རིམ་བཞིན་གྲུ་བཞིར་བསྐོར།།

བར་རྣམས་ལ་ནི་རོལ་བའི་མཚོ་བདུན་དང་།།

ལོངས་སྤྱོད་ས་པའི་གླིང་ཡང་དུ་མ་ཡོད།།

དེ་ཡི་ཕྱི་རོལ་བ་ཚྭའི་རྒྱ་མཚོའི་ནང་།།

གླིང་བཞི་གླིང་ཕྲན་བརྒྱད་ལྡན་ཆགས་པ་ཡིན།།

ཤར་གླིང་ཟླ་གམ་ལྷོ་གླིང་ཤིང་རྟའི་དབྱིབས།།

ནུབ་གླིང་ཟླུམ་པོ་བྱང་ཕྱོགས་གྲུ་བཞི་སྟེ།།

རྒྱུ་ནི་སོ་སོའི་ཕྱོགས་ཀྱི་རི་རབ་མཚུངས་།།

རྒྱ་མཚོའི་ཕྱི་རོལ་ལྕགས་ཀྱི་རི་བོ་ཡིས།།

མུ་ཁྱུད་ལྟ་བུར་བསྐོར་ནས་གནས་པ་ཡིན།།

འཛམ་གླིང་འོག་ན་དམྱལ་བ་ཡི་དྭགས་ཡོད།།

རྔ་ཡབ་གླིང་ན་སྲིན་པོ་གནས་པ་སྟེ།།

གླིང་བཞི་གླིང་ཕྲན་གཞན་རྣམས་མི་ཡི་གནས།།

རི་རབ་གསེང་ལ་ལྷ་མིན་གྲོང་ཁྱེར་ཡོད།།

རི་རྒྱལ་ཕྱེད་ན་རྒྱལ་ཆེན་བཞི་ཡི་གླིང་།།

གཞན་ཡང་གཞལ་མེད་ཁང་པའི་ལྷ་རྣམས་ནི།།

མཁའ་ལ་རྒྱུ་བ་ཉི་ཟླ་གཟའ་སྐར་ཟེར།།

རི་རབ་རྩེ་མོར་བརྒྱ་བྱིན་ཕོ་བྲང་དང་།།

ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་དང་།།

ཆོས་བཟང་ལྷ་ཡི་འདུན་ས་སྐྱེད་ཚལ་བཞི།།

ཡོངས་འདུའི་ཤིང་སོགས་འབྱོར་བ་དཔག་མེད་ཡོད།།

ལྷ་གནས་གཞན་རྣམས་རིམ་བཞིན་གོང་མ་འཕགས།།

དེ་ཡང་སྒྲ་མི་སྙན་པ་ལོངས་སྤྱོད་ས།།

སྔར་མེད་དམ་ཆོས་གསར་སྒྲུབ་མེད་ཅེས་ཟེར།།

གླིང་གསུམ་པོ་ནི་ལས་ཀྱི་ས་སྟེ་མཆོག།།

དེ་ལས་ཀྱང་ནི་སངས་རྒྱས་འབྱུང་བའི་གནས།།

འཛམ་གླིང་འདི་ཉིད་ཁྱད་དུ་འཕགས་པར་བཤད།།

དེ་ལ་ཡུལ་དབུས་རྒྱ་གར་རྒྱལ་ཁམས་ནི།།

ཟ་འོག་བླ་བྲེ་ཕུབ་འདྲ་རིན་ཆེན་གླིང་།།

དེ་ཡང་ཡུལ་འཁོར་ཆེན་པོ་བཅུ་དྲུག་དང་།།

ཁྱད་པར་གཉན་ཡོད་གནས་བཅས་ཡངས་པ་ཅན།།

ཙམ་པ་ཝ་ར་ཎ་སི་མ་ག་དྷ།།

དེ་རྣམས་གྲོང་ཁྱེར་ཆེན་པོ་དྲུག་ཏུ་བཤད།།

སོག་པོ་ལི་ཡུལ་ཤིང་རྟའི་དབྱིབས་འདྲ་སྟེ།།

འདོད་དགུ་ཕུན་སུམ་ཚོགས་པའི་གནས་སུ་བཤད།།

ཧོར་དང་རྒྱ་ནག་མེ་ཏོག་ཁ་བྱེ་འདྲ།།

ལོངས་སྤྱོད་མ་ལུས་འབྱུང་བའི་ཡུལ་གྲུ་ཡིན།།

ཁ་བ་ཆགས་པ་བོད་ཀྱི་རྒྱལ་ཁམས་ཏེ།།

ཡུལ་གྲུ་གཞན་ལས་འདོད་ཡོན་དམན་གྱུར་ཀྱང་།།

དུག་སྦྲུལ་སྦྲམ་ཆེན་སྟག་དྲེད་སྦྲང་བུ་དང་།།

ཁྱད་པར་ཆུ་དུག་ཚད་པ་མེད་པས་ལེགས།།

བོད་ཡུལ་སྲིན་མོ་གན་རྐྱལ་འགྱེལ་འདྲ་འདིའི།།

མགོ་ཤར་རྐང་པ་ནུབ་ལ་བསྟན་པ་ཡི།།

དཔུང་པ་གཡས་ལ་དབུ་རུ་ཀ་ཚལ་དང་།།

དེ་ཡི་ལག་དུ་གསེར་ཤིང་གིར་ཏིའི་གནས།།

དཔུང་པ་གཡོན་ལ་གཡོ་རུ་ཁྲ་འབྲུག་དང་།།

དེ་ཡི་ལག་ཏུ་བཙན་ནང་ལྷ་ཁང་ཡོད།།

དཔྱི་གཡས་གཙང་འཕྲང་བྱང་ཆུབ་ལྷ་ཁང་དང་།།

དེ་ཡི་ལག་ཏུ་དགེ་དྲུང་ལྷ་ཁང་ཡོད།།

དཔྱི་གཡོན་དྲི་མེད་རྣམ་དག་ལྷ་ཁང་དང་།།

དེ་ཡི་ལག་ཏུ་གར་བཙན་འཕགས་པ་ཡོད།།

ཡང་འདུལ་གཙུག་ལག་ཁང་བཞིའི་མིང་དོན་ནི།།

གྲུ་མོ་གཡས་སུ་བུ་ཆུ་ལྷ་ཁང་ཡོད།།

གྲུ་མོ་གཡོན་དུ་མཁོ་མཐིང་ལྷ་ཁང་ཡོད།།

པུས་མོ་གཡས་ལ་དགེ་རྒྱས་ལྷ་ཁང་དང་།།

པུས་གཡོན་ལ་སྤྲ་ངན་༼དཔེ་རྙིང་པར་སྲ་འདུན།༽རྩེ་ཡི་ལྷ་ཁང་ཡོད།།

རུ་གནོན་ལྷ་ཁང་ལག་མཐིལ་གཡས་ལ་ནི།།

ཁམས་ཀྱི་གློང་ཐང་སྒྲོལ་མའི་ལྷ་ཁང་དང་།།

གཡོན་ལ་ལྷོ་ཕྱོགས་བུམ་ཐང་སྐྱེར་ཆུའི་གནས།།

རྐང་མཐིལ་གཡས་ལ་ཤེས་རབ་སྒྲོན་མེའི་གནས།།

གཡོན་ལ་ཚངས་པ་རླུང་གནོན་ལྷ་ཁང་ཡོད།།

དེ་ཡང་སྟོད་དུ་མངའ་རིས་སྐོར་གསུམ་དང་།།

བར་དུ་དབུས་གཙང་གཉིས་ལ་རུ་བཞིར་གྲགས།

སྨད་དུ་མདོ་ཁམས་སྒང་དྲུག་འདོད་པ་ལ།།

དེ་ཡི་དབྱེ་བ་ཅུང་ཟད་བརྗོད་པར་བྱ།།

དང་པོ་བོད་ཡུལ་ཆུ་ཡིས་ཁེངས་པ་དང་།།

བར་དུ་ཀོང་གི་ཆུ་རླག་བྱེ་བ་ཡིས།།༼རླབ་ཞེས་འདུག།༽

མངའ་རིས་བསྐོར་གསུམ་ཤ་རྐྱང་རི་དྭགས་གླིང་།།

བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་།།

སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་།།

དེ་ཡང་སྤུ་རངས་གངས་ཀྱིས་བསྐོར་བ་དང་།།

གུ་གེ་གཡའ་ཡིས་བསྐོར་ལ་མང་ཡུལ་ནི།།

མཚོ་ཡིས་བསྐོར་ལ་མངའ་རིས་བསྐོར་གསུམ་ཟེར།།

མངའ་བདག་རྒྱལ་པོ་འོད་སྲུང་ལས་བྱུང་དང་།།

རྒྱ་བལ་ལོ་ཆེན་བརྒྱུད་མར་འབྱུང་བའི་ཡུལ།།

བར་གྱི་དབུས་གཙང་རུ་བཞིར་བཤད་པ་ལ།།

གཙང་ལ་གཡས་རུ་དང་ནི་རུ་ལག་གཉིས།།

དབུས་ལ་དབུ་རུ་དང་ནི་གཡོ་རུར་འདོད།།

སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་དང་།།

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཆར་བ་དང་།།

གཙོ་བོ་གྲོས་ཀྱི་རྒྱ་མཚོ་ཁེངས་པ་དང་།།

མོ་བཙུན་ངོ་ཚའི་གཡང་ལུགས་ལྡན་པ་ཡིན།།

སྨད་དུ་མདོ་ཁམས་དག་ལ་སྒང་དྲུག་སྟེ།།

སྐྱུ་ར་སྒང་དང་རབ་སྒང་སྤོ་འབོར་སྒང་།།

སྨར་ཁམས་སྒང་དང་ཚ་སྒང་ཟལ་མོ་སྒང་།།

འདོད་ཡོན་མི་ཚན་འབྱུང་གནས་དམ་པ་སྟེ།།

བོད་ཡུལ་གནས་ཚུལ་འདི་འདྲར་འདོད་པ་ཡིན།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤལའི་སྡོང་པོ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ཁྱད་པར་བོད་ཡུལ་གྱི་ཆགས་ཚུལ་བཤད་པ་སྟེ་འདབ་མ་དང་པོའོ།།

དེ་ནས་བཅུད་ཀྱི་སེམས་ཅན་བྱུང་ཚུལ་ནི།།

ལྷ་ཡི་གནས་རྣམས་ཡས་རིམ་ཇི་བཞིན་དུ།།

ཆགས་གནས་ལྷ་གནས་མ་ལུས་ཚང་བའི་ཚེ།།

འོད་གསལ་ལྷ་ཞིག་ཤི་འཕོས་སྐད་ཅིག་གིས།།

འཛམ་བུའི་གླིང་དུ་མི་རུ་བརྫུས་ཏེ་སྐྱེས།།

དེ་ཡིས་གྲོགས་གཞན་ཡོད་ན་སྙམ་པའི་མོད།།

གཞན་ཡང་རྫུས་སྐྱེས་མི་ཡི་འགྲོ་མང་བྱུང་།།

ཚེ་ལ་ཚད་མེད་བསམ་གཏན་ཟས་ཀྱིས་འཚོ།།

ལུས་ལ་འོད་འཕྲོ་རྫུ་འཕྲུལ་མཁའ་ལ་འགྲོ།།

གཟུགས་ཀྱི་ཡོན་ཏན་དཔག་མེད་ཚང་བ་ཡིན།།

དེ་དུས་ས་ལ་སྦྲང་རྩིའི་རོ་ལྡན་པའི།།

མར་གསར་གོང་བུ་ལྟ་བུར་བཞུན་པ་ཡི།།

རོ་ལ་སྲེད་པས་ཟོས་པས་བསམ་གཏན་གྱི།།

ཟས་མཆོག་ནུབ་ཏེ་ལུས་ཀྱི་རྫུ་འཕྲུལ་ཡལ།།

སྲེད་པའི་དབང་གིས་ས་བཅུད་དེ་ཡང་མེད།།

དེ་ནས་ས་མོ་ཞག་ཞེས་དམར་སེར་ལ།།

སྦྲང་རྩིའི་རོ་ལྡན་བྱུང་སྟེ་ཟོས་པ་ཡིས།།

ལུས་ཀྱི་འོད་ཉམས་མཁའ་ལ་ཉི་ཟླ་བྱུང་།།

ས་ཞག་དེ་ཡང་གཏིང་དུ་ནུབ་པར་གྱུར།།

མ་རྨོས་སཱ་ལུའི་འབྲས་བྱུང་དེ་ཟོས་པས།།

ཤིན་ཏུ་རགས་པའི་སྙིགས་མ་གཤང་ལྕི་བྱུང་།།

འདི་ཡན་རྫོགས་ལྡན་བསྐལ་པ་ཞེས་སུ་གྲགས།།

ཟས་དེས་ཕོ་མོའི་དབང་པོ་ཐ་དད་དོད།།

དེ་ལ་དཔག་སྟེ་འཁྲིག་སྦྱོར་འདུ་ཤེས་ཤར།།

གཞན་གྱིས་གཤེ་ཞིང་རྡོ་བས་བཏབ་པས་ན།།

ངོ་ཚ་སྐྱོབ་ཕྱིར་ཁྱིམ་བཟོས་མངལ་སྐྱེས་བྱུང་།།

མི་ཚངས་སྤྱོད་དེས་སུམ་ལྡན་བསྐལ་པར་བྲི།།

སཱ་ལུའི་འབྲས་དེ་གཅིག་གིས་གསོག་འཇོག་བྱས།།

ཀུན་གྱིས་དེ་ཡི་ལུགས་ལྟར་བྱས་པ་ཡིས།།

སྲེད་དང་སེར་སྣའི་རྐྱེན་དེས་སྤུན་པས་གཡོག།།

མ་རྨོས་སྔར་བཞིན་སྐྱེ་བར་མ་གྱུར་པས།།

མཛངས་ཞིང་ཕན་པར་འདོད་པའི་མི་ཞིག་གིས།།

ཆ་སྙོམས་བགོས་ཞིང་རང་སྐལ་ཆད་པ་ལ།།

ཀུན་གྱིས་ཅུང་ཟད་ཙམ་རེ་བྱིན་པ་ཡིས།།

སྐལ་བ་ཤིན་ཏུ་རྒྱལ་བས་རྒྱལ་པོར་ཐོག།

གཅིག་གི་སྐལ་བ་གཅིག་གིས་བརྐུས་པ་ཡིས།།

གཉིས་ལྡན་སྐལ་བ་ཞེས་བྱར་བྲི་བ་ཡིན།།

རྐུ་བ་སྲུང་ཕྱིར་སྔར་གྱི་རྒྱལ་པོ་དེ།།

ཞིང་རྣམས་བསྲུང་པས་དྲུག་ཆ་གླར་བྱིན་པས།།

དཔོན་དུ་གྲགས་ཏེ་ཁྲལ་གྱི་ཐོག་མ་བྱུང་།།

རྐུ་བ་བྱུང་ཚེ་བསད་པས་སྲོག་གཅོད་བྱུང་།།

གསོད་པས་སྐྲག་རྣམས་རྫུན་དུ་སྨྲ་བར་བྱེད།།

དེ་ལྟར་རྩ་བ་བཞི་ཀ་ཉམས་པའི་ཕྱིར།།

རྩོད་ལྡན་ཞེས་བྱ་རིམ་གྱིས་འདི་འདྲར་གྱུར།།

ངན་འགྲོ་གསུམ་དང་ལྷ་མིན་བྱུང་ཚུལ་ཡང་།།

མང་བཀུར་རྒྱལ་པོས་མ་དྲོས་མཚོར་ཁྲུས་བྱས།།

ས་བོན་ལྷུང་བས་ཀླུ་དང་ཆུ་གླང་སོགས།།

དེ་ལས་འཕེལ་ཏེ་དུད་འགྲོའི་ཚོགས་རྣམས་བྱུང་།།

སྔར་གྱི་དྲུག་ཆ་གླར་བླངས་མང་བཀུར་དེས།།

བརྐུས་པའི་མི་གཉིས་གཅིག་བསད་གཅིག་སྤྱུག་པས།།

བསད་དེ་སྨོན་ལམ་ལོག་པས་ལྷ་མིན་སྐྱེས།།

སྤྱུག་པ་དེ་ནི་ཚེ་འཕོས་ཡི་དྭགས་སྐྱེས།།

དགེ་མཆོག་སྡིག་སྤྱད་དམྱལ་བར་སྐྱེས་གྱུར་ཏེ།།

དེ་ཚེ་འགྲོ་བ་རིགས་དྲུག་ཚང་བ་ཡིན།།

དེ་ནས་བོད་ཡུལ་སྐྱེ་དགུའི་བྱུང་ཚུལ་ནི།།

སྔོན་གྱི་དུས་སུ་ཐུགས་རྗེ་ཆེན་པོ་ཡིས།།

གདོང་དམར་ཅན་གྱི་ཡུལ་འདི་འདུལ་ལོ་ཞེས།།

ཞལ་གྱིས་བཞེས་པ་གཡེལ་བ་མི་མངའ་ཕྱིར།།

སྤྲུལ་པའི་སྤྲེའུ་གང་པོའི་རི་ལ་བརྫངས།།

དེ་ལ་གནས་པའི་བྲག་གི་སྲིན་མོ་ཞིག།།

འདོད་པས་གདུང་སྟེ་སྤྲེའུའི་གན་དུ་སོང་།།

ཁྱོད་ཀྱིས་ང་ཡི་རེ་བ་མི་སྐོང་ན།།

འཇིག་རྟེན་འདི་ཀུན་མ་རུངས་བྱའོ་ཟེར།།

དགེ་བསྙེན་སྤྲེའུ་དེ་ལ་ཐེ་ཚོམ་གྱུར།།

སྐད་ཅིག་གིས་ནི་པོ་ཏ་ལ་རུ་སོང་།།

ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་ལ།།

བྲག་སྲིན་མོ་ཡི་ངང་ཚུལ་རྒྱས་པར་བརྗོད།།

འཇིག་རྟེན་དབང་པོས་སྐྱེ་བ་སྤར་བའི་ཕྱིར།།

ཁྱོད་ཀྱིས་བྲག་སྲིན་མོ་དང་འགྲོགས་ཤིག་གསུངས།།

བཀའ་སྩལ་ལྷུར་བླངས་དེ་དང་ལྷན་ཅིག་སྤྱད།།

དེ་ལ་མི་མིན་སྤྲེལ་མིན་དྲུག་སྐྱེས་པ།།

བཟའ་རྒྱུ་མ་རྙེད་ཅི་བྱ་བཏོལ་བྲལ་ཚེ།།

ངོགས་དེར་ཁྲིད་ནས་ཟོ་དང་བྱས་པ་ཡིས།།

ད་ལྟའི་བར་དུ་ཟོ་དང་ཞེས་སུ་གྲགས།།

དེ་ནས་སྐྱིབས་དེར་ཁྲིད་ནས་རྩེད་དང་བྱས།།

རྩེས་པས་རྩེད་དང་ཞེས་སུ་འབོད་པར་སྣང་།།

གཅིག་ནི་ལྷ་རིགས་འདྲ་སྟེ་ངང་གིས་དགེ།

གཉིས་པ་ལྷ་མིན་འདྲ་སྟེ་ཤིན་ཏུ་རྩུབ།།

གསུམ་པ་མི་དང་འདྲ་སྟེ་རྣམ་པ་བཟོ།།

བཞི་པ་དུད་འགྲོ་འདྲ་སྟེ་རྨོངས་བག་ཅན།།

ལྔ་བ་ཡི་དྭགས་ལས་གྱུར་དཀྲེས་ཉམས་ཆེ།།

དྲུག་པ་དམྱལ་བའི་རིགས་ཏེ་སྡུག་བསྲན་ཅན།།

དེ་རྣམས་རིམ་གྱིས་འཕེལ་ཏེ་བཞི་བརྒྱར་གྱུར།།

དེ་ལས་བོད་ཀྱི་མིའུ་གདུང་དྲུག་བྱུང་།།

བསེ་དང་དམུ་དང་ལྡོང་གསུམ་ཆེ་ཞིང་བཙུན།།

སྟོང་དང་དབྲ་དང་འདྲུ་གསུམ་ཆུང་བར་བཤད།།

དེ་ལས་རུས་ཆེན་བཅོ་བརྒྱད་ཆད་པར་སྣང་།།

བཀའ་དྲིན་འཁོར་མེད་ཐུགས་རྗེ་ཆེན་པོ་དེས།།

བོད་ཡུལ་མི་ཡི་འགྲོ་བས་གང་བར་མཛད།།

སངས་རྒྱས་བསྟན་པ་ཉི་མ་བཞིན་ཏུ་བརྡལ།།

བྱང་སེམས་ལོ་པཎ་འོད་ཟེར་དྲ་བར་འགྱེད།།

རྒྱལ་བློན་སྟོང་སྡེ་པདྨའི་འདབ་ལྟར་རྒྱས།།

བོད་ཡུལ་བདེ་སྐྱིད་ལྷ་དང་མཚུངས་པར་མཛད།།

འོན་ཀྱང་བསྐལ་པ་མར་བྲི་འབྱུང་ལྟས་སུ།།

ཕ་མ་དགེ་སྦྱོང་བྲམ་ཟེ་རྒན་རབས་ལ།།

བཀུར་སྟི་མི་བྱེད་སྨོད་པའི་མཐུ་ཉིད་ལས།།

ཚེ་ལོ་བཅུ་པ་ཞེས་བྱར་བྲི་བར་འགྱུར།།

གཙང་པོའི་ཆུ་ནི་རོང་ཁུང་གཏིང་དུ་བྲོས།།

གངས་རི་རྣམས་ནི་རི་ཡི་རྩེ་མོར་བརྫེས།།

ཆུ་བྲན་རྣམས་ཀྱང་རིམ་གྱིས་སྐམ་པར་གྱུར།།

ཟས་མཆོག་༼ཀོ་ཊ༽་རྒྱན་མཆོག་མཚོན་ལ་བྱེད།།

ནད་དང་མུ་གེ་མཚོན་ཆའི་བསྐལ་པ་འབྱུང་།།

ཕལ་ཆེར་བསད་པས་དེ་ཡི་ལྷག་མ་རྣམས།།

སྐྱོ་སྟེ་སྲོག་གཅོད་སྤངས་སྟེ་ཡར་འཕེལ་ཤར།།

རིམ་གྱིས་ཚེ་ལོ་བརྒྱད་ཁྲི་འཕེལ་བའི་དུས།།

གཟུགས་སྟོབས་ཁ་དོག་ལོངས་སྤྱོད་མཐའ་ཡས་ཏེ།།

ས་བོན་གཅིག་ལ་འབྲས་བུ་ལན་བདུན་འཕེལ།།

འཛམ་གླིང་ཡངས་ཤིང་གཡང་ས་ངམ་གྲོག་མེད།།

བྱ་གག་འཕུར་སྟོབས་ཆོད་པར་གྲོང་གིས་ཁྱབ།།

མི་རྣམས་ནད་ནི་༼ཟས་མི་ཟ་ཙམ་དང་།།

འདོད་དང་རྒས་པ་༽གསུམ་ཡིན་ནད་གཞན་མེད།།

རྩ་བ་བཞི་པོ་མ་ཉམས་བསྐྱངས་པ་ན།།

གནས་སྐབས་འབྲས་བུ་བསམ་གྱིས་མི་ཁྱབ་པོ།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤལའི་སྡོང་པོ་ལས་ནང་བཅུད་སེམས་ཅན་བཤད་པའི་འདབ་མ་སྟེ་གཉིས་པའོ།།

ཁང་གཞིས་ལུང་པའི་དཔྱད་དང་སྦྱར་བྱས་ལ།།

ཡུལ་ནི་དགེ་བ་བཅུ་དང་ལྡན་པ་སྟེ།།

ཁང་ས་ཞིང་ས་ཉན་ན་ས་ཡི་དགེ།།

འཐུང་ཆུ་ཞིང་ཆུ་ལེགས་ན་ཆུ་ཡི་དགེ།།

གམ་འབྲོག་རྒྱང་འབྲོག་བཟང་བ་རྩ་ཡི་དགེ།།

ཁང་ཤིང་བུད་ཤིང་མོད་པ་ཤིང་གི་དགེ།།

ཁང་རྡོ་ཐབ་རྡོ་མང་བ་རྡོ་ཡི་དགེ།༼འཐག་རྡོ་ཞེས་དཔེ་གཞན་ལ་འབྱུང་།༽

འདི་རྣམས་ཐམས་ཅད་ཚང་བ་ཤིན་ཏུ་དཀོན།།

སྔོན་ཚེ་དཀོན་པ་རྗེ་ཡི་གུང་རྒྱལ་གྱིས།།

ས་རྣམས་ཉུལ་བས་ལ་སྟོད་ཡ་འཆང་ལ།།

དང་པོ་བརྒྱད་པོ་ཚང་བར་མཐོང་ངོ་སྐད།།

ས་དཔྱད་གཙོ་བོ་བྱང་ཕྱོགས་སྐྱབས་པ་དང་།།

ལྷོ་ལ་མདུན་བསྟན་ལྷོ་ནུབ་གཞོལ་བ་དང་།།

རྒྱབ་རི་ཉེ་ཞིང་གཟེངས་མཐོ་སྣུམ་བག་ཅན།།

མདུན་རི་རྒྱང་རིང་ཤིན་ཏུ་དམའ་བ་དང་།།

ཉི་མ་འཆར་བ་སྔ་ལ་ནུབ་པ་འཕྱི།།

ཆུ་རྒྱུན་གཡས་སུ་འབབ་དང་ཆུ་བྲན་མོད།།

དེ་ཀུན་ཚང་བ་དཔལ་ལྡན་ས་སྐྱ་ཙམ།།

གཞན་དུའང་བསོད་ནམས་ཅན་གྱི་སྐྱེས་བུའི་མཐུས།།

ཡུལ་ཁམས་ཆེན་པོ་རྣམས་སུ་འབྱུང་སྲིད་དོ།།

ས་དཔྱད་ཐོག་མར་མདུན་རྒྱབ་གདགས་སྲིབ་བཞི།།

ངོས་འཛིན་ཤེས་པ་ཤིན་ཏུ་གཅེས་པ་ཡིན།།

ཤར་དང་ལྷོ་མདུན་གཞན་གཉིས་རྒྱབ་ཏུ་འདོད།།

འོན་ཀྱང་རང་རང་ལུང་པའི་གཤིས་ལ་སོགས།།

གང་དུ་ཁ་བལྟས་ཤར་དུ་བྱས་ཏེ་བརྩི།།

ལྷོ་དང་ཤར་གདགས་གཞན་མ་གཉིས་སུ་འདོད།།

ས་ལ་ཕོ་མོ་མ་ནིང་བརྟགས་པར་བྱ།།

གྱོང་རྩུབ་རགས་ཤིང་རྡོ་བ་མང་བ་ཕོ།།

འཇམ་མཉེན་ཆུ་མང་རྡོ་ཉུང་མོ་རུ་འདོད།།

དེ་གཉིས་འདྲིས་མར་སྣང་བ་མ་ནིང་ཡིན།།

དེ་ནས་བཟང་དཔྱད་བཀོད་པ་འདི་ལྟ་སྟེ།།

མདངས་གསལ་སྣུམ་ཆགས་ཟ་འོག་བཀྲམ་འདྲ་དང་།།

གསེར་གཡུ་བརྒྱུས་འདྲ་མར་ཁུའི་གཞོང་པ་འདྲ།།

ངུར་པའི་རྒྱབ་དང་སྟག་ལྤགས་རྨ་བྱའི་མདོངས།།

ཞོ་གྲོད་སྐམ་དང་གཅན་གཟན་གྲ་རྒྱས་འདྲ།།

མེ་ཏོག་ལུག་མིག་ལྟ་བུ་ཤིན་ཏུ་བཟང་།།

འོན་ཀྱང་གྲོང་གི་ཤར་ཕྱོགས་ལ་སོགས་པར།།

ཆུ་མིག་མ་རལ་གྲོག་པོའི་རྩེ་ཟུག་དང་།།

ས་མཚན་ཅན་དང་རླན་ཆེ་སྲོག་ཆགས་མང།།

ལྷ་འདྲེའི་འགྱུ་སྲང་གྲོང་ལ་གྲིབ་མ་འབབ།།

ཤར་ན་ཆུ་བོ་རེས་འཇོག་བྱེད་པ་དང་།།

ལྷོ་ན་ཤིང་སྐམ་ཡལ་ག་མེད་པ་དང་།།

ནུབ་ན་ཤིང་གཅིག་རྩེ་མོ་ཁ་ཧྲག་དང་།།བྲག་ཞེས་ཀྱང་འབྱུང་།

བྱང་ཕྱོགས་ས་དགྲ་མང་རྣམས་སྤང་བར་བྱ།།

ཁང་གཞིས་གདབ་པར་འོས་པ་འདི་ལྟ་བུ།།

མཐོན་པོའི་རི་ལ་དེ་ཡི་སྐེད་པར་གདབ།།

སྒང་དང་གཟར་སའི་བདེ་བའི་ངོས་སུ་བྱ།།

ཀྱོང་གི་འབུར་ས་འབུར་པོའི་ཀྱོང་སར་གདབ།།༼དཔེ་གཞན་པ་དེར་ལྕོང་གི་འབུར་ས་འབུར་པོའི་ལྕོང་སར་གདབ།།ཞེས་འབྱུང་།༽

རྡོ་རྗེའི་འཆང་ཟུང་དྲིལ་བུའི་སྐེད་པ་ལ།།

ལུག་འདྲའི་དོམ་བལ་བྱ་རྒོད་འདྲ་བའི་མགོ།།

རུས་སྦལ་ལྐོག་མ་དཔལ་བེའི་རྭ་ལ་བཟང་།།

འབྲུག་ཁྱུང་གླང་ཆེན་འདྲ་བའི་སྤྱི་བོ་དང་།།

མཁལ་ཁུངས་བཟང་བས་འདི་འདྲའི་ས་ཕྱོགས་སུ།།

གཟའ་ཚེས་དུས་སྦྱོར་བཟོ་བོ་ཕུན་སུམ་ཚོགས།།

ཕ་མ་ཉེ་དུ་ཚང་བའི་ཁྱེའུ་དང་།།

ན་ཆུང་སྐྱེས་པས་མ་རྩེས་གཞོན་ནུ་རྣམས།།༼དཔེ་གཞན་དེར་གཙེས་ཞེས་འབྱུང་།༽

ཁྲུས་བྱས་ཆས་བརྒྱན་གསེར་སྐྱེམས་གཡུ་སྔོན་སོགས།།

མཆོད་པའི་ཡོ་བྱད་བཟང་པོས་གཞི་བདག་མཆོད།།

དབུས་དང་ཕྱོགས་བཞིར་བུམ་གཏེར་ཆེན་པོ་སྦེད།།

དེ་ནས་བསོད་ནམས་ཅན་གྱིས་ཟུར་ཐིག་འཐེན།།

མྱོང་ཅན་བཟོ་བོ་རྒན་གྱིས་ཟུར་རྡོ་བཞག།།

ཇི་ལྟར་འདོད་བཞིན་རིམ་གྱིས་ཕྱི་ནང་ཀུན།།

བཟོ་བོ་མཁས་པའི་ལག་ལ་བརྡར་ཏེ་བསྒྲུབ།།

དེ་ཡང་རྒྱ་ཁྱོན་རང་གིས་བློ་དང་བསྟུན།།

ཁང་གཞིས་ཉི་ཆའི་དབང་གིས་ཁ་ལྷོར་བསྟན།།

སྐས་ཚང་དག་ནི་ཤར་ལྷོར་འདོན་པ་སྟེ།།

དཔེར་ན་ལྷུན་པོ་སྒང་དང་སྣེ་གདོང་རྩེའི།།

སྐས་ཚང་ལྟར་བྱ་དེ་ཡི་ཚོམས་ཆེན་ལ།།

མི་གནོད་ངམས་དཀར་འགྱུ་བདེ་བཀོད་པ་ལེགས།།

གཞན་དུ་མི་ཤེས་ཁང་པའི་གཞུང་གཤགས་ཏེ།།

སྐས་ཚང་བྱས་པས་ནོངས་པ་མང་དུ་མཐོང་།།

ཀ་བ་མང་ཉུང་ཇི་ཙམ་བྱེད་ན་ཡང་།།

ཀ་གཅིག་མ་ནི་ཤིན་ཏུ་ངན་པར་བཤད།།

སྒོ་ཡི་གྲངས་ལ་སྐབས་དང་སྦྱར་མོད་ཀྱང་།།

སྒོ་གཉིས་ཐད་དྲང་ཕུགས་པ་ཤིན་ཏུ་ངན།།

གདུང་གྲངས་ཁང་པའི་ཁྱོན་དང་བསྟུན་དགོས་ཀྱང་།།

གདུང་རྩ་ཕྱིར་ཐོན་ནང་ཉུག་ཤིན་ཏུ་ངན།།

འཆམ་འགྲེམས་རྩིང་ཞིབ་ཇི་ལྟར་བྱེད་ན་ཡང་།།

འཆམ་རྩེ་ཁང་ཕྱིར་བསྟན་ན་ཤིན་ཏུ་ངན།།

ངན་དཔྱད་དེ་རྣམས་སྤང་སྟེ་འདི་ལྟར་བྱ།།

ཤར་ལྷོ་མེ་ལྷའི་མཚམས་སུ་ཐབ་ཚང་བྱ།།

ལྷོ་ཡི་ཕྱོགས་སུ་སྲུང་འཁོར་བསྐང་མདོས་བཞག།

ནུབ་ཕྱོགས་ཀླུ་དབང་ཕྱོགས་སུ་རྟེན་གསུམ་བཞུགས།

བྱང་ཤར་དབང་ལྡན་མཚམས་སུ་གཟིམས་ཆུང་བཀོད།།

བྱང་ཕྱོགས་གནོད་སྦྱིན་ཕྱོགས་སུ་མཛོད་ཕུགས་བཅོལ།།

བེད་སྤྱོད་ཕལ་ཆེར་བྱང་གིས་ཕྱོགས་སུ་བཞག།

ཁ་གདངས་སྒོ་མང་ལྷོ་ཕྱོགས་ཁོ་ན་སྟེ།།

དཀར་ཕིབས་ཆེན་མོ་ཀ་རིང་སེང་གེ་ཁ།།

ཤར་ནུབ་བྱང་གསུམ་སྒོ་ཆུང་སྐབས་དང་སྦྱར།།

རྩེ་མོར་ཕྱིན་ནས་སྤེན་ཤིང་སྤང་ལ་དང་།།

པད་འབུར་གཡམ་པ་རྩེ་དཀར་ལ་སོགས་པ།།

ཧ་ཅང་ལད་དང་བསྡུས་པ་མ་ཡིན་པ།།

རྒྱང་མཛེས་ངོས་འཇམ་ཡ་ཡོ་སྤང་པ་དང་།།

ལེགས་ཚོགས་དུ་མས་རྩེ་ལྷ་ཡང་དག་མཆོད།།

ནང་གི་བཀོད་པ་ཁྱམས་ར་ཆེ་ཆུང་དང་།།

འདོད་མཐུན་ཤག་དང་སྐས་ཚང་གྲུ་ཁུག་དང་།།

ཞལ་བ་ཤིང་རྩི་སྒོ་ལྕགས་ཤན་ལ་སོགས།།

རང་དང་ཤེས་མྱོང་ཅན་བསྟུན་མྱུར་འགྲུབ་བྱ།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤལའི་སྡོང་པོ་ལས་ཁང་པའི་བཀོད་པ་གཙོ་བོར་བསྟན་པའི་འདབ་མ་སྟེ་གསུམ་པའོ།།

དེ་ནས་དཔྱིད་ཀྱི་དུས་སུ་སླེབས་པའི་ཚེ།།

རྒྱ་མཚོའི་ཚ་ཟེར་ནུས་པ་རྒྱས་པ་ཚོར།།

རྐང་ཐུང་ཡལ་ག་ཅན་རྣམས་ལང་ཚོས་དྲེགས།།

རྩེ་མོའི་མགྲིན་པ་མ་ར་ཀ་ཏའི་མདངས།།འདི་རིན་པོ་ཆེ་མརྒད།

ཟེ་འབྲུ་ལྡན་རྣམས་མཐོན་ཀ་སྐྱུག་པ་བཞིན།།

ཀུན་ཀྱང་གེ་སར་རྒོད་པའི་རྣམ་པ་ཅན།།

རང་རང་སོ་སོའི་ཁ་དོག་ངོམ་པའི་ཚེ།།

མིག་གི་བདུད་རྩི་ཡིད་ཀྱི་དང་བ་འདྲེན།།

ས་ཆེན་འདི་ཡང་བཅུད་ཀྱིས་བལྟམས་པ་ལྟའི།།

སྔོ་ལྗང་འདྲེས་མ་ལེགས་བུའི་མིག་དང་མཚུངས་།།དཔེ་གཞན་དེར་ལིག་བུ།

ཆུ་ཀླུང་ཀུན་ཀྱང་ལྷུང་སྒྲ་འབྱིན་པར་བྱེད།།

རླུང་ཆེན་སྒྲ་ཆེན་སྒྲོགས་ཀྱང་ངར་ངད་ཞི།།

དེ་ཚེ་སོ་ནམས་ལྟ་གོན་བྱ་བ་ནི།།

བློ་ལྡན་རྒན་རབ་ངག་གི་བདུད་རྩི་མྱོང་།།

དུས་དང་ཉི་ཚོད་གྲང་དྲོའི་རྣམ་འགྱུར་བལྟ།།

དཔྱིད་དུས་དགོས་པའི་ཡོ་བྱེད་གསོག་འདུ་བྱ།།

སྟོད་ནི་ཕུ་ལ་རག་སྟེ་མིང་དུ་ཆགས།།

མདའ་ནི་ཆུ་ཆེན་ངོགས་སྟེ་ཤིན་ཏུ་དྲོ།།

བར་ནི་བསིལ་དྲོད་སྙོམས་ཏེ་འདོད་ཡོན་ཅན།།

དེ་ལ་ཕུ་མདའ་བར་གསུམ་བརྗོད་པ་ཡིན།།

སྔར་ལོའི་ནམ་ཞོད་མཇུག་རིང་ཕྱི་མའི་ལོ།།

དཔྱིད་དུས་སྔོ་ཤས་ཆེ་ན་སོ་ནམ་ཀུན།།

སྔ་ན་ལེགས་པར་མངོན་པས་ཀུན་ལ་བསྒྲགས།།

དེ་ལས་ལོག་ན་ཕྱིས་བཏབ་མ་བྱས་ཚེ།།

ས་བོན་འཁྱགས་ཤིང་ཞུ་བའི་ནུས་པ་ཡལ།།

ལོ་མ་འབྲུ་བཅུད་རྒྱས་པར་མི་འགྱུར་བས།།

དེ་ཚེ་རྟོག་གཞིབ་བཅུག་པ་གལ་མདོའི་གནད།།

དེ་ནས་ས་ཡི་རིགས་ལ་བརྟགས་བྱས་ཏེ།།

ཆུ་མ་ཐག་མ་སྐྱ་མ་རྣམ་གསུམ་ལས།།

སོ་སོའི་ཡུལ་ལུགས་དང་སྦྱར་འདེབས་མོད་ཀྱང་།།

ལུད་ཀྱི་སྦྱོར་བ་ཀུན་ལ་གཅེས་པ་ཡིན།།

དེ་ཡང་གཞི་ས་མཁྲེགས་ན་དགུན་སྨད་དུས།།

ཆུ་བྲན་འཁྱག་པས་འབོལ་ཞིང་དུལ་བར་འགྱུར།།

དེས་ཀྱང་མ་དུལ་རི་ཤིང་འོག་གི་ས།།

ངན་པ་རྒྱབ་པས་ཤིན་ཏུ་སོབ་པར་འོང་།།

གཞི་ས་ངན་ན་བཀོད་མའི་འདམ་བུ་དང་།།

ཁང་རུལ་ས་རྙིང་བྲན་ན་ལེགས་པ་ཡིན།།

བར་མའི་ས་ལ་སྤེལ་སྦྱང་ཤེས་པར་བྱ།།

འོན་ཀྱང་ས་གསར་རྒྱབ་ན་ཀུན་ལ་འཕྲོད།།

ར་ལུག་རིལ་མ་རྐང་གཉིས་གཅི་བ་དང་།།

བ་གླང་ཁྱི་ཕག་མཛོ་འབྲི་རྟ་གཡག་དྲེལ།།

བོང་བུ་སོགས་ཀྱི་གཤང་གཅི་མང་པོ་ལ།།

ཕུབ་སོག་ཤིང་ལོ་ར་ཐལ་མང་པོ་བསྲེ།།༼དཔེ་གཞན་དེར་ཕུབ་སོགས་ཞེས་འབྱུང་།ཕུབ་མ་དང་སོག་མ་བྱ་བའི་བསྡུས་ཚིག་ཏུ་སྣང་།༽

ལོ་ལྟར་བསགས་པ་མཐའ་དབུས་མེད་པར་བརྡལ།།

ཁྱད་པར་ལུད་གཞན་ཟིལ་གྱིས་རབ་གནོན་པའི།།

རྫས་ལུད་འདི་ཉིད་མཛངས་མིའི་ཐོག་མ་ལ།།

ལེགས་པར་འཁྲུངས་པ་རུ་ལས་སྐྱེས་ཀྱིས་དྲན།།

ས་བོན་ཁལ་གཅིག་བྲེ་བཞིའི་ཞིང་ཚད་ལ།།

བྱ་བྲུན་བྲེ་གང་དེ་ཡིས་འབུ་སྲིན་སྲུང་།།

ཆང་ཞིམ་བྲེ་གང་ཐན་པའི་སྐྱོན་དང་བྲལ།།

མར་ནག་ཕུལ་གང་དེ་ཡིས་བཙའ་མི་འབྱུང་།།

བུད་མེད་ཆུ་རྒོད་བྲེ་གང་སྐྱེ་ཚན་ཆེ།།

ཞུད་མ་བྲེ་ཕྱེད་སད་ཀྱི་གནོད་པ་མེད།།

སེ་རུལ་སྦང་ཁུ་བྲེ་ཕྱེད་ཆར་སྲན་ཆེ།།

སྒོག་སྐྱའི་འདབ་ཤུན་བྲེ་ཕྱེད་དར་བ་མགྱོགས།།

ཕབས་རྡོག་ཁམ་བུ་སྐམ་པོ་ཙམ་པ་བཅུ།།

དེ་ཡིས་རྫས་ཞིང་ས་བོན་ཡོངས་སུ་འཁུན།།

དེ་རྣམས་ཞིབ་བཏགས་བུད་མེད་འབྲུག་ལོ་མའི།།

མལ་འོག་ཞག་གཅིག་མནན་ཏེ་ས་བོན་དང་།།

འདྲེས་པར་སྦོལ་ཏེ་ཞིང་ལ་འདེབས་པ་ཡིན།།སྦོལ་ཞེས་པ་འདྲེས་པར་བསྲེས་པ།ས་སློག་པ།

འབྲུ་བཅུད་ལོ་འཕེལ་སྐལ་བ་བཟང་པོ་བྱེད།།

སྐྱ་རྒྱལ་འཁོར་མ་ཚེགས་ཆུང་དོན་ཆེ་འདི།།

ཟབ་ཁྱད་འདུག་མིན་ལག་ལེན་གྱིས་དང་གསལ།།

གཞན་ཡང་ལོ་ཐོག་གནོད་པ་སྲུང་བའི་ཐབས།།

སོ་སོའི་ཡུལ་ལུགས་སྦྱར་ཏེ་མོས་པར་སྤྱོད།།

དེ་ནས་སོ་ཁ་སྲུང་བའི་གྱང་རིབ་སོགས།།

ཉམས་རྒྱུས་སྟེང་ནས་ལྷག་ཆད་མེད་པར་བཀོད།།

སོ་ནམ་ས་བཟོ་མིང་སྣ་མང་ན་ཡང་།།

ཀོང་པོས་ལྟེབ་ཀད་དྭགས་པོས་རྒྱམ་ཤེས་ཟེར།།

གཡེ་པས་ཤལ་མོ་དབུས་གཙང་ར་མ་འབོད།།

གང་ལྟར་ཞིང་གི་སྟེང་དུ་རི་ཐང་གི།།༼དཔེ་གཞན་དུ་རི་མཐིང་། ཞེས་འབྱུང་།༽

རྣམ་པ་ཆེ་ཆུང་བཀོད་ལ་སྨྲ་བ་སྟེ།།

འབེན་གཟར་ཡ་ཡོ་མེད་ཅིང་ཁོད་སྙོམས་པ།།

དཔེར་ན་གཞོང་པ་དྲང་པོར་ཆུ་བླུག་བཞིན།།

ཤིན་ཏུ་ཁེངས་ཀྱང་བོ་བར་མི་འགྱུར་ལྟར།།

ཤེས་ན་སོ་ནམ་ས་བཟོ་ལེགས་པ་ཡིན།།

དེ་སྟེང་ས་བོན་གྲུང་པོ་སྐྱོན་མེད་ནི།།

ཚུད་ཞབས་གཏོར་བ་གང་མོས་སྲོལ་དང་སྦྱར།།

ཚུད་ཞབས་ཁུང་བུར་ས་བོན་ལྔ་རེ་འཕང་།།

གཏོར་བའི་སྲབ་འཐུག་འབུ་སྲིན་མང་ཉུང་ལྟ།།

ཉི་མའི་དཀྱིལ་འཁོར་གསལ་དུས་ཆུ་དང་སྦྱར།།

སྐམ་འཁྱག་ས་བོན་རུལ་ན་སླར་ཚུད་བྱ།།

འོན་ཀྱང་ཕུ་མདའ་བར་གྱི་ལོ་ཐོག་ལ།།

ས་གཞི་མ་འདྲ་ཆར་ཆུ་འོ་མ་འདྲ།།

ལུད་ནི་ལྟོ་འདྲ་གྱང་རིབ་གོས་དང་འདྲ།།

སོ་ནམ་ལས་གཞན་ལུས་ཀྱི་ག་གདར་འདྲ།།༼དཔེ་གཞན་ཞིག་ཏུ་ག་བརྡར་ཞེས་འབྱུང་།༽

སྐྱོན་བྲལ་ལྗང་པ་ནེ་ཙོའི་འདབ་གཤོག་འདྲ།།

ནར་སོན་སྦ་འཁར་ཚིགས་པས་བརྒྱན་པ་འདྲ།།

སྙེ་མ་ཟུར་དྲུག་བཻཌཱུརྱ་དང་འདྲ།།

དར་བབས་མདངས་ནི་བཙོ་མའི་གསེར་དང་འདྲ།།

ནོར་འཛིན་གུར་གུམ་ཆུ་ཡིས་བྱུག་པ་འདྲ།།

དེ་དུས་སྟོན་གྱི་བྱ་བ་ལ་གཞོལ་ཏེ།།

མ་གོད་མ་རུལ་སྐྱོན་གྱིས་མ་གོས་པར།།

རིམ་བཞིན་བསྡུས་ཏེ་བང་མཛོད་བཀང་བྱས་ནས།།

ཐོག་མར་དཀོན་མཆོག་གསུམ་ལ་མཆོད་ཡོན་སྦྲེང་།།

ཡུལ་ལྷ་བཞི་བདག་དཔོན་དང་ཕ་མ་མཆོད།།

བང་མཛོད་སྦྱིན་པ་རྒྱུ་ཡི་གཏེར་ཆེན་ཡིན།།

སྙམ་པའི་མི་དེ་ལོངས་སྤྱོད་རྒྱུན་མི་ཆད།།༼དཔེ་གཞན་ཞིག་ཏུ་བརྐམ་པའི་མི་དེ་སོགས་འབྱུང་།༽

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས་སོ་ནམ་བྱ་ཚུལ་གྱི་འདབ་མ་སྟེ་བཞི་པའོ།།

སྐུ་རྟེན་རྒྱུ་དང་བྱུང་ཚུལ་དབྱེ་བ་བཤད།།

རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པའི།།

རི་བོ་ཆེན་པོ་འོད་དུ་འབར་བ་གཉིས།།

བསྟན་པའི་སྦྱིན་བདག་རྒྱལ་པོ་ཀྲི་ཀྲི་ཡིས།།

རྒྱལ་བ་གསུམ་པ་འོད་སྲུང་ཆེན་པོ་ལ།།

ཐེག་མཆོག་སེམས་བསྐྱེད་བཟུང་ཕྱིར་རྟེན་དུ་ཕུལ།།

སྟོན་པས་བསྔགས་པ་རབ་བརྗོད་བྱིན་གྱིས་རླབས།།

དེ་ནས་མ་ག་དྷ་རུ་རྒྱུ་བླངས་སོ།།

བྱུང་ཚུལ་དགེ་སྦྱོང་ཆེན་པོ་བཞུགས་པའི་དུས།།

མཐའ་འཁོབ་རྒྱལ་པོ་ཨུཏྟྲ་ཡ་ན་དང་།།

ཡུལ་དབུས་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས།།

འཕྲད་རེས་མེད་པའི་མཛའ་བོ་ཆེན་པོར་གྱུར།།

གཟུགས་ཅན་སྙིང་པོས་སྐྱེས་ལན་མ་འབྱོར་བར།།

ཐུབ་པ་ཆེན་པོའི་དྲུང་དུ་ཞུས་པ་ལས།།

ང་ཡི་གཟུགས་བྲིས་བསྐུར་དང་འཇིག་རྟེན་ན།།

འགྲན་ཟླ་མེད་པའི་སྐྱེས་བུར་འགྱུར་རོ་གསུང་།།

འདི་ནི་བྲིས་སྐུ་ཐོག་མ་ཉིད་དུ་འདོད།།

དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས།།

འདྲེན་མཆོག་ཁྱོད་ཀྱི་སྐུ་འདྲ་འབུར་དོད་ཞིག།།

བཞེངས་ངོ་ཞེས་པའི་གནང་བ་ཞུས་པའི་ཚེ།།

ཐུབ་པ་ཆེན་པོ་དེ་ལྟར་གྱིས་ཤིག་ཅེས།།

བཀའ་སྩལ་ལྷུར་བླངས་འབུར་དོད་ཐོག་མ་ཡིན།།

དབྱེ་བ་རྒྱ་གར་དབུས་དང་ཤར་ཕྱོགས་ལྷ།།

ལྷོ་ཕྱོགས་པ་དང་ཁ་ཆེར་བསྒྲུབ་པ་དང་།།

རྒྱ་ནག་གསར་རྙིང་སྟོད་ཧོར་བོད་ལྷ་དང་།།

ཧོར་གྱི་ལྷ་རྣམས་མདོར་བསྡུས་ཙམ་ཞིག་སྨྲ།།

བལ་པོའི་ལྷ་རིགས་རྟོགས་པར་སླ་ཕྱིར་བཞག།།

དེ་ལ་རྒྱ་གར་དབུས་ཀྱི་ལྷ་རིགས་ལ།།

ལི་དཀར་ལི་དམར་ལི་ཁྲ་གང་ཡང་སྲིད།།

སྐུ་ལ་གཟུངས་གཞུག་མེད་པའི་གར་བུ་སྟེ།།

འཛམ་བུ་ཆུ་བོའི་གསེར་གྱིས་དཀྲིས་པ་དང་།།

ཤ་འགྱུར་རྒྱས་ཤིང་མཉེན་ལ་གོས་འཁྱུད་མེད།།

ཡུག་གོན་ཤམ་ཐབས་སོགས་ཀྱང་སུལ་མེད་པར།།

སྐུ་ལ་འཁྲིལ་བག་ཆགས་པའི་གཟོང་རིས་ཅན།།

རྒྱན་ལ་ཕྲ་མེད་པ་ཏྲས་བསྐོར་བ་དང་།།

ཕྲེང་བ་མེ་ཏོག་ནོར་བུ་མཛེས་པ་དང་།།

དབུ་ཡི་གཙུག་ཏོར་ཤིན་ཏུ་དྲང་བ་དང་།།

ཞལ་དཀྱིལ་སྒོང་གཟུགས་ཟླུམ་རྒྱས་མཐོ་དམན་ཆུང་།།

ཅུང་ཟད་ཤངས་རྣོ་སྙན་ཤལ་ཕྲག་པར་སླེབས།།

སྤྲུལ་སྐུ་རྣམས་ལ་སྤྱན་དབྱིབས་གཞུ་འདྲ་ཞིང་།།

དབུ་ལ་མུ་ཏིག་འོད་ཟེར་ཕྲེང་བ་དང་།།

པ་ཏྲ་མེ་རིའི་འོད་སྐོར་འཁྱིལ་བ་ཡོད།།

པད་སྟན་ཟླུམ་པོའི་ཁ་སྦྱར་འཛིངས་པད་ལ།།

ཟེ་འབྲུ་ཅན་དང་འཇམ་པད་གཟོང་རིས་ཅན།།

འདི་རྣམས་ཕལ་ཆེར་ཐོ་ལྡིང་ལོ་ཆེན་གྱིས།།༼དཔེ་གཞན་ཞིག་ཏུ་ཐོ་ལིང་ཞེས་འབྱུང་།༽

གདན་འདྲེན་བགྱིས་པའི་ཡི་དམ་མང་དུ་བྱོན།།

ཐུབ་པ་བྱམས་མགོན་འཇམ་དབྱངས་སྤྱན་རས་གཟིགས།།

གསང་འདུས་ལྷ་ཚོགས་མང་ཞིང་གཞན་ཅུང་ཉུང་།།

པཎ་ཆེན་རྣམས་ཀྱིས་རྡོ་རྗེ་གདན་དུ་མཆོད།།

འདི་ལ་དབུས་ཀྱི་ལྷ་ཞེས་མཆོག་ཏུ་འདོད།།

ཤར་ཕྱོགས་ལྷ་རྣམས་ཕལ་ཆེར་ལི་དཀར་སྟེ།།

ལུགས་གཙང་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས།།

དབུ་ཡི་གཙུག་ཏོར་རྒྱབ་ཏུ་ཅུང་ཟད་ཉེ།།

ཞལ་གྱི་སྒོ་མཛེས་སྤྱན་བར་དོག་ཉམས་ཅན།།

ཤངས་སྟོད་དམའ་ལ་ཤང་སྨད་གཟེངས་མཐོ་བ།།

དབུས་ཀྱི་ལྷ་ལས་ཤངས་དཀྱུས་འདལ་བ་སྟེ།

སྐེམ་ཞིང་ཚུགས་བཟང་འགྱིང་བག་ལྷུ་ཚིགས་རན།།

ཕྱག་སོར་དྲ་བས་འབྲེལ་ཞིང་གོས་འཁྱུད་ནི།།

སྐུ་ལ་འཁྲིལ་ཞིང་རྩིང་ཞིབ་སྙོམས་པ་ཡིན།།

ཁྲི་སོགས་དབུས་ཀྱི་ལྷ་དང་མཚུངས་པ་ལ།།

པད་འདབ་ཉིས་བརྩེགས་པད་ཁ་ཅུང་ཟད་ཞུམ།།

ཡ་པད་མ་པད་འགྲིགས་པའི་ངེས་པ་མེད།།

ཁྲི་སྟན་གདོང་གསུམ་རྒྱབ་ཡོལ་ཅན་ཀྱང་སྲིད།།

འདི་ཡི་རིགས་ཀུན་གདར་གད་དངོས་གཙང་བ།།

དོད་ཅིང་ཞིབ་ལ་གཟོང་རིས་མང་བ་སྟེ།།

ཁོག་པ་ཅན་དང་གར་བུ་གཉིས་ཀ་ཡོད།།

རིགས་ལྔ་སྲས་བརྒྱད་དོན་ཞགས་ལྷ་ལྔ་དང་།།

འཇིགས་བྱེད་བདེ་མཆོག་དུས་ཀྱི་འཁོར་ལོ་སོགས།།

རྒྱུད་སྡེ་བཞི་ཡི་ལྷ་ཡི་བྱེ་བྲག་མང་།།

བོད་ཡུལ་དབུས་སུ་དཱི་པཾ་ཀ་ར་ཡིས།།

སུམ་ཁྲི་སྤྱན་དྲངས་འགྲོ་བའི་དོན་ལ་བཞུགས།།

ལྷོ་ཕྱོགས་ལྷ་རིགས་ཕལ་ཆེར་ལི་དམར་ཏེ།།

ཞལ་གྱི་དཀྱིལ་འཁོར་དཀྱུས་ཐུང་སོག་ཀ་ཅན།།

ཤ་ཉམས་ལྷོད་ཅིང་སྤྱན་བར་ཅུང་ཟད་ཡངས་།།

ཤངས་ཀྱི་གཟེངས་དམའ་དཔྲལ་མཚམས་དབྱེས་མི་ཕྱེད།།

གཙུག་ཏོར་དྲང་པོར་གནས་ཀྱང་ཅུང་ཟད་འབེལ།།

ན་བཟའ་སྐུ་ལ་འཁྲིལ་ཞིང་གཟོང་རིས་མེད།།

ཁྲི་པད་ཡངས་ཤིང་པད་མའི་འདབ་མ་ཆེ།།

ཆིག་རྐྱང་པད་མགོ་ཅུང་ཟད་ཞུམ་པ་ལ།།

ཁ་སེར་ཟེའུ་འབྲུ་གཟོང་རིས་མཛེས་པ་ཡོད།།

ཁ་སྦྱར་པད་རྐྱང་ཅི་རིགས་ཡོང་བར་སྣང་།།

སངས་རྒྱས་བྱང་སེམས་སྒྲོལ་མའི་ལྷ་ཚོགས་དང་།།

བྱ་བའི་རྒྱུད་ཀྱི་ལྷ་ཚོགས་ཕལ་ཆེར་མང།།

འདི་རྣམས་གྲོང་ཁྱེར་ཆེན་པོ་མཐར་སྐྱེས་ནས།།

པཎ་ཆེན་པི་ཛ་ཀིརྟིས་མང་ཞིག་བསྣམས།།

ཐོ་ལྡིང་རྒྱལ་པོའི་ཕྱག་ཏུ་ཕུལ་ཞེས་ཐོས།།༼དཔེ་གཞན་ཞིག་ཏུ་ཐོ་ལིང་ཞེས་འབྱུང་།༽

ཁ་ཆེའི་ལྷ་ནི་ལི་དཀར་ལི་དམར་གཉིས།།

ཞལ་གྱི་དཀྱིལ་འཁོར་ཚོ་ལ་སྟོད་སྨད་ཆུང་།།

གཙུག་ཏོར་ནོར་བུ་ནུབ་པའི་ཚུལ་དུ་གནས།།

སྤྱན་བར་དོག་ལ་ཤངས་ཀྱི་སྒང་ཟླུམ་བཟང་།།

ཞལ་མཆུའི་སྒྲོས་འཐུག་དངུལ་ལམ་ཟངས་ཀྱི་སྤྱན།།

མུ་ཏིག་ཐོད་དང་དོ་ཤལ་གཉིས་ཀ་སྲིད།།

འགྱིང་བག་བདེ་ཉམས་ཆུང་ཞིང་ལྷུ་ཚིགས་ཐུང།།

ན་བཟའ་སྐུ་ལ་འཁྲིལ་ཞིང་གོས་འཁྱུད་རིང།།

པདྨ་འབྱིག་མོ་ཆིག་རྐྱང་འདབ་མ་ཆེ།།༼དཔེ་གཞན་དུ་འབྱིག་མི་ཞེས་འབྱུང་།༽

པད་མགོ་ཅུང་རྒྱས་ཁ་སྦྱར་རྐྱང་པའང་སྲིད།།

གདན་ཁྲི་ལ་སོགས་ཅི་རིགས་ཡོང་བ་ཡིན།།

རིགས་གསུམ་སྒྲོལ་མ་ཉེ་བའི་སྲས་བརྒྱད་དང་།།

བྱ་བའི་རྒྱུད་ཀྱི་ལྷ་ཚོགས་མང་བར་བཤད།།

འདི་རྣམས་ཕལ་ཆེར་པཎ་ཆེན་ཤཱཀ་ཤྲཱི་དང་།།

དཱ་ན་ཤཱི་ལ་རཀྵི་ཏ་རྣམས་ཀྱིས།།

གདན་འདྲེན་བགྱིས་ཏེ་བོད་དུ་བྱོན་པ་ཡིན།།

ཐུབ་པ་མྱ་ངན་འདས་ནས་ལོ་བརྒྱ་ན།།

རྒྱ་ནག་རྒྱལ་པོ་བུ་ཟི་ཐན་གྱི་སྲས།།

ཅོང་ཀིང་ཟུང་ཧུང་གིས་ནི་རྒྱ་ནག་ལྷ།།

བརྒྱད་ཁྲི་བཞེངས་པ་རྣམ་འགྱུར་འདི་ལྟར་སྟེ།།

རྒྱུ་ནི་ལི་དཀར་ལི་དམར་གཉིས་ཀ་སྲིད།།

བཙོ་མ་གསེར་གྱིས་གཡོག་པའི་འོད་ཟེར་ཅན།།

ཡན་ལག་ཁེངས་ཤིང་སྦོམ་ལ་ཤ་རྒྱས་པ།།

སྤྱན་དཀྱུས་ཐུང་ཞིང་ཅུང་ཟད་ཞལ་ལྐོ་རིང་།།

ཉིང་ལག་ཐུང་ཞིང་སྤྲུལ་སྐུ་མདུན་ཕྱོགས་རྒུ།།

རྒྱན་ཅན་རྣམས་ལ་ཨུཏྤལ་དོ་ཤལ་དང་།།

རིན་ཆེན་ཕྲ་ཚོམ་བབ་ལེ་དར་དཔྱངས་དང་།།

དབུ་ལ་དར་ཐོད་སུམ་ཕྲེང་ཅོག་ཞུ་གྱོན།།

སྟེགས་བུ་ལ་གནས་ཕྱེད་དཀྱིལ་རོལ་པ་དང་།།

རྡོ་རྗེ་དཀྱིལ་ཀྲུང་ལ་སོགས་ངེས་པ་མེད།།

གོས་འཁྱུད་ཕྲ་ཞིང་ཞིབ་ལ་ཁབ་རྩེ་འདྲ།།

ལ་ལར་སྦོམ་ཞིང་རག་པའང་སྲིད་པ་ཙམ།།

སྐུ་ཡི་སྒྲོམ་ནི་གཟུངས་ཁང་སྟོང་པ་སྟེ།།

འདི་ལ་ཕལ་ཆེར་བྱམས་མགོན་རྣམ་སྣང་དང་།།

འཇིག་རྟེན་དབང་ཕྱུག་ཐུབ་པ་གྲོང་ཁྱེར་མ།།

ཕལ་ཆེར་སྤྲུལ་པའི་སྐུ་དང་སེམས་དཔའང་མང་།།

རྒྱ་བཟའ་ཀོང་ཇོས་སུམ་སྟོང་བོད་དུ་བསྣམས།།

འདི་ལ་རྒྱ་ནག་ལི་ཞེས་ཟེར་བར་སྣང་།།

རྒྱ་ནག་གསར་མ་ཐུགས་དམ་ལྷ་ཞེས་དང་།།

སྐུ་རིམ་མ་གཉིས་བཤད་པ་རྒྱུ་ཕལ་ཆེར།།

རག་རྙིང་དག་ལས་བྱས་པ་མང་བ་ཡིན།།

སྔ་མ་ལེགས་ཤིང་ཕྱི་མ་ཞེལ་བར་འདོད།།

རྒྱུ་དང་བཟོ་རིགས་སྔ་མ་དང་མཚུངས་ལ།།

ལྗང་གསེར་སྔོན་མོས་གཡོག་པའི་སྐུ་གཟུགས་ནི།།

ཁྲི་སྟན་གྲུ་བཞི་རྐང་བཞི་ལྡན་པ་དང་།།

རྒྱབ་ཡོལ་པད་གཟུགས་འོད་ཟེར་དྲ་བས་བསྐོར།།

ཁྲི་དང་ཁྲི་ཡོལ་མཆོད་རྫས་ཁྱེར་བ་ཡིན།།

མི་དང་རྒྱལ་པོ་གཅན་གཟན་རི་ཤིང་དང་།།

རྒྱ་ནག་ཡི་གེ་འཇམ་བརྐོས་གྲུབ་པ་དང་།།

ཟོང་རིགས་མང་པོས་བརྒྱན་པའི་མཚར་ཅན་དེ།།

འོད་དཔག་མེད་དང་མི་ཕམ་མགོན་པོ་དང་།།

མཚན་ལེགས་རྒྱ་མཚོའི་དབྱངས་དང་གངས་ཅན་མཚོ།།

ཕལ་ཆེར་སྤྲུལ་སྐུའི་ལྷ་མང་སེམས་དཔའ་ཡོད།།

འདི་རྣམས་སྟོབས་ལྡན་རྒྱལ་པོ་ཆེ་མཆོག་གིས།།

བྷ་ཏང་རྒྱལ་པོ་བཅོམ་ཚེ་ལི་བླངས་ནས།།

སྡིག་པ་སྦྱང་ཕྱིར་སུམ་ཁྲི་བཞེངས་པའི་ཕུད།།

ཉིས་བརྒྱ་ལྔ་བཅུ་ཕག་མོ་གྲུ་རུ་ཕུལ།།

འདི་ལ་སྟོད་ཧོར་ལི་ཞེས་འབོད་པར་སྣང་།།

བོད་ལྷ་རྙིང་མ་སྲོང་བཙན་སྒམ་པོ་ཡིས།།

ཁྲ་འབྲུག་ལྷ་རྣམས་བཞེངས་ཚེ་འཕེལ་བ་ལ།།

ལི་དམར་གཙང་མ་ཡོད་པ་ཤས་ཆེ་སྟེ།།

དཀར་དམར་ཤོ་སྒྲིགས་བྱས་པའང་མང་ཞིག་སྣང་།།

ཞལ་གྱི་དཀྱིལ་འཁོར་ཁྱོན་ཡངས་ཤ་ཉམས་འབོལ།།

ཞལ་རས་སྟོད་སྨད་རྒྱས་ཞུམ་མེད་པ་ལ།།

ཅུང་ཟད་དཀྱུས་རིང་སྐུ་ཡི་ཚུགས་ལེགས་པ།།

ཤ་ཉམས་ཆེ་ཞིང་སོར་མོའི་སྒྲོས་གཙང་བ།།

ན་བཟའ་དར་དཔྱངས་ལྷུབ་ཅིང་གོས་འཁྱུད་ཉུང།།

པདྨ་ལ་སོགས་ལྷོ་ཕྱོགས་པ་དང་མཚུངས།།

ཁྱད་པར་ཆོས་རྒྱལ་སྐུ་ལ་ལ་ཐོད་དང།།

ན་བཟའ་བེར་དང་ཕྱག་ཡོད་གཟོང་རིས་ཅན།།དཔེ་གཞན་དུ་ཕྱོགས་ཡོད་ཞེས་འབྱུང་།

དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས།།

སྤྲུལ་པའི་དམག་གིས་ལི་བཅོམ་རྒྱུ་ཚོགས་བླངས།།

སྐུ་གཟུགས་གྲངས་མེད་ཆེ་ཆུང་སྣ་ཚོགས་ཞིག།།

དགེ་རྒྱས་བྱེ་མིའི་གླིང་དུ་ལུགས་སུ་བསྒྲུབས།།

རྒྱུ་ནི་དཀར་དམར་ལི་དང་ཟངས་ནག་དང་།།

རག་སྐྱ་བོད་གསེར་ཁ་བསྒྱུར་གཡའ་བྲལ་བ།།

མིག་དཔངས་མཐོ་ལ་དཔྲལ་བའི་དབྱིངས་ཆེ་བ།།

སྙན་ཤལ་ཐུང་ཞིང་ཤ་འགྱུར་ཤིན་ཏུ་ལེགས།།

གོས་འཁྱུད་ཁ་ཆེའི་ལྷ་དང་མཚུངས་པ་སྟེ།།

རྒྱན་ཅན་རྣམས་ལ་དབུ་རྒྱན་རྣམ་གསུམ་མ།།

རྩེ་མོ་རུབ་ཅིང་དབུ་རྒྱན་རལ་པ་མཐོ།།

སྤྲུལ་སྐུ་ཕོད་ཐུང་ཅན་གྱི་སྟོད་གཡོག་དང་།།དཔེ་གཞན་དུ་ཕོ་དུང་ཞེས་འབྱུང་།

ཞབས་ལྷམ་གསོལ་དང་གཙང་མ་གཉིས་སུ་འདོད།།

ངོ་བོ་དབུས་ཀྱི་ལི་མ་ཡིན་མོད་ཀྱང་།།

འདི་ལ་གཟུངས་ཁང་ཡོད་པས་ཁྱད་པར་དབྱེ།།

རིགས་ལྔ་ཡབ་ཡུམ་བྱང་སེམས་བཅུ་གཉིས་དང་།།

བདེ་གཤེགས་བདུན་དང་སངས་རྒྱས་སུམ་ཅུ་གཉིས།།

བྱ་རྒྱུད་ལྷ་ཡི་བྱེ་བྲག་མང་བ་ཡིན།།

འདི་ལ་ཆོས་རྒྱལ་ལི་མ་ཞེས་སུ་གྲགས།།

བོད་ལྷ་གསར་མ་སླེའུ་ཆུང་པ་དང་།།

པདྨ་མཁར་པ་གཉིས་སུ་ཤེས་པར་བྱ།།

བྱད་བརྡར་སྐྱེ་མཆེད་གཙང་བ་སླེའུ་ཆུང་།།

ཚུགས་བཟང་འགྱིང་བག་ཅན་དེ་པདྨ་མཁར།།

དེ་ལྟར་ལྷ་རིགས་རྣམ་པ་སྣ་ཚོགས་ཀྱི།།

རྒྱུ་ནི་ཤིང་དང་རྡོ་དང་འཇིམ་པ་སོགས།།

གང་ཡང་སྲིད་པའི་ཧོར་ལྷ་ཕལ་ཆེར་ནི།།

ཤིང་ལས་བགྱིས་ཤིང་ཇོ་རྩེ་བྱུག་པ་མང་།།

ཀ་མ་རུ་པའི་རྡོ་ལས་ལེགས་གྲུབ་པའི།།

ཡུལ་དབུས་ལྷ་ཡང་འགའ་རེ་མཐོང་བ་ཡིན།།

རྡོ་རྗེ་ཀླུ་ཡི་འཇིམ་པ་ལས་གྲུབ་པའི།།

སངས་རྒྱས་མཛད་པ་བཀོད་པ་དག་ཀྱང་སྣང་།།

གསུང་རྟེན་ཁྱད་པར་འཕགས་པ་གོས་ཤོག་ལ།།

མེ་ཏོག་ཟླུམ་བརྩེགས་རི་མོས་སྤྲས་པ་ནི།།

ཤིན་ཏུ་འཇམ་མཉེན་ཁ་དོག་དམར་སྐྱ་སྟེ།།

བཻཌཱུརྱ་ཡི་ཞུན་མ་སྔོ་སྐྱས་བྲིས།།

དེ་ནི་གླེགས་བམ་མཆོག་ཏུ་འདོད་པ་ཡིན།།

ཧོར་གྱི་ཤོག་བུ་འབོལ་མཉེན་ལེགས་པ་དང་།།

ཅུང་ཟད་ཁྲོ་ཉམས་ཡོད་པ་ལོད་པར་གྲགས།།

རྒྱ་ནག་ཤོག་བུ་ཕལ་ཆེར་མཉེན་ལ་སོབ།།

རྒྱ་གར་དུ་ནི་ཤིང་གི་ཤུན་པ་དང་།།

གྲོ་ག་གཉིས་ལ་བྲིས་པ་མང་བར་སྣང་།།

མོན་དུ་ཆོས་རྒྱལ་གན་ཤོག་ཅེས་པ་དང་།།

བསམ་སྡེ་གན་ཤོག་དུང་རང་རོང་ལ་སོགས།།༼དཔེ་གཞན་དུ་རོད་ལམ་ཞེས་འབྱུང་།༽

ཁ་གྲུ་ཡངས་ཤིང་དཀར་འབོལ་མཚོ་མེད་མཆོག།།

ཀོང་ཤོག་ཁྲུ་དང་བྱ་ཁྱུང་ལེགས་པ་སྟེ།།

གཞན་མ་ཀུན་ནི་སྦྲང་ཤོག་ཅེས་སུ་གྲགས།།

དེ་ལ་ཤོག་གད་མཁན་གྱིས་ལེགས་སྦྱར་བའི།།

ཤིན་ཏུ་འཐུག་འབོལ་དཀར་བ་མཆོག་ཏུ་འདོད།།

རམས་ཚོས་སྨན་ཚོས་དུག་ཚོས་རིམ་པ་བཞིན།།

གོང་མ་མཆོག་ཡིན་གཞན་རྣམས་ལོད་པར་བཤད།།

དེ་ལ་རིན་ཆེན་གསེར་གྱི་ཁུ་བས་བྲི།།

དེ་ཡང་གསེར་གྱི་མཆོག་ནི་ཚེ་རིང་བྱས།།

འཛམ་བུ་ཆུ་ཡི་གསེར་ཟོས་དེ་ཡི་བྲུན།།

དཀར་སེར་འཁྲུགས་པ་གསེར་གྱི་མཆོག་ཏུ་བཤད།།

དེ་འོག་གར་ལོག་གསེར་ནི་དམར་ཤས་ཆེ།།

དེ་ལས་གཞན་པ་ཕལ་པའི་གསེར་དུ་འདོད།།

དེ་སོགས་གསེར་གྱི་རིགས་ནི་ཐམས་ཅད་ལ།།

བཞུ་བཏུལ་མཁན་གྱིས་ཤིན་ཏུ་འཇམ་པར་བྱས།།

དེ་ཉིད་བཙོ་ལེགས་གཟི་འོད་འབར་བ་ནི།།

ཤིན་ཏུ་གར་བ་མཆོག་ཏུ་ཤིས་པར་བཤད།།

དེ་བཞིན་གཤེགས་པའི་བཀའ་ཡི་གླེགས་བམ་བྲི།།

ཐུགས་རྟེན་རྒྱ་གར་རྒྱ་ནག་བོད་དུ་གསུམ།།

མ་ག་དྷ་རུ་བྱང་ཆུབ་ཆེན་པོ་དང་།།

ཝ་ར་ཎ་སིར་སྒོ་མང་མཆོད་རྟེན་ཏེ།།

གཉན་ཡོད་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནོ།།

གསལ་ལྡན་ཡུལ་དུ་ལྷ་བབས་མཆོད་རྟེན་དང་།།

སེར་སྐྱར་སྐུ་བལྟམས་པདྨ་སྤུངས་པ་ཉིད།།

དམར་བུ་ཅན་དུ་སྐུ་ཚེ་བྱིན་རླབས་དང་།།

རྒྱལ་པོའི་ཁབ་དང་མཉན་ཡོད་ལ་སོགས་པར།།

དགེ་འདུན་དབྱེན་ཟླུམ་མཆོད་རྟེན་ཆེན་པོ་དང་།།

རྩྭ་མཆོག་དྲུང་དུ་མྱང་འདས་མཆོད་རྟེན་རྣམས།།

དཀར་དམར་ལི་ལས་གྲུབ་པ་དར་མོད་ཀྱི།།

རྒྱ་ནག་ཡུལ་དུ་ལྗང་སེར་གསེར་གྱིས་གཡོག།།

བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀ་དར།།

ཁ་བ་ཅན་དུ་ལྷ་བབས་རྣམ་རྒྱལ་དང་།།

སྐུ་ཚེ་བྱིན་གྱིས་རླབས་པའི་མཆོད་རྟེན་དར།།

གྷནྡྷོ་ལ་ཞེས་བྱང་ཆུབ་ལྗོན་ཤིང་དང་།།

ཀ་མ་རུ་ཡི་རྡོ་བ་དཀར་ནག་ལས།།

གྲུབ་པའི་རྡོ་རྗེ་གདན་གྱིས་བཀོད་པ་ཡོད།།

བོད་ཀྱི་པད་སྤུངས་ར་གན་རྙིང་མའམ།།

ལི་ལས་གྲུབ་པ་གཉིས་ཀྱི་མཚན་ཉིད་བཤད།།

པདྨ་ཁ་སྦྱར་ཆིག་རྐྱང་ཁ་སྦྱར་བྱེད།།དཔེ་གཞན་དུ་གྱེད་ཞེས་འབྱུང་།

མས་མཐར་མུ་ཏིག་ཆེ་ཆུང་སྙོམས་པས་སྤྲས།།

ཆོས་འཁོར་བཅུ་གསུམ་ཐུང་ཞིང་ཅུང་ཟད་རྒྱས།།

རྩེའི་གདུགས་ཆུང་སྦུབ་ཁ་ཕྱང་ཡོད་མེད་གཉིས།།

རྩེ་མོར་ཉི་ཟླའམ་པདྨ་བུམ་བུམ་སྤྲས།།༼འདི་མེ་ཏོག་པདྨ་ཁ་ཕྱེ་མ་རག་པ་སྟེ། གང་བུ།༽

འདི་ཡི་རིགས་ལ་ལྕགས་ལྟེ་མ་དང་ནི།།

མེ་ཞབས་མ་མཚམ་མ་གསུམ་ཡོད་པར་གྲགས།།

འདི་གསུམ་རྩོད་མེད་ནང་གཞུག་སངས་རྒྱས་ཀྱི།།

རིང་བསྲེལ་རེ་བཞུགས་ཇོ་བོས་རབ་གནས་མཛད།།

འཇིག་རྟེན་ལུགས་ཀྱིས་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས་སྐུ་གསུང་ཐུགས་རྟེན་གཅིག་ཏུ་བྱས་པའི་འདབ་མ་སྟེ་ལྔ་པའོ།། །།

ཚོང་དང་ཁེ་བོག་ནོར་གྱི་དཔྱད་གཞི་ནི།།

མཁས་པའི་གསུང་གི་རྗེས་སུ་འབྲང་བྱས་ཏེ།།

རིན་ཆེན་ལ་སོགས་དབྱེ་བ་རིན་ཐང་འགོད།།

རིན་པོ་ཆེ་ལ་མཆོག་དམན་གཉིས་སུ་འདོད།།

དེ་ཡང་རབ་ཀྱི་འཛམ་བུའི་གླིང་འདི་ན།།

གསེར་གླིང་ཟངས་གླིང་སེངྒ་ལ་ཡི་གླིང་།།

རྔ་ཡབ་གླིང་སོགས་མང་དག་ཉུལ་བྱས་ཏེ།།

ཡིད་བཞིན་ནོར་བུ་རིན་ཆེན་དུ་མ་ལེན།།

དེ་ནས་འཛམ་གླིང་འདི་ཡི་ནང་འཁོར་དུ།།

བྷ་གཱ་ལ་དང་ལྷོ་ཕྱོགས་མཐར་སྐྱེས་བགྲོད།།

ནཱ་གར་ཀོ་ཊ་ནུབ་ཕྱོགས་གྲིབ་སྟེན་དང་།།༼དཔེ་གཞན་དུ་གྲིབ་བསྟན་ཞེས་འདུག༽

ཨོ་རྒྱན་ཡུལ་སོགས་ཚོང་འདུས་དུ་མར་འགྲིམས།།

དེ་ནས་གངས་ཅན་རི་ཡི་སུལ་ནང་དུ།།

ལྷོ་ཡི་ལས་སྒོ་བྱང་གི་ཚྭ་ཁ་དང་།།

ནུབ་ཀྱི་མདོལ་ཁ་ཤར་གྱི་དར་རྩེ་མདོ།།

ཚོང་འདུས་ཆེ་ཆུང་མེད་པར་རྒྱུ་ཞིང་སྤྱོད།།

ད་ལྟ་འབྱོར་པ་ཆེ་དང་ལྡན་པ་འདི།།

སྔ་མའི་སྦྱིན་ཤུགས་ཡིན་པར་མི་ཤེས་ཏེ།།

རང་གི་བྱེད་པས་ཡིན་སྙམ་དྲེགས་པར་སྣང་།།

རང་འདོད་གྲུབ་ན་གཞན་ལ་རྩི་ཚོད་ཅི།།

སྦྱོར་བ་འདི་འདྲས་སླར་ཡང་ངན་འགྲོར་འཕེན།།

འོན་ཀྱང་རི་བོ་གསེར་སྒོམ་མ་བྱས་པར།།

མཆོག་དམན་སྦྱིན་པས་བསྐྱངས་ན་དོན་ཆེན་འགྲུབ།།

དེ་ལ་ཉེ་བར་མཁོ་བའི་མདོ་དོན་ནི།།

མཐའ་ཡི་རྒྱ་མཚོ་བགྲོད་དཀའ་བརྒལ་བྱས་ཏེ།།

གླིང་ཕྲན་ཀུན་ནས་འབྱུང་བའི་ཡིད་བཞིན་ནོར།།

ངོ་བོ་རང་གི་རྣམ་དཀར་དགེ་ལེགས་ཀྱིས།།

ལེགས་པར་བསྐྲུན་པའི་གཟུགས་སུ་ཁོ་བོ་འདོད།།

དེ་ཕྱིར་བསོད་ནམས་ལས་གྲུབ་བཻཌཱུརྱ།།

ཁ་དོག་སྔོ་སྐྱ་ཟུར་དྲུག་ཤིན་ཏུ་དངས།།

ཡིད་བཞིན་དབང་གི་རྒྱལ་པོ་དགོས་འདོད་འབྱུང་།།

འདི་ལ་ལྷ་མི་ཀུན་གྱིས་རིན་ཐང་གི།།

དབྱེ་བ་མ་ཕྱེད་དེ་ཕྱིར་རིན་ཐང་མེད།།

རིན་ཆེན་ཀུན་གྱི་མཆོག་ཏུ་འདོད་པ་ཡིན།།

དེ་འོག་དམན་པའི་རིན་ཆེན་རྡོ་ཤེལ་རིགས།།

དམར་སེར་ཉི་འོད་ཕོག་ཚེ་མུ་ཏིག་འདྲ།།

དབྱིབས་ནི་རྒྱང་མའི་རྡེའུ་ལྟ་བུའམ།།༼དཔེ་གཞན་དུ་མདེའུ་ཞེས་འབྱུང་། རྒྱང་མ་ནི་མདའ་སྟེ་དེའི་རྩེ་མོ་ཟེར་རམ་དཔྱད།༽

བྱིའུའི་སྒོང་གཟུགས་ལྟ་བུར་འབྱུང་བ་ཡིན།།

རིན་ཆེན་ཕ་ལམ་ཞེས་སུ་གྲགས་པ་སྟེ།།

འདི་ཡིས་འཇོམས་པར་མི་ནུས་དངོས་པོ་མེད།།

ལུས་ལ་བཅིང་ན་ཀླུ་ཡི་གདོན་ལས་ཐར།།

ཆེ་ཆུང་ཕུག་རོན་སྒོ་ངའི་ཚད་ཙམ་ལ།།

གསེར་གྱི་མན་ཆ་ཁྲི་དང་སུམ་སྟོང་བྱ།།

རྡོ་ཤེལ་སྔོ་ན་ཨིནྟྲ་ནི་ལ་སྟེ།།

སྒོ་སྐྱ་ཨནྟ་སྙིལ་དུ་འབོད་པར་སྣང་།།

མཚལ་གྱི་མདོག་འདྲ་པདྨ་རཱ་ག་ཡིན།།

རྒྱ་སྐྱེགས་འདྲ་ན་ནལ་ཞེས་འབོད་པར་སྣང་།།

ལྗང་གུའི་མདོག་འདྲ་མརྒཏྟཱ་ཞེས་ཟེར།།

ལྗང་སྔོན་དངས་མ་མཐོན་གའི་མིང་དུ་འབོད།།

སེར་སྐྱ་ཀེ་ཀེ་རུ་ཞེས་གྲགས་པའོ།།

འདི་རྣམས་རྡོ་ཤེལ་ངོ་བོར་མཚུངས་པ་དང་།།

ཆེ་ཆུང་ངང་པའི་སྒོ་ང་ཙམ་ཡོད་ན།།

གསེར་གྱི་ཞོ་ཐང་ཁྲི་ཚོ་རེ་རེ་ཡིན།།

ལི་ཁྲ་རིན་ཆེན་སྣ་ཚོགས་འདུས་པ་སྟེ།།

འདི་ཡང་རིན་ཐང་དཔྱད་པ་མ་མཐོང་ངོ་།།

གཞན་དུ་ལི་དཀར་ལི་དམར་ལི་སྨུག་གསུམ།།

གསེར་གྱི་བདུན་འགྱུར་ཡིན་ཀྱང་གོང་བཞིན་མཆོག།།

རྒྱུ་ཡི་ངོ་བོ་ལུགས་རིགས་རིན་ཆེན་ལ།།

སེར་པོ་གསེར་ཡིན་དཀར་དངས་དངུལ་ཞེས་བརྗོད།།

སེར་སྐྱ་ར་གན་དམར་པོ་ཟངས་ཞེས་བྱ།།

སྔོན་པོ་ལྕགས་ཡིན་སྐྱ་ཉིལ་ཤ་རྩེར་འབོད།།

སྔོ་སྐྱ་ཞ་ཉེ་སྔོ་ནག་ཞ་ཉེ་ནག།།

དེ་རྣམས་དོན་སྤྱི་ཙམ་དུ་བཀོད་མོད་ཀྱི།།

ཞིབ་པར་ཕྱེ་ན་གསེར་གྱི་བྱེ་བྲག་ལ།།

གསེར་མདོག་གཞན་དང་བསྡུར་ཚེ་མཆོག་ཏུ་སྣང་།།

བརྡུངས་ཚེ་མཉེན་གྱོང་ཤ་རྩེ་འདྲ་བ་ན།།

འཛམ་བུ་ཆུ་བོའི་གསེར་ཞེས་བྱ་བ་ཡིན།།

རྒྱ་མཚོའི་འགྲམ་གྱི་བྲག་རི་ཆེན་པོ་ལ།།

བྱེའུ་མེ་ཟན་ཞེས་བྱའི་བྲུན་ལས་བྱུང་།།

ཁ་དོག་དམར་སྨུག་ཤིན་ཏུ་བཞུན་པ་ཡིན།།

ངམས་དམར་གྱོང་བ་ཁམས་ཀྱི་སྤོ་འབོར་གསེར།།

སྔོ་ཞིང་མཉེན་པ་སྟོད་ཀྱི་གུ་ལང་གསེར།།༼དཔེ་གཞན་དུ་ཁམས་ཀྱི་གུ་ལང་ཞེས་འབྱུང་།༽

ནག་འཇམ་མཉེན་པ་འཇང་གི་གསེར་ནག་དང་།།

སྔོ་ཉལ་ཤིན་ཏུ་གྱོང་བ་འཇང་གསེར་དངོས།།

རིན་ཐང་དངོས་པོ་གཞན་གྱིས་འདི་ལ་འབྱེད།།

དངུལ་ནི་རྒྱ་དངུལ་འོ་མའི་མདོག་འདྲ་ཞིང་།།

ཤིན་ཧུན་མ་ནི་དངུལ་རིགས་ཟུར་པ་སྟེ།།

ཤིན་ཏུ་བཟང་བ་ཅིག་ལ་ཟེར་བ་ཡིན།།

སྔོར་སྐྱར་སྣང་ན་འཇང་གི་དངུལ་དུ་འདོད།།

འོན་ཀྱང་ཕྱིས་རྟིང་ཞག་གིས་ཕོབ་པ་ན།།༼དཔེ་གཞན་དུ་ཕོག་པ་ན་ཞེས་འབྱུང་།༽

དཀར་འབོལ་དངས་པ་དངུལ་གྱི་མཆོག་ཡིན་ནོ།།

དེ་ལས་མདོག་འགྱུར་ཟངས་དང་ར་གན་ཡོད།།

གསེར་ལ་དངུལ་གྱི་དྲུག་འགྱུར་བྱེད་པ་ཡིན།།

ར་གན་ས་ལས་བྱུང་བའི་གསེར་མདོག་དང་།།

ཟངས་ལ་རག་རྡོས་བསྒྱུར་བའི་སེར་པོ་གཉིས།།

དང་པོ་མཆོག་ཡིན་ཕྱི་མ་རིན་ཐང་ཆུང་།།

འོན་ཀྱང་ཞོ་རེར་རྩེ་ཉག་བཞི་མའོ།།

ཟངས་དམར་ལ་ནི་ཕུ་མ་འཕྱར་མ་གཉིས།།

དེ་ལ་ཟངས་རྡོ་ཕུ་ཡིས་ཕྱེ་བ་ལ།།

ལི་དམར་འདྲ་བ་འབྱུང་སྟེ་རབ་ཏུ་འདོད།།

ཕུས་གདབ་མ་ལ་རླུང་ལ་འཕྱར་བ་ཡིས།།

ཅུང་ཟད་སླད་དང་འདྲེས་པས་བཙོད་ཁ་ཟེར།།

ཞོ་རེའི་ཁུང་དུ་རྩེ་ཉག་དྲུག་མ་ཡིན།།

ལྕགས་ཀྱི་རབ་ནི་རི་མོ་ཤ་སྤུ་འདྲ།།

ཞིབ་པར་བལྟས་ཚེ་ཁ་དོག་སྔོ་དམར་འདྲེས།།

འདི་ལ་མཐིང་རྡོ་ཞེས་བྱ་སྟོད་ནས་འབྱུང་།།

རི་མོ་སྤྲིན་པའི་གཟུགས་འདྲ་དཀར་ཞིང་དཀྲོན།།

ཞིབ་རྩིང་དབྱེ་བས་ཕོ་ཤེལ་མོ་ཤེལ་ཟེར།།

འདི་ནི་མོན་དང་རྒྱ་ཧོར་ཀུན་ནས་འབྱུང་།།

གྲི་ཚད་རེ་ལ་གསེར་སྲང་གསུམ་རེའི་གོང་།།

གཞན་ཡང་ལོར་ལྕགས་མཁྲེགས་ཤིང་ཤིན་ཏུ་ཁྲོ།།

བོད་ལྕགས་མདོག་དཀར་ཀོང་ལྕགས་སྔོ་ཞིང་ནག།།

ཁམས་ལྕགས་ངར་ཆེ་རྒྱ་ལྕགས་རྣོ་ཞིང་མཉེན།།

གོང་ཐང་སོ་སོའི་ཡུལ་ལུགས་དང་སྦྱར་མཛོད།།

ཤ་དཀར་ཚིགས་མ་ཅན་དེ་ངན་པ་སྟེ།།

ཞུད་ཀྱི་ངད་ལ་གསེར་མདོག་བྱུང་ན་བཟང་།།

གོང་ཐང་ར་གན་དག་དང་མཚུངས་པར་སྣང་།།

ཞ་ཉེ་ས་དང་མ་འདྲེས་བཟང་བར་བཤད།།

གོང་ཐང་མེད་མོད་སློང་བའི་སྲོལ་དུ་འདུག།།

ད་ནི་རྡོ་རིགས་སྙིགས་མའི་རིན་ཆེན་ལ།།

ངོ་བོ་རྒྱུ་ནི་གཟི་ཡི་རིགས་ཡིན་ཀྱང་།།

དམར་ཁྲར་འདུག་ན་མ་ན་ཧུ་ཞེས་བརྗོད།།

དཀར་པོར་འདུག་ན་གཡང་ཡུ་འུ་ཞེས་ཟེར།།

ཤིན་ཏུ་ཁྲ་ན་ཕྱོགས་འདིར་གཟི་ཡིན་མོད།།

དམར་སེར་འཇོང་མོ་ཟུར་དྲུག་ཡོད་པ་ལ།།

སོར་གསུམ་གཞུང་མིག་ཅན་དེ་མཆོང་ཞེས་བྱ།།

འདི་རྣམས་སྐྱེས་པའི་མཐེ་བོང་ཆེ་ཙམ་ལ།།

དང་པོ་ཞོ་རེའི་རིན་ཐང་བཅད་པར་སྣང་།།

གཞན་ཡང་སྦུར་ལེན་འདི་ན་སྤོས་ཤེལ་ཟེར།།

སེར་དངས་ཁ་ཆེ་བྷྲི་ལིའི་ཡུལ་ནས་འོང་།།

དམར་དངས་མངའ་རིས་ཧོར་དང་རྒྱ་མཚོ་ནས།།

དཀར་སྐྱ་མོན་དང་སོག་པོའི་ལག་ནས་འོང་།།

ལྷུན་གྲུབ་གཅིག་དང་བཅོས་མ་གཉིས་སུ་འདོད།།

ལྷུན་གྲུབ་དེ་ལ་ལྦུ་བ་མི་འབྱུང་ཏེ།།

བཅོས་མའི་ནང་དུ་ལྦུ་བ་སྦྲང་གཤོག་འབྱུང།།

གོང་ཐང་རབ་ལ་ལྡབ་དང་འབྲིང་སུམ་སྐོར།།

ཐ་མ་ལ་ནི་དྲུག་སྐོར་བྱེད་པ་ཡིན།།

ལུས་ལ་བཅིང་པས་ནམ་གཟེར་མགོ་གཅོང་འཐོན།།

ཆུ་ལས་བྱུང་བའི་རིན་ཆེན་མུ་ཏིག་ནི།།

སྲོག་ཆགས་སྤང་རྩི་ཞེས་བྱ་ཉ་ལྕིབ་འདྲ།།

དེ་ཡི་ནང་ལྟོ་དག་ལས་གྲུབ་པ་དང་།།

རྒྱ་མཚོར་ཆར་ཐིག་ཉ་དཔྱིབས་ཀྱིས་མིད་པས།།

ལྟོ་བར་ཆགས་པ་རྣམ་པ་གཉིས་སུ་འདོད།།

དམར་པོ་མཆོག་དང་འཇའ་འོད་འཕྲོ་བ་འབྲིང་།།

དཀར་སྐྱ་སྔོན་པོ་ཤུན་རིམ་ཅན་དེ་ངན་།།

མུ་ཏིག་རྡོག་རེ་ཞོ་རེ་ཡོད་པ་ལ།།

གསེར་སྲང་རེ་ཡིན་སྲན་མའི་ཚད་ཙམ་ལ།།

ལྔ་སྐོར་འབྲིང་ལ་སུམ་སྐོར་བྱེད་པར་སྣང་།།

ཐ་ཆུང་ལ་ནི་མཉམ་བརྗེས་བྱེད་མོད་ཀྱི།།

ལུས་ལ་བཅིང་ན་སྐྱེས་བུའི་ཚེ་བསྲིང་ངོ་།།

རིན་ཆེན་བྱུ་རུ་མཚོ་འགྲམས་བྱེ་མའི་ཤིང་།།

རྩ་བ་དཀར་ཞིང་ཉི་མ་ཕོག་ས་དམར།།

གསར་པའི་དུས་སུ་ཚོས་ཀྱི་བསྒྱུར་བའང་ཡོད།།

རབ་ལ་གསེར་དང་ཕྱེད་དང་དོ་བརྗེས་བྱེད།།

འབྲིང་དང་ཐ་མ་དེ་ཡིས་ཤེས་མོད་ཀྱི།།

ལུས་ལ་བཅིང་ན་ཟས་ནོར་འཕེལ་བར་བཤད།།

གསེར་གྱི་གཡའ་ལ་མུ་མེན་འབྱུང་བ་སྟེ།།

གསེར་འདྲེས་བཟང་ཞིང་མཁར་གོང་འདྲེས་པ་ངན།།

དྲུག་གཞོག་སོར་གསུམ་ཡོད་ལ་གསེར་ཞོ་རེ།།

ཧྲིལ་མོ་ལ་སོགས་དེ་ཡི་གོང་ཐང་ཤེས།།

ལུས་ལ་བཅིངས་ན་ནད་མེད་སྟོབས་ཅན་བཤད།།

གཡུ་ནི་ཕལ་ཆེར་གྲུ་གུའི་ཡུལ་ནས་འབྱུང་།།

གྲུ་དཀར་གྲུ་དམར་བར་གཡུ་གཡུ་སྔོན་བཞི།།

རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན།།

སྐྱེས་པའི་མཐེབ་ཆེན་སེན་མོའི་རྒྱ་ཙམ་ལ།།

སེ་དོ་བྱེད་མོད་དེ་ལས་ཆེ་བ་དང་།།༼དཔེ་གཞན་དུ་སེ་ཞོ་ཞེས་འབྱུང་།༽

ཆུང་བ་ཀུན་གྱི་གོང་ཐང་རིག་པས་ཤེས།།

སྨན་གྱི་སྤོར་ཐང་ཨ་རུ་རྒྱ་གར་མ།།

གསེར་མདོག་རབ་ལ་བརྒྱ་ཞོ་བྱེད་པ་ཡིན།།

ཛ་ཏི་སྲིན་དང་དཀར་རྩིག་མེད་པ་ལ།།

ཨ་རུ་གསེར་མདོག་དག་དང་གོང་མཉམ་མོ།།

ཅུ་གང་ངང་པ་ཅུང་ཟད་ཟངས་ཁ་མ།།

དེ་ནི་ཝ་ར་ཎ་སིའི་བྱང་ཕྱོགས་ཀྱི།།

སྨྱུག་མ་འདྲ་བའི་ཤིང་གི་ལྷ་བར་འདོད།།

གསེར་ཞོ་རེ་ལ་སྤོ་རེ་དྲུག་མ་ཡིན།།

གུར་གུམ་སྨུག་ནག་ཁྲོ་ཞིང་བསུང་ངད་ཅན།།

སྤོ་རེ་བྱེད་དང་དོ་མ་བྱེད་པའོ།།

གི་ཝང་དམར་སེར་ཤུན་པ་ཅན་དེ་བཟང་།།

འདི་ལ་སྤོ་རེ་དོ་མ་བྱེད་མོད་ཀྱི།།

ལི་ཤི་ངོས་འཇམ་གཟེར་མགོ་ཆེ་བ་བཟང་།།

འདི་ལ་སྤོ་རེ་གསུམ་མ་བྱེད་སྣང་ངོ་།།

མ་ལ་ཡ་ལས་བྱུང་བའི་ཙན་དན་དཀར།།

མཆོག་ཏུ་གྲགས་ཀྱང་འདི་རུ་ཐོན་པར་དཀའ།།

ད་ལྟ་ཙན་དན་དཀར་པོ་འདོད་པ་ལ།།

སྤོ་རེ་ལྔ་མ་ཙན་དན་དམར་པོ་ལ།།

སྤོ་རེ་བཅུ་མ་ཉིད་དུ་ཤེས་པར་བྱ།།

རུ་རྟ་གར་ཤའི་ཡུལ་དུ་སྐྱེས་པ་བཟང་།།

གོང་ཐང་ཙན་དན་དམར་པོ་ཇི་བཞིན་ནོ།།

ཀཥྤུ་ར་ནི་ཤེལ་དང་སྟག་ཟིལ་དངོས།།

རེ་རེ་ཙམ་ལས་བོད་དུ་འབྱུང་མི་འགྱུར།།

མང་ལ་སྤོ་རེ་ཕྱེད་དང་གཉིས་མ་ཡིན།།

རྒྱ་ནག་ཨ་ཀ་རུ་ལ་སྤོ་རེ་གསུམ།།

ཤིང་ཀུན་ལྷད་མེད་སྤོ་རེ་བདུན་མ་ཡིན།།

སུག་སྨེལ་གང་བུ་ཁེངས་ལ་སྤོ་རེ་བཞི།།

རྒྱ་ཚྭ་ཟོལ་མེད་ལ་ནི་སྤོ་རེ་གང་།།

རྒྱམ་ཚྭ་སྤོ་རེ་བཅུ་དྲུག་འབྱུང་མོད་ཀྱི།།

གུ་གུལ་ལྷད་མེད་ལེགས་པར་སྤོ་རེ་བཞི།།

སྨན་གཞན་མོད་པས་སུས་ཀྱང་གོང་ཐང་ཤེས།།

ཚོན་གྱི་སྤོར་ཐང་རྒྱ་མཚལ་སྤོ་རེ་གསུམ།།

ཁམས་དང་འཇང་གི་མཚལ་ལ་སྤོ་རེ་བཞི།།

གཙང་མཚལ་འདྲེས་མ་ཅན་ལ་སྤོ་རེ་དྲུག།།

ལི་ཁྲི་ཤིན་ཏུ་བཟང་ལ་སྤོ་རེ་ལྔ།།

མཐིང་ལ་སྤོ་རེ་བཅུ་གསུམ་སྤང་མ་ལ།།

སྤོ་རེ་ཉི་ཤུ་ཕལ་པའི་ཚོན་ཀུན་ཤེས།།

ཛ་ལནྡྷ་ར་ཤིང་ཁུན་སྤྱི་བོ་མཁར།།

ཡུལ་འདི་གསུམ་དུ་སིལ་སྙན་ལུགས་རེ་བཟོས།།

ཤང་ཤང་གིས་འཆང་ཧོར་ཀྱི་ཡུལ་དུ་བསྐྱལ།།

དེང་སང་འདི་གསུམ་ཧོར་ཆོལ་དག་ཏུ་འབོད།།

ཛ་ལནྡྷ་ར་ཐོད་ཆེ་འཁོར་རྒྱ་ཆུང་།།

ཤིང་ཁུན་མ་ནི་ཐོད་ཆུང་འཁོར་རྒྱ་ཆེ།།

སྤྱི་བོ་མཁར་པ་ཐོད་གཙང་འཁོར་རྒྱ་རན།།

ཛ་ལནྡྷ་ར་དཀར་དངས་སྲང་བཞིའི་གོང་།།

ཤིང་ཁུན་སྔོ་ཉམས་ཡོད་པ་སྲང་གསུམ་རེ།།

སྤྱི་བོ་མཁར་པ་སེར་དངས་སྲང་དོ་རེ།།

སྦུབ་ཆོལ་འཁར་རྔ་སོགས་ཀྱང་ཡུལ་འདི་གསུམ།།

དག་ཏུ་བཟོས་པ་མཆོག་ཏུ་འདོད་པ་ཡིན།།

གོང་ཐང་སིལ་སྙན་དག་དང་ཆ་འདྲ་ཙམ།།

རྒྱ་ནག་སིལ་སྙན་ཐོད་རན་འཁོར་རྒྱ་ཆེ།།

མཐའ་མར་མུ་འགྲིལ་ཡོད་པ་རེ་རེ་ཙམ།།

འདི་ལ་ཞོ་བཅུ་བྱས་པ་མང་བར་མཐོང་།།

རྒྱ་ནག་མཁར་རྔ་མདོག་སེར་སྲུབ་རིས་གསལ།།

ཆེ་བའི་རིགས་ལ་སྲང་རེ་བྱེད་པར་སྣང་།།

བལ་ཆོལ་ཐོད་ཁྱིམ་སྦལ་མགོ་སྤྲེལ་ཐོད་མང་།།

མ་ནི་མ་ལ་ཞོ་དྲུག་བྱེད་པ་ཡིན།།

བལ་པོའི་སྦུབ་ཆོལ་ཐོད་ཁྱིམ་ཤིན་ཏུ་ཆེ།།

འཁར་རྔ་གྱོང་རྩུབ་རི་ཐང་ཅུང་ཟད་མཐོ།།

འདི་གཉིས་སྲང་རེའི་གོང་ཐང་བྱེད་པར་སྣང་།།

མདོལ་ཁའི་མཁར་རྔ་མདོག་སྐྱ་རི་དམའ་བ།།

འདི་ལ་ཕལ་ཆེར་ཞོ་དྲུག་བྱེད་པ་མང་།།

ཏིང་ཏིང་ཤག་ཀྱང་ཛ་ལནྡྷ་ར་དང་།།

ཤིང་ཁུན་སྤྱི་བོ་མཁར་པ་གསུམ་པོ་བཟང་།།

ཏིང་ཤག་ཀུན་ལས་ཆུང་ཞིང་ངམས་དཀར་ལ།།

རྒྱང་གྲགས་ཤིན་ཏུ་ཆེ་བ་སྐད་རྒྱུན་རིང།།

ཛ་ལནྡྷ་ར་ཡིན་པས་སྲང་རེ་བྱ།།

ཤིང་ཁུན་མ་ནི་ཆེ་ཆུང་ཚད་མ་ལ།།

སྐད་སྙན་སྔོ་ཉམས་ཡོད་པ་ཞིག་ལ་བྱ།།

ཕལ་ཆེར་གསེར་ཞོ་དྲུག་གི་རིན་ཐང་བརྩི།།

སྤྱི་བོ་མཁར་པ་མདོག་སེར་འཁོར་རྒྱ་ཆེ།།

ཞོ་ལྔའི་གོང་ཐང་བཅད་པ་བྱ་བའོ།།

རྒྱ་ནག་ཏིང་ཤག་ཁ་འཕྱལ་མདོག་ནག་པ།།

ཐོད་མཚམས་སྲི་ཀ་ཡོད་པ་མང་བ་ཡིན།།

འདི་ལ་ཞོ་བཞི་བལ་པོའི་ཏིང་ཤག་དང་།།

བོད་ཏིང་རྙིང་མ་ཆེ་བ་ཞོ་དོ་མ།།

ཀ་གླིང་ཞེས་པ་དང་པོར་རག་དུང་ཟེར།།

ལྷ་སྲས་མཆེད་ཀྱིས་ལོ་པཎ་སྤྱན་འདྲེན་དུས།།

བོད་དུ་བརྩམ་ཞེས་ཇོ་བོའི་ལོ་རྒྱུས་སུ།།

འཁོད་པར་སྣང་མོད་དེ་ནས་རྒྱ་ནག་ཏུ།།

རྒྱ་དུང་ཞེས་བྱ་དམར་སེར་གང་ཡང་བཟོས།།

རབ་ལ་སྲང་དོ་འབྲིང་ཐ་དེ་ཡིས་རྟོགས།།

དྲིལ་བུའི་མཆོག་ནི་གསེར་དམར་ལས་གྲུབ་སྟེ།།

རིན་ཆེན་དུ་མའི་ཕྲ་བཀོད་མགོ་རྡོར་དང་།།

རྭ་རྣམས་ཕ་ལམ་རྣམ་པར་དག་ལས་གྲུབ།།

འདི་ལ་རིན་ཐང་བྱེད་པ་མ་མཐོང་ངོ་།།

ཧོར་དྲིལ་ཤིང་ཁུན་མ་དང་ཕལ་པ་གཉིས།།

རབ་ལ་སྲང་དོ་ཕལ་པ་སྲང་ཕྱེད་བཅད།།

བལ་པོའི་དྲིལ་བུ་ཅུང་ཟད་མི་ལེགས་ཤིང་།།

བོད་དྲིལ་རྙིང་མ་རྒྱ་དྲིལ་ལས་གསུང་སྙན།།

བལ་དྲིལ་ཞོ་གསུམ་བོད་དྲིལ་རྙིང་མ་ལྔ།།

རྒྱ་དྲིལ་ཤུབས་དང་བཅས་པ་སྲང་རེ་ཡིན།།

ཧོར་ཏིང་ནང་དུ་ཕུལ་རེ་འགྲོ་བ་ལ།།༼དཔེ་གཞན་ཞིག་ཏུ་ཕུལ་དོ་ཞེས་འབྱུང་།༽

རྡོག་ཞོ་བྱེད་མོད་དེ་ཡིས་གཞན་ཡང་ཤེས།།

གུག་གུ་ཤན་ནི་ཧོར་གྱི་ཏིང་ལས་ལོད།།༼དཔེ་གཞན་དུ་གུ་གེ་ཤེལ་ནི་ཧོར་གྱི་ཏིང་ལས་ལོད།།ཞེས་འབྱུང་།༽

གདན་མ་མུ་མེན་གྱིས་བྱས་རབ་ཏུ་འདོད།།

དོ་ལོ་བཞུ་ཤེལ་སྔོན་མོས་བྱས་པ་ཞེལ།།

ཕུལ་ཚད་བདུན་ཚར་རེ་ལ་གསེར་ཞོ་དྲུག།།

ཞན་པ་རྣམས་ལ་དེ་ནས་གོང་ཐང་འབྲི།།

བོད་དང་རྒྱ་ནག་གཉེན་དུ་འབྲེལ་དུས་སུ།།

རྒྱ་ནག་བཟོ་བོས་བོད་དུ་བཟོས་པ་ཡི།།

ཐེར་པོ་རྙིང་མ་ངམས་དཀར་རྒྱ་རིས་གསལ།།

ཅོག་ལེགས་གྲོགས་སྐད་འཐོན་ཞིང་སྲབ་ཉམས་ཡོད།།

བརྡུངས་ཚེ་རྒྱ་དྲིལ་དངོས་དང་སྐད་འདྲ་བ།།

བཟོ་དབྱིབས་ཅུང་ཟད་འཐེར་བས་འཐེར་པོ་ཞེས།།

མཐོ་ལོངས་སྐྱོན་མེད་ལ་ནི་གསེར་ཞོ་བརྒྱ།།

དེ་རྗེས་རྒྱ་ནག་ཧོར་གྱིས་བཟུང་བའི་དུས།།

སྔ་མའི་རྒྱུ་དང་ཁྱད་པར་མེད་པ་ལ།།

ལྟོ་བ་ཆེ་ཞིང་ཁ་ཐུང་ངམས་དཀར་བ།།

ཆེ་ཆུང་འགའ་ཞིག་བཟོས་ལ་ཧོར་ཟངས་ཟེར།།

འདི་ཡང་སྐྱོན་མེད་མཐོ་ལོངས་ཞོ་བརྒྱའི་གོང་།།

བོད་བཟོ་རྙིང་མ་ངམས་དཀར་ཤ་ཆེ་ཞིང་།།༼དཔེ་གཞན་དུ་ངམས་དམར་ཞེས་འབྱུང་།༽

དོང་རིང་བརྗིད་ཆེ་བཅོག་མེད་གྲོགས་སྐད་ཆུང་།།

ཁ་ཁྱིམ་འཐུག་པ་མཐོ་ལོངས་ཚད་ལ་ནི།།

བརྒྱ་ཕྱེད་ཞོ་ཡི་རིན་ཐང་བཅད་པར་བྱ།།

དེ་ནས་སྐལ་པ་དང་མཐུན་རིམ་བཞིན་དུ།།

བཟོ་བོས་བཟོ་རྒྱུ་ཚང་དུས་འོ་མ་བཞིན།།

ལྷད་དང་བཅས་པའི་དཀར་དམར་ཟངས་རྣམས་ལ།།

ཡུལ་དུས་སྐབས་དང་སྦྱར་བའི་རིན་ཐང་མཛོད།།

དཀར་ཡོལ་དང་པོ་འབྲུག་སྐྱབས་སྔ་མོད་ཀྱི།།

རྗེས་སུ་རྒྱ་ནག་རྒྱལ་པོས་ས་སྐྱ་པར།།

ཤིན་ཏུ་དད་པས་ཕུལ་བའི་དཀར་ཡོལ་ནི།།

བུག་པའི་རྣམ་པ་སྟོང་ཙམ་ཡོད་པ་ལ།།

འཛག་པར་མི་འགྱུར་འཐག་ལས་གྲུབ་ཅེས་པའི།།

ཁྱད་ནོར་ཡ་མཚན་ཅན་ཞིག་ཕུལ་བར་སྣང་།།

གཞན་ཡང་དུང་གིས་ཨ་མོ་འགྱ་འགྱ་དང་།།

ཤེལ་སྣོད་ཆུ་རིས་ཅན་སོགས་མང་མོད་ཀྱི།།

འདི་ཡན་གོང་ཐང་བཀོད་མ་མཐོང་ངོ་།།

ད་ནི་སྤྱི་རུ་གྲགས་པའི་དཀར་ཡོལ་ནི།།

རྒྱུ་ལ་ཤེལ་རྡོ་ས་ཡོལ་རྣམ་གསུམ་ལས།།

ཤེལ་ཡོལ་ཤེལ་དཀར་བསྲེས་ཟླ་ཡོད་པ་སྟེ།།

འབྲས་ཤེལ་ཤེལ་རྩེ་རྣམས་ཀྱི་རྒྱུ་ལས་འབྱུང་།།

རྡོ་ཡོལ་རྡོ་བའི་རིགས་ལས་འབྱུང་བ་སྟེ།།

ཧོར་དཀར་ཕལ་མོ་ཆེ་ལ་ཡོང་བར་སྣང་།།

ས་ཡོལ་ས་ལས་གྲུབ་པའི་བེའུ་ཅན།།

རྒྱ་ནག་མ་དང་བོད་དཀར་རྙིང་མ་ཡིན།།

འདི་རྣམས་རབ་ལ་གསེར་སྲང་དོ་མ་དང་།།

དེ་ནས་མཆོག་དམན་རིམ་པས་ཤེས་པ་ཡིན།།

ལི་འགག་རྙིང་མ་ཆེན་པོ་གསེར་ཞོ་དོ།།

བར་མ་རྡོག་ཞོ་རག་འགག་བཞི་ལ་ཞོ།།

དངུལ་ཏིར་ལི་ཏིར་ལྗང་ཏིར་ཟངས་ཏིར་རྣམས།།

དང་པོ་སྲང་དོ་བར་མ་སྲང་རེ་དང་།།

ཐ་མ་ཞོ་དྲུག་ཙམ་གྱི་གོང་ཐང་བྱ།།

འདི་རྣམས་འགྲོ་མགོན་འཕགས་པའི་དུས་སུ་ཡིན།།

ཟངས་ཞོ་མདའ་ཚད་མ་དང་ཀ་ཏོ་ར།།

ཤིན་ཏུ་བརླིང་བ་རེ་ལ་སྲང་རེ་མ།།

ཇ་ཁྲ་ཆེ་ན་ཞོ་དོ་བར་མ་ཞོ།།

ཆུང་བ་བྲེ་རེ་ཤོང་ལ་ཞོ་ཕྱེད་མ།།

གོས་དར་རྒྱུ་ནི་ཤིང་བལ་ཟོས་པའི་འབུའི།།

སྐུད་པ་སྙོམས་པར་སྐྱུག་པ་དེ་ཡིན་མོད།།

དེ་ལ་ཚོས་རིགས་ལ་སོགས་བརྗོད་བྱེད་ན།།

ཏ་ཧུན་དམར་པོ་ཟི་ཧུན་དམར་སྐྱ་སྟེ།།

ཐོ་ཧུན་དེ་ལས་སྐྱ་བ་ཅིག་ལ་ཟེར།།

ལུ་ཧང་སྐྱེར་ཁ་གསེར་མདོག་ལྗང་སེར་ཁྲ།།

སྙུག་ཁ་ལ་ཡང་སྙུག་སེར་སྙུག་སྐྱ་གསུམ།།

ནེ་ཙོ་ནེ་ནག་ནེ་སེར་ནེ་སྐྱ་བཞི།།

ལྕགས་ནག་ལྕགས་སྐྱ་ལྕགས་སྔོན་ཟངས་ཁ་བཞི།།

ངུར་ཁ་ངུར་སེར་དངུར་སྐྱ་ངུར་ནག་བཞི།།

མཆིན་ཁ་མཆིན་ནག་མཆིན་སྐྱ་མཆིན་དམར་བཞི།།

འགའ་ཧང་ངང་པ་རྔ་ཁ་དཀར་པོའི་ངོས།།

ཅུང་ཟད་དམར་ཉམས་ཡོད་པ་དེ་ལ་བྱ།།

དམར་སྨུག་དངོས་དང་ཟི་ཧུན་དམར་སྨུག་དང་།།

མཆིན་ཁའི་དབྱིབས་དང་མཐུན་པའི་དམར་སྨུག་གསུམ།།

ཇ་ཁ་ཡོ་ཁ་ཤུག་ཁ་བྲ་ཁ་དང་།།

གཡུ་ཁ་ལྕགས་ཁ་གནམ་ཁ་གུར་གུམ་ཁ།།

དེ་དག་གཞི་སྟན་གཅིག་ལ་ཚོགས་པའི་མིང་།།

ཚོས་རིགས་མི་གཅིག་གཉིས་ལ་ཚོས་གཉིས་མ།།

ཚོས་གསུམ་མ་ལ་ཐོན་ཏི་ཞེས་སུ་བརྗོད།།༼དཔེ་གཞན་དུ་མཐོན་མཐིང་ཞེས་འབྱུང་།༽

ཚོས་རིགས་བཞི་པ་ཟ་འོག་ཞེས་ཟེར་ཞིང་།།

ཁ་དོག་ལྔ་ཚང་ཁ་ཐི་འབོད་པར་སྣང་།།

དེ་ལས་མང་བ་དིང་བོན་རིགས་སུ་བྱ།།

སྦུབས་འཐག་ལ་སོགས་འཐག་རིགས་མང་བ་ཡིན།།

དེ་ཡང་ཐགས་ཀྱི་དབྱེ་བ་ཞིབ་དུ་བཏག།།

ཚོས་རིགས་སྣ་ཚོགས་སྤྲིན་གཟར་འཐགས་འདྲ་ན།།

གོས་རིགས་དེ་ལ་མཁས་པས་སྤྲེའུ་འདོགས།།༼དཔེ་གཞན་དུ་སྤྲའུ་འདོགས་སོ།ཞེས་འབྱུང་།༽

ཐང་ཛུ་རྒྱལ་པོའི་དུས་ནས་དེང་སང་བར།།

རྒྱ་ཧོར་གཉིས་ཀ་ཡིན་ཞེས་སྨྲ་བར་འདུག།།

འཐག་རིགས་ཇུས་ཤེས་རྒྱུ་དུས་གནམ་འཐག་ལ།།

རྒྱུ་བཞུས་སྤུན་ནི་རྐྱང་པ་བཏང་བ་ན།།

འཇམ་ཇུས་ཞེས་ཟེར་ཁ་གཅིག་རྐྱང་ཇུས་ཟེར།།

རྒྱུ་སྤུན་གཉིས་ཀ་བཞུས་ན་སྒྲིལ་ཐག་སྨྲ།།

དེ་ལ་གསེར་ལེབ་བཏང་ན་ན་ཇུས་ཟེར།།

གསེར་སྒྲིལ་བཏང་ན་ཉ་ཇུས་ཞེས་སུ་སྨྲ།།

ཀ་ར་ན་ཇུས་དོམ་ཇུས་ལ་སོགས་དང་།།

རྟ་སི་གེས་སི་ལ་སོགས་བྱེ་བྲག་རྣམས།།

ཚོས་དང་རི་མོས་འབྱེད་ཀྱིས་ཤེས་བར་བྱོས།།

དིང་བོན་རྙིང་མ་ཁ་རེ་གསེར་སྲང་རེ།།

གསར་མ་ཁ་ཆུང་ལ་ནི་ཞོ་དོ་མ།།

གཞན་མ་རྒྱ་ཧོར་གོས་རྙིང་ཁ་ཞོ་རེ།།

གོས་གསར་ཁ་ཞོ་ཕྱེད་མ་བྱེད་པར་སྣང་།།

དར་ནི་ཧོར་དར་འགྲིག་ཅིང་ཤིན་ཏུ་སྲབ།།

རྙིང་མ་ཁ་ཆེན་ལ་ནི་ཞོ་ཕྱེད་མ།།

རྒྱ་དར་དར་ཆེན་སྤུན་སྦོམ་རྒྱུ་ཕྲ་ལ།།

ཁ་བཞི་ལ་ནི་ཞོ་རེ་བྱེད་པར་སྣང་།།

རྒྱ་གར་ནུབ་དར་ཁ་ཆེ་མཉེན་ལ་འཐུག།།

ཁ་རེ་ནམ་རེ་བྱེད་པ་འགའ་ཞིག་འབྱུང་།།

དར་ཕྲན་གཞན་རྣམས་གོང་ཐང་སུས་ཀྱང་ཤེས།།

ལིང་མེན་ཁྱད་པར་རི་མོ་ཡོད་མེད་ཡིན།།

རི་མོ་ཡོད་པ་ལིང་ཡིན་མེད་པ་མེན།།

རབ་འབྲིང་གོང་ཐང་དར་དང་ཆ་འདྲ་ཙམ།།

ཟམ་ཟོ་རྒྱ་རས་རབ་ལ་ཁ་བཅུ་ཞོ།།

ཀ་ཤི་ཀ་རས་སྲབ་ཅིང་ལེགས་པ་ལ།།

ཁ་རེ་ཞོ་ཕྱེད་བྱེད་པ་བྱས་ཞེས་ཐོས།།

གཞན་མ་ཤར་རས་ཁ་རེ་ཀ་ཕྱི་ཡང་།།

ལེགས་ན་ཁ་རེ་སེ་གཉིས་གཞན་རྣམས་ལ།།

ཁ་རེ་སེ་རེ་བྱེད་པ་མང་བར་སྣང་།།

པད་འདབ་ཞེས་པ་རི་མོ་པདྨའི་འདབ།།

ལྟ་བུ་ཡོད་ལ་དེང་སང་སྤེན་མདོག་ཟེར།།

སྟོད་ནས་བྱ་སྤུ་མ་ཞེས་ཐག་འགྲིག་ལ།།

ཡུག་རིང་སྦུབས་ལ་ཞོ་རེ་བྱེད་མོད་ཀྱི།།༼དཔེ་གཞན་ཞིག་ཏུ་སྦུགས་ལ་ཞེས་འབྱུང་།༽

སྤེན་མདོག་གཞན་རྣམས་ཞོ་ཕྱེད་ཁུལ་དུ་བྱ།།

གོས་དང་ཕྱིང་པ་ཞྭ་ཐུལ་པགས་རྩག་རྣམས།།

རབ་ལ་སྲང་རེ་འབྲིང་ཐ་དེ་ཡིས་ཤེས།།

བསེ་ལ་ཧོར་རྒྱ་བོད་དང་གསུམ།།

ཧོར་བསེ་ཀོ་གཅིག་རྩི་གས་མེད།།

ཕལ་ཆེར་ཇོ་རྩེ་བྱུགས་པ་མང་།།

གསེར་ཤོག་རྒྱབ་པ་མི་སྲིད་དོ།།

རྒྱ་བསེ་རྩི་གས་ཡོད་པ་དང་།།

ཀོ་གཅིག་ཀོ་གཉིས་གང་ཡང་སྲིད།།༼དཔེ་འདིར་ཀོ་གཅིག་ཀི་གཉིས་ཞེས་འབྱུང་།༽

གསེར་ཤོག་བརྒྱབ་དང་ཚོན་ཁྲ་མང་།།

ཇོ་རྩེ་བྱུགས་པ་མི་སྲིད་དོ།།

བོད་བསེ་དེ་གཉིས་ལས་སོབ་པ།།

ཕལ་ཆེར་རྩི་སྲབ་གས་པ་མང་།།

རྒྱ་དང་ཧོར་གྱི་རི་མོ་མེད།།

ཇོ་རྩེ་བྱུག་པ་ག་ལ་སྲིད།།

ཧོར་ཆམ་ཆུང་ཞིང་མཉེན་པ་ལ།།

སྲང་དོའི་ཁུལ་དུ་བཅད་པ་ཡིན།།

རྒྱ་ཆམ་གསེར་ཆ་ཆེ་བ་ལ།།

ཞོ་བཅུའི་གོང་ཐང་བྱེད་མོད་ཀྱི།།

བོད་ཆམ་རྙིང་མ་ལེགས་ཤོས་ལ།།

སྲང་རེ་བྱས་པའི་ལོ་རྒྱུས་སྣང་།།

སྒམ་དང་དོང་པ་སྡེར་མ་སོགས།།

སྐབས་དང་སྦྱར་བའི་གོང་ཐང་མཛོད།།

དང་པོ་ཇིང་གིར་རྒྱལ་པོའི་དུས།།

སྒ་ཡོད་རྟ་མེད་ཅེས་ཀྱང་ཟེར།།

ཅི་ཕྱིར་ཞེ་ན་སུམ་རྩེན་ལས།།

དང་པོ་ལྷ་རྟ་སྒ་བཅས་བབས།།

དེ་ཡང་དུས་ཀྱི་ཤར་ཕྱོགས་ཀྱི།།

ཙོང་ཁ་མཚོ་སྔོན་ཆེན་པོར་ཐིམ།།

རྟ་མེད་སྒ་དེ་ལུས་པ་ལས།།

སྤེན་ལང་ངར་མ་ཞེས་བྱ་བས།།

རྟ་ནི་ཚོལ་དུ་ཕྱིན་པ་ཡིན།།

མདོ་སྨད་རྨ་ཆུའི་གླིང་ཁུག་དང་།།

ཙོང་ཁ་མཚོ་སྔོན་ཆེན་པོ་ནས།།

རྟ་རིགས་མི་གཅིག་བཅུ་གཉིས་རྙེད།།

དེ་རྗེས་སྔར་གྱི་སྒ་དཔེར་བྱས།།

བཟོ་བོ་གན་གྱོ་མི་རྒོད་ཀྱིས།།

རྒྱུ་ནི་སྤེན་མ་འཇའ་ཤིང་ངོ་།།

གླ་གོར་ཞོ་ཤ་དར་ཤིང་དང་།།

ཙན་དན་དཀར་དམར་ཨ་ག་རུ།།

སོ་དང་སྒྲོ་རྐང་ལས་བྱས་སོགས།།

སྒ་རིགས་མི་འདྲ་བཅུ་གཉིས་བཟོས།།

དེ་ཡི་གནས་ཚུལ་ཅི་འདྲ་ན།།

ཡ་ཐོད་རྒྱལ་པོ་འགྱིང་འདྲ་དེ།།

འགྱིང་བའི་ནང་ནས་འཛུམ་པ་ཞིག།།

མ་ཐོད་བཙུན་མོ་བུམ་ཁྱེར་འདྲ།།

དེ་ལས་འཁྱུད་པའི་བདེ་ཉམས་ཡོད།།

ཡུ་མོ་ཨོག་སྒོ་དོག་པ་ལ།།

དོག་པའི་ནང་ནས་ཡངས་ཤིག་ཡོད།།

སེང་གེའི་སྟོད་འདྲ་དཔུང་པ་བརྟེན།།

བརྟེན་པའི་ནང་ནས་འཕྲུལ་ཞིག་ཡོད།།

དེ་ནས་འདྲ་དཔེ་བཤད་ཙ་ན།།

བྱ་བཞི་ཚང་དུ་ཉལ་བ་འདྲ།།

བྱེའུ་བཞི་གཟན་བུ་འཐུ་བ་འདྲ།།

ཆུ་བཞི་ཡུར་བར་དྲངས་པ་འདྲ།།

སྒ་རྒྱུན་སྐར་ཕྲན་ཤར་བ་འདྲ།།

གོང་ཐག་མགྲིན་པའི་རྒྱན་དང་འདྲ།།

སྨེད་ནི་མཇུག་མར་འཇུས་པ་འདྲ།།

གློ་ནན་སྒོ་ལ་འབྱར་བ་འདྲ།།༼དཔེ་གཞན་དུ་གློ་ནན་སྦོ་ལ་འབྱར་བ་འདྲ།།ཞེས་འབྱུང་།༽

སྔ་སྒྲོམས་འབོལ་གྱི་རྩ་བ་དོག།།

ཕྱི་སྒྲོམས་སྲིན་མོའི་ཐལ་མོ་ཡངས།།

འདོམ་གང་ཁྲུ་བཞི་མཐོ་གང་དང་།།

མཁྱུད་གང་ཆག་གང་ཚད་དུ་ཡོད།།

དེ་ནས་རིམ་གྱིས་མཆེད་པའི་སྒ།།

ཧོར་རྒྱ་བོད་ཀྱི་ལུགས་གསུམ་བྱུང་།།

ཧོར་སྒ་རབ་ལ་གསེར་སྲང་བཅུ།།

རྒྱ་སྒ་རབ་ལ་གསེར་སྲང་བརྒྱད།།

བོད་སྒ་རབ་ལ་སྲང་གང་ཡིན།།

ཚག་གསེར་ཧོར་རྒྱ་བོད་དང་གསུམ།།

ཧོར་གྱི་ཚག་གསེར་ལྕགས་ལ་དོང་།།

བརྐོས་པའི་ནང་དུ་གསེར་ལེབ་ཁྲིད།།

དེ་ཕྱིར་གསེར་ཆ་གོང་ཐང་ཆེ།།

རྒྱ་ཡི་ཚག་གསེར་ལྕགས་རྩབས་པར།།

གསེར་སྐུད་ཁྲིད་པས་གསེར་ཆ་ཆུང་།།

བོད་ཚག་རྙིང་མ་རྒྱ་འདྲ་ལ།།

གསར་པ་མི་བརྟན་རྩུབ་ཉམས་ཆེ།།

གོང་ཐང་སོ་སོའི་སྒ་དང་མཚུངས།།

འདི་ཉིད་རྟ་ཆས་དབང་དུ་ཡིན།།

དངུལ་ཚག་རྣམས་ཀྱང་འདིས་ཤེས་མོད།།

རྒྱ་ནག་རྒྱལ་པོ་ཟི་ཧིན་ཧན་གྱི་དུས།།

ཁྲག་མཁྲིས་རྒྱས་པའི་སྙུན་གྱིས་ནོན་པའི་ཚེ།།

བས་ཧོ་འོ་ཞེས་ངོ་མཚར་ཅན་ཞིག་གིས།།

ལྗོན་པའི་ལོ་མ་དྲི་མཆོག་ལྡན་པ་ཞིག།།

མཆུ་ཡིས་འཆང་སྟེ་ཕོ་བྲང་རྩེ་མོར་བཞག།།

ཕོ་ཉ་ཞིག་གིས་ལོ་མ་དེ་རྙེད་དེ།།

རྒྱལ་པོའི་ཕྱག་ཏུ་ཕུལ་བས་ཅུང་ཟད་བཞེས།།

སྙུན་ལས་གྲོལ་ཏེ་བདེ་བ་རབ་ཏུ་རྒྱས།།

རང་གི་དབང་གྱུར་རྣམས་ལ་དྲིལ་ཆེན་བསྒྲགས།།

ཡོན་ཏན་དུ་མ་ལྡན་པའི་ལོ་མ་འདི།།

སུ་ཡིས་རྙེད་ལ་བྱ་དགའ་ཆེན་པོ་བྱེད།།

ཞེས་སྨྲས་ཕྱོགས་བཅུར་ཕོ་ཉ་བཀྱེ་བ་ལས།།

རྒྱ་ནག་ལྷོ་ཕྱོགས་ཕིང་གི་རི་བོ་ནས།།

ཇ་དཀར་སེར་ནག་སྨུག་པོའི་རིགས་བཞི་རྙེད།།

རབ་ལ་སིང་ཁྲ་འབྲིང་ལ་ཉ་ཁྲར་འབོད།།

ཐ་མ་སོབ་ཁྲ་ཞེས་པ་རྒྱ་ནག་སྐད།།

ལས་སྒོའི་དབང་གིས་ཤར་ཇ་ལྷོ་ཇ་བཞེད།།

མཆོག་ཏུ་གྲགས་པ་རྒྱ་མཚོ་ཕ་རིའི་ཇ།།

འབྲུ་གྲིམས་སྨུག་པོ་མཐོ་རེའི་སྙེགས་ཙམ་ཡོད།།

ཁུ་བ་ངུར་ཁ་དག་ཏུ་འབབ་པ་སྟེ།།

གྲང་ཉམས་ཅུང་ཟད་ངར་ངད་གཉིས་ཀ་ཆེ།།

ལང་ཚོ་རྒྱས་པ་ཀུན་ལ་མཆོག་ཏུ་བཤད།།

འདི་ཉིད་བོད་དུ་འཐོན་པ་རེ་རེ་ཙམ།།

ནག་པོ་འབྲུ་ཕྲ་སྐྱ་བག་ཡོད་སྙམ་བྱེད།།

ཁུ་དར་མངར་འབོལ་འཇམ་ཞིང་བཅུད་དང་ལྡན།།༼དཔེ་གཞན་དུ་ཁུ་དམར་ཞེས་ཀྱང་འབྱུང་།༽

སྐམ་རྗོང་རྡོས་ཆེ་སའུ་རྩེ་གཞན་ལས་རིང་།།༼དཔེ་གཞན་དུ། སྐམ་རྗོང་གཏོས་ཆེ་པའུ་རྩེ་གཞན་ལས་རིང་།།ཞེས་འབྱུང་ལ།ཡིག་ནག་གི་ས་དང་པའི་ཁྱད་པར་འབྱེད་དཀའ་བས་སའུ་དང་པའུ་གང་ཡིན་ཀྱང་མི་ཤེས། ཡང་སྐམ་འཇོང་མིན་ནམ་སྙམ་ཀྱང་དཔྱད།༽

འདི་ཡང་རྒྱ་མཚོ་ཕ་རིའི་ཇ་རུ་གྲགས།།

སེར་པོ་འབྲུ་གྲིམས་ཕལ་ཆེར་ཐོའུས་ཁྱབ།།

ཁུ་བ་ངུར་སྐྱེར་དང་ཤིང་ངོམས་མགྱོགས་པ།།

ངད་པས་གྲལ་དུ་རིམ་པ་བཞིན་ཏུ་ཁྱབ།།

འདི་ཡང་རྒྱ་མཚོ་ཕ་རིའི་ཇ་རུ་འདོད།།

ཤར་ཇ་བོན་ཇ་ཨ་མདོ་ཇ་སེར་དང་།།

ཟུང་ཆུང་ཟུང་ཆུའི་སི་ཕྲན་ཕལ་པ་ལྔ།།

ཤར་ཇ་ཕལ་ཆེར་མཐིལ་གྱི་ཇ་མིན་ཞིང་།།

ལྷོ་ཇ་ཞེས་པ་རྒྱ་ནག་མཐིལ་གྱི་ཇ།།

རོང་ཇ་ཐ་བྲན་རྐྱང་སེ་ཟི་ཕོལ་དང་།།

ཇ་ཞིང་ཇ་སོགས་བཟང་བར་འདོད་པ་ཡིན།།

ཀུན་ལ་རབ་འབྲིང་ཐ་མ་གསུམ་དུ་འབྱུང་།།

དཀར་ནག་སེར་སྨུག་རིགས་ཀྱིས་སོ་སོར་དབྱེ།།

དཀར་ཇ་ཁུ་བ་ངང་ལ་བཤུལ་ཁ་ཅན།།

ནག་པོ་ཁུ་བ་ནག་ངམས་ཡོད་པ་སྟེ།།

ཁུ་བ་ངུར་སྐྱེར་བབས་པ་སེར་པོའི་རིག།།

སྨུག་པོ་རྩོད་མེད་ངུར་ཁ་ཁོ་ནར་འབབ།།

ངར་ངད་གཉིས་ཀ་ཡོད་པ་མཆོག་ཏུ་འདོད།།

གཞན་དུ་མི་རེས་འདོད་པའི་མིང་རེ་འདོགས།།

དེ་དག་རྫོགས་པར་སུས་ཀྱང་བརྗོད་མི་ནུས།།

འོན་ཀྱང་འགག་ཐག་ཞེས་པ་བར་ལམ་ཇ།།

ཇ་སྔོན་མ་ཞེས་དར་རྩེ་མདོ་རུ་བཟོས།།

ད་ལྟའི་དཀར་ཇ་ཐེག་ཆེན་ཇ་ཞེས་པ།།

སྔོན་གྱི་ནག་ཞིབ་རྗེས་སུ་འགྲོ་བ་ཙམ།།

མཆོད་གཡང་མ་ནི་ངད་པ་བཟོས་མ་སྟེ།།

ཡ་མའི་ནད་རིགས་སློང་བ་ཅིག་ལ་ཟེར།།

བཙུན་མོའི་མུར་ཇ་ཇ་ཡི་ཁནྡྷ་ཏེ།།

འཇང་ལམ་རྒྱུད་ལ་དཀར་སུ་འོད་མཐིང་གཉིས།།༼པུ་སུ་གང་ཡིན་མ་ཤེས།༽

ད་ལྟ་འཇང་ཇ་ཞེས་སུ་གྲགས་མོད་ཀྱི།།

ཁྱི་ལ་ཝ་ར་ཞེས་པ་སྟོད་ཀྱི་ཇ།།

རྒྱ་མཚོ་ཕ་རིའི་སེང་ཁྲ་པའུ་རྩེ་ལ།།

སྲང་ལྔ་བྱས་པའི་ལོ་རྒྱུས་མང་མོད་ཀྱི།།

རྒྱ་ནག་མཐིལ་གྱི་ཉ་ཁྲ་པའུ་རྩེ་ལ།།

ཕལ་ཆེར་སྲང་བཞི་ཙམ་དུ་བྱེད་པ་སྟེ།།

ཤར་ཇ་བར་ལམ་སོབ་ཁྲ་པའུ་རྩེ་ལ།།

སྲང་དོ་ཙམ་དུ་དེང་སང་བྱེད་པར་སྣང་།།

གཞན་དུ་དཀོན་མོད་བལྟས་པའི་འགྲོ་མཚམས་ཚོང་།།

བྱེད་པ་རྣམས་ལ་རྣམ་བཞག་བྱེད་མ་ནུས།།

ཁྱི་ལ་ཝ་ར་ནག་པོའི་གོང་མཉམ་ཡིན།།

གནམ་ཡོལ་དིང་བོན་ཁོ་ནས་བྱས་པ་རབ།།

འོན་ཀྱང་བོད་དུ་གྲགས་ཆེ་བཀོད་པ་ན།།

གདན་ས་ཆེན་པོར་སྟོད་ཧོར་རྒྱལ་པོ་ཡིས།།

སྐར་མ་ཙག་ཙིག་ཞེས་པའི་གནམ་ཡོལ་ཕུལ།།

དེ་ལས་གོང་ཐང་བྱས་པ་མ་མཐོང་ལ།།

གནམ་ཡོལ་གཞན་ཀུན་གོས་ཆེན་གོང་ཐང་ལས།།

དཔག་ཏེ་ཆེ་འབྲིང་རིགས་པས་གཞལ་ཏེ་བཀོད།།

ས་སྟན་ཧོར་གྱི་རྔ་གཟར་སྤོས་རྒྱ་རིས།།

དེ་ལས་ཁྱད་འཕགས་གོས་ཆེན་ཏ་ཧུན་སྟེང་།།

མུ་ཏིག་ཕྲེང་བའི་རྡོ་རྗེ་རྒྱ་གྲམ་དང་།།

མེ་ཏོག་ཚུལ་དུ་ཚོམ་བུར་བཀོད་པ་ཡི།།

ས་སྟན་ཆེན་པོ་དག་ཀྱང་ཡོད་པར་གྲགས།།

དེ་ནས་རྒྱ་བལ་བོད་ཀྱི་གཟར་ལ་སོགས།།

རིམ་གྱིས་གོང་མ་བཟང་ཞིང་རིན་ཐང་ཆེ།།

མཉེ་འབོལ་རྒྱན་དྲུག་མ་ཞེས་བྱ་བ་ནི།།

ཕལ་ཆེར་གོས་ཆེན་རབ་འབྲིང་ལས་གྲུབ་མང་།།

གཞན་ཡང་རྔ་ཐེལ་ཞེས་བྱ་རྔ་མོང་གི།།

སྤུ་རྟིང་དག་ལ་བཟོས་པའི་སྣམ་བུ་སྟེ།།

ར་ཐེར་ཞེས་པ་ར་སྤུའི་རྟིང་བལ་ལ།།

བཟོས་པའི་ཐེར་ཆེན་དག་གིས་གཡོག་བྱས་པའི།།

མཉེ་འབོལ་ཁྱད་པར་ཅན་ཡང་མང་དུ་གདའ།།

གོས་འབོལ་བཟང་ངན་ཆེ་ཆུང་གོས་ཆེན་གྱི།།

རྒྱུ་ལ་དཔག་སྟེ་གོང་ཐང་ཤེས་པར་གྱིས།།

གོས་གྲུམ་ཧོར་དུས་ཐོན་པའི་སྤུ་ཆེན་དང་།།

རྒྱ་ནག་རྒྱལ་པོས་བཟོས་པའི་སྤུ་ཐུང་གཉིས།།

ཚོས་རིས་སོ་སོའི་འདོད་པ་ཡིན་མོད་ཀྱང་།།

རྒྱུ་ཡི་ཁྱད་ཀྱིས་ཧོར་གྱི་གྲུམ་རྩེ་མཆོག།།

བོད་དུ་མྱང་གྲུམ་མཆོག་ཡིན་གཞན་རྣམས་སུ།།

སོ་སོར་བཟོས་པ་ལེགས་ཉེས་བརྟགས་བྱ་སྟེ།།

གྲུམ་རྩེ་རྒྱུ་སྤུན་སྙོམས་ཤིང་འགྲིག་པ་ལེགས།།

གོས་གྲུམ་སྲང་གསུམ་བྱེད་པ་མང་མོད་ཀྱི།།

བོད་ཀྱི་གྲུམ་རྩེ་རབ་ལ་སྲང་རེ་མ།།

ཕལ་པ་རྣམས་ནི་ཞོ་རེའི་དཀྱུས་སུ་སྣང་།།

དོར་པ་ཆེ་དང་རྔ་སྟན་གཡང་ཕྱིང་སོགས།།

རྟོགས་པར་སླ་བས་གོང་ཐང་མ་སྨོས་སོ།།

ཆ་རྩེ་ཞེས་པ་རྒྱ་ནག་སྐད་ཡིན་སྟེ།།

བོད་དུ་བསྒྱུར་ན་ཁ་སྟན་ཞེས་སུ་འབོད།།

པང་ཁེབས་ཕལ་ཆེར་ཀ་ར་ན་ཇུས་དང་།།

ཏ་ཞིང་དག་ལས་བྱས་པ་མང་མོད་ཀྱི།།

མཆོག་ཏུ་གྲགས་པ་རྡོ་རྒྱུས་ལས་གྲུབ་པའི།།

པང་ཁེབས་ཁྱད་ཅན་ས་སྐྱ་ཤར་པ་ལ།།

རྒྱ་ནག་རྒྱལ་པོས་ཕུལ་བ་ཡོད་པར་སྣང་།།

ལུགས་སུ་བླུག་པའི་སྐ་རགས་འཁོར་དགུ་ཡང་།།

པང་ཁེབས་འདི་དང་ལྷན་དུ་ཕུལ་ཞེས་ཐོས།།

གི་རྫི་བིག་ཅེས་རྒྱ་ཧོར་སྐྱི་གཅད་ཡིན།།

རྒྱུ་རབ་ཁ་ཤ་འབྲིང་ཐ་གང་ཡང་སྲིད།།

སྔོ་དམར་རབ་ལ་སེ་ལྔ་བྱེད་པ་ཡིན།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས།ཚོང་དང་ཁེ་ཕོག་ནོར་དཔྱད་བཤད་པའི་འདབ་མ་སྟེ་དྲུག་པའོ།། །།

སྐྱེས་བུ་སྤེན་ལང་ངར་མ་ཞེས་བྱ་བས།།

དང་པོ་མདོ་སྨད་རྨ་ཆུའི་གླིང་ཁུག་དང་།།

ཙོང་ཁ་མཚོ་སྔོན་ཆེན་པོའི་མཐའ་སྐོར་ནས།།

ལེགས་པར་བཙལ་བས་རྟ་རིགས་བཅུ་གཉིས་རྙེད།།

སོ་སོར་དབྱེ་ན་གྱི་ལིང་གནམ་ས་གཉིས།།

འདོ་བ་ལ་ནི་ཆེ་དང་ཆུང་བ་གཉིས།།

བྱག་རྡོ་དཀར་ནག་གྱམ་ཤིང་རིང་ཐུང་གཉིས།།

རོ་ངུ་གདགས་སྲིབ་མུ་ཁྱེན་དགྱེ་རྒུ་འོ།།

དེ་ཡང་འདྲ་དཔེ་བཤད་ན་འདི་ལྟ་སྟེ།།

གནམ་རྟ་གྱི་ལིང་སེང་གེ་གྱེན་འཆོང་འདྲ།།

ས་རྟ་གྱི་ལིང་སྦལ་པ་ཆུ་མཆོང་འདྲ།།

འདོ་ཆེན་རི་བོང་གྱེན་དུ་རྒྱུག་པ་འདྲ།།

འདོ་ཆུང་ཉ་རློན་ཆབ་ལ་ལྡིང་བ་འདྲ།།

གྱམ་ཤིང་ཤ་རྒན་ཐང་ལ་སྡོད་པ་འདྲ།།

གྱམ་ཆུང་ཕག་རྒན་ས་རློན་རྐོ་བ་འདྲ།།

གདགས་ཀྱི་རོ་ངུ་གླ་བ་བྲག་འཛེག་འདྲ།།

སྲིབ་ཀྱི་རོ་ངུ་ར་རྒན་ཆར་སྒྲེས་འདྲ།།

མུ་ཁྱེན་དགྱེ་བོ་ལྕེ་སྤྱང་རོ་འཇབ་འདྲ།།༼དཔེ་གཞན་དུ་རོ་འཇག༽

མུ་ཁྱེན་རྒུར་པོ་ཞུམ་བུ་བྱི་འཇབ་འདྲ།།

བྱག་རྡོ་དཀར་པོ་དགོ་རྒན་ཐང་སྡོད་འདྲ།།

བྱག་རྡོ་ནག་པོ་རྒྱ་རྒན་མཐུར་རྒྱུག་འདྲ།།༼དཔེ་གཞན་དུ་བྱ་རྒན་ཐུག་རྒྱུག་འདྲ།།ཞེས་འབྱུང་།༽

ད་ནི་ལེགས་བཏུས་སྙིང་པོ་བསྟན་པ་ནི།།

འདྲ་མིན་དགུ་འདུས་ཞེས་བྱའི་རྟ་མཆོག་ནི།།

ཡོས་མགོ་སྦལ་མིག་རྒོད་པོའི་མཐིལ་དང་གསུམ།།

ཁྲ་བྲང་ཁྲུང་སྐེ་གཡག་སོའི་སོག་དང་དྲུག།།

ཤ་སྒྱིད་དགོ་འཕོང་ཉ་མོའི་བཤུལ་དང་དགུ།།

འདི་དགུ་འཛོམ་ན་རྟ་མཆོག་ཉིད་དང་མཚུངས།།

འོན་ཀྱང་ཡོན་ཏན་བརྒྱ་དང་ལྡན་གྱུར་ཀྱང་།།

སྐྱོན་གཉིས་འཛོམ་ན་དེ་ཡིས་སྐལ་ངན་འགྱུར།།

དཔེར་ན་གནམ་ས་གཉིས་པོ་མེད་གྱུར་ན།།

གཡོ་བའི་སྐྱེ་འགྲོའི་གནས་ས་མེད་པ་བཞིན།།

གནམ་དང་འདྲ་བའི་སྒལ་གཤིས་ངན་པ་དང་།།

ས་དང་འདྲ་བའི་སྦལ་ཁ་རྩེབས་པ་སླ།།

འདི་གཉིས་འཛོམ་ན་ཡོན་ཏན་བརྒྱ་ལྡན་ཡང་།།

བློ་དང་ལྡན་པས་རྒྱང་དུ་དོར་བར་བྱ།།

དེ་ནས་སླར་ཡང་བཞེད་དོན་ཉེར་གསུམ་བཤད།།

སྟག་གི་དབུགས་དང་རི་བོང་རྣ་བ་བཞེད།།

སེང་གེའི་སྟོད་དང་མཛོ་རྒན་རྩིབས་ཁྱིམས་བཞེད།།

ལུག་གི་སྨད་དང་ཤ་ཁྱིའི་ཉ་སུལ་བཞེད།།

ཞུམ་བུའི་ལྤགས་པ་རྐྱང་གི་རྨིག་པ་བཞེད།།

འབྲོང་གི་སྤུ་རྒོད་མཇུག་སྙིང་མཁྲང་བ་བཞེད།།

མགོ་ཁྱེར་བྱ་ཕོ་མཚལ་བུ་འདྲ་བ་བཞེད།།

ཁ་ཡི་བཤར་ཐག་ཤིན་ཏུ་རིང་བ་བཞེད།།

མིག་ནི་སྦལ་པ་སྤར་བར་བཙིར་འདྲར་བཞེད།།

འགྲམ་པ་རང་འཐག་སྒྱེ་ནང་བཅུག་འདྲར་བཞེད།།

ཕོ་མཚན་ཆུང་ཞིང་རླིག་པ་མཁྲེགས་ན་བཞེད།།

ཆུ་ནི་འཐུང་ཐེབས་གསུམ་བཞི་བྱེད་ན་བཞེད།།

ཟ་བཟང་སྦང་ཉུང་གཉིད་ཀྱང་ཆུང་ན་བཞེད།།

སྐད་ནི་འོལ་བའི་འགྱུར་སྐད་རིང་ན་བཞེད།།

རྗེས་སྟོད་གསལ་ཞིང་རྗེས་སྨད་མི་གསལ་བཞེད།།

དེ་ནས་བཟང་བའི་རྟགས་བཞི་བཤད་ཙ་ན།།

མིག་དམར་ཟེ་རྔོག་བཟང་ཞིང་སུག་བཞི་སྦོམ།།

རྩིབས་ཁྱིམས་ཕུབས་ན་མཆོག་ཏུ་བཟང་བ་ཡིན།།༼དཔེ་གཞན་དུ་རྩིབ་ཆེན་ཞེས་འབྱུང་།༽

མགོ་སྐམ་སྐེ་ཕྲ་དབུགས་འགྲིལ་ལྤགས་པ་སྲབ།།

འདི་བཞི་འཛོམ་ན་མགྱོགས་པའི་མཐར་ཐུག་ཡིན།།

རྟ་རབ་ཞོ་བརྒྱ་འབྲིང་ལ་ལྔ་བཅུ་བཅད།།

ཐ་མ་སྲང་གང་ཙམ་དུ་བྱེད་པ་ཡིན།།

དྲེལ་རབ་ལུག་གདོང་རི་བོང་རྣ་བ་ཅན།།

རྩིབས་ཁྱིམས་ལྷག་པར་ཕུབས་པ་འབྲོང་ཆེན་འདྲ།།

སྒལ་པ་རྒུར་ཞིང་སུག་བཞི་ཤིན་ཏུ་རགས།།

ཁ་འགྲིག་སྤུ་རྩུབ་འབྱམ་གྱི་མིང་དུ་འབོད།།

དྲེལ་འབྲིང་འཛིག་དང་ཤངས་པ་གཉིས་སུ་འདོད།།

འདི་གཉིས་རྐྱང་ཆེན་དར་མ་དང་འདྲ་ལ།།

ལྷག་པར་མཇུག་རྔ་གཞན་ལས་རིང་བ་ཡིན།།

ཐ་མའི་དྲེའུ་འགེམ་དང་ཐོ་ལོག་གཉིས།།

ཕ་ཤས་ཆེ་བས་ཀོ་ལེ་ཆུང་བར་བཤད།།

དྲེལ་རབ་སྲང་གསུམ་འབྲིང་ལ་སྲང་དོར་གཅད།།

ཐ་མ་སྲང་གང་བྱས་པ་མང་བར་མཐོང་།།

བོང་བུ་རབ་ཀྱི་མིང་ལ་ཤངས་རྣ་རིང་།།

འབྲིང་གི་མིང་ལ་དྲེད་མགོ་འགྱ་ཞེས་བྱ།།༼དཔེ་གཞན་དུ་འཇའ་ཞེས་བཅོས་འདུག༽

ཐ་མ་མུག་མཆུ་འཐུང་དང་གཙོག་གུམ་ཏེ།།༼དཔེ་གཞན་དུ། ཐ་མ་མུག་ཆུ་འཐུང་དང་གཙོག་གུམ་ཏི།།ཞེས་འབྱུང་།༽

བོང་རབ་ཞོ་དྲུག་འབྲིང་ལ་ཞོ་བཞིར་གཅད།།

ཐ་མ་ཞོ་དོ་བྱས་པའང་མང་མོད་ཀྱི།།

མཛོ་ལ་རྒོད་གཡུང་གཉིས་སུ་འབྱེད་པ་ཡིན།།

འབྲི་མཛོ་རྒོད་ཡིན་བ་ལ་སྐྱེས་པ་གཡུང་།།

རབ་ལ་སྲང་གང་འབྲིང་ལ་ཞོ་ལྔར་བཅད།།

ཐ་མ་ལ་ནི་ཞོ་གསུམ་བྱེད་པའང་ཡོད།།

གཡག་རབ་ཞོ་དྲུག་འབྲི་རབ་ཞོ་བཞི་ཡིན།།

བ་རབ་ཞོ་དོ་གླང་རབ་ཞོ་གསུམ་བྱ།།

ཁྱི་རབ་ཞོ་བཞི་ཕག་རབ་ཞོ་དོར་བཅད།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས།རྟ་དྲེལ་བོང་ཕྱུགས་ཀྱི་དགེ་ཡོན་བཤད་པའི་འདབ་མ་ཏེ་བདུན་པའོ།།

སྐྱེ་བོ་ཕལ་ཆེར་ཉེ་དུ་འཁོར་གྱི་ཕྱིར།།

ལུས་དང་སྲོག་ལ་ཕངས་པ་འདོར་བྱེད་ན།།

བུ་དང་ཚ་བོ་རིགས་རྒྱུད་སྤེལ་བྱའི་ཕྱིར།།

ཡིད་འོང་བག་མ་བླང་ཚུལ་མདོ་ཙམ་བཤད།།

དེ་ཡང་སྤང་བླང་གཉིས་ལས་དང་པོ་ནི།།

གནས་གཞི་རྙིང་པ་འགོང་པོ་མཐུ་བ་དང་།།༼དཔེ་གཞན་དུ་འགོང་པོས་ཐུ་བ་དང་།།ཞེས་འབྱུང་།༽

རྒྱལ་གནས་གོག་པོ་བསེ་དྲི་ཅན་གྱི་རིགས།།

ཕ་མས་མཛེ་བཏབ་མོ་གཤམ་མ་ནིང་དང་།།

ལོ་སྐག་མི་མཐུན་རྩིས་རྣམས་སྤང་བར་བྱ།།

ཁྱད་པར་བུད་མེད་རྐང་པ་སར་བཞག་ཚེ།།

མཐེབ་ཆུང་ས་གཞི་ལ་ནི་མི་རེག་ན།།

དེ་ཡིས་བདག་པོ་བརྒྱ་ཡང་མྱུར་འཇོམས་ཞེས།།

མེས་སྦྱིན་གྱིས་ནི་བརྟག་པ་རྒྱ་མཚོར་བཤད།།

བླང་བྱའི་བུད་མེད་རབ་ཀྱི་མཚན་ཉིད་ནི།།

འགྲམ་རྒྱས་མིག་ནི་པདྨ་ལྟར་ཡངས་ཤིང་།།

སོ་མཉམ་དཀར་ཞིང་སྣ་མཐོ་བིམ་པའི་མཆུ།།

གསང་གནས་མཉེན་འཐུག་སྤུ་མོད་གཡས་སྐོར་ལྡོག།།

རྐེད་ཕྲ་དབྱངས་སྙན་ལུས་སྣུམ་རབ་ཏུ་མཛེས།།

ན་ཚོད་དྲག་ཞན་མཉམ་དང་ཡིད་དུ་འོང་།།

ལུས་ངག་བཙུན་ཞིང་བྱ་བའི་ལས་ལ་བརྩོན།།

གཡོས་སྦྱོར་ཡང་དག་ཤེས་དང་ངག་ལ་ཉན།།

རིགས་རུས་ཆོ་འབྲང་ལྡན་པ་བླང་བར་བྱ།།

དེ་ཡང་མཐུན་སྦྱོར་བཅུ་པའི་གཞུང་གི་དོན།།

གི་གོང་རྐྱང་ཁུག་གསང་བ་ཡང་ཁུག་དང་།།

སྣི་ཤ་སོགས་ལ་ཞིབ་ཏུ་བརྟགས་བྱས་ཏེ།།

རྐྱང་ཁུག་གཉིས་ཀ་མཐུན་ན་འཕྲལ་ཕུག་དགེ།

ལྷག་པར་དབང་ལོར་འདུག་ན་མཆོག་ཏུ་བཟང་།།

བུ་ནོར་འཛོམས་ཞིང་ཕུན་སུམ་ཚོགས་པར་འགྱུར།།

སྐལ་རིན་ལ་སོགས་ཡུལ་གྱི་སྲོལ་དང་བསྟུན།།

དེ་རྣམས་འཛོམས་ན་རྡེའུ་སུམ་ཅུ་ལྔས།།

འཕྲལ་རྐྱེན་སེལ་བའི་ཆོ་ག་གང་བཤད་བྱ།།

གཟའ་ཚེས་སྐར་མ་སྦྱོར་བྱེད་ལེགས་བརྩིས་ཏེ།།

ངན་ཕྱོགས་སྤང་ཞིང་ལེགས་ཆ་སྒྲིགས་སྟེ་བླངས།།

དེ་དུས་ཡི་དམ་དྲག་པོས་རྗེས་བཟུང་བའི།།

སྔགས་འཆང་ལུགས་དང་མཐུན་པས་སྒབ་འདྲེ་བསྐྲད།།

སྣང་གཤེན་བལ་ཐོད་ཅན་གྱིས་ཕྱ་གཡང་འགུགས།།

འཕྲུལ་གཤེན་བལ་ཚོན་ཅན་གྱིས་འགལ་རྐྱེན་སེལ།།

བླ་ཁྱིམ་དཀར་པོ་ལྷ་དང་ངོ་སྦྱར་ཞིང་།།

ལེགས་པའི་སྐྱེམས་བཟང་གཡང་ཕོར་མོལ་ཏེ་འཐུང་།།

མར་ཁུའི་སྐྱུ་མོས་སྲད་བུ་འཁེལ་བས་འབྲེལ།།༼དཔེ་གཞན་ཞིག་ཏུ། མར་ཁུའི་ཀྱུ་མོལ་སྲད་བུ་ཁལ་བས་འབྲེལ།།ཞེས་འབྱུང་།༽

ཇི་སྲིད་འཚོ་ཡི་བར་དུ་བཟའ་ཚོ་ལ།།

འབྲལ་མེད་བུ་ནོར་འཛོམས་པའི་རྟེན་འབྲེལ་བྱ།།

བཟའ་བཏུང་མགྲོན་ཆེན་ཇི་བཞིན་གྱ་ནོམ་སྦྱར།།

དེར་འཚོགས་རྣམས་ཀྱང་དགའ་ཞིང་མགུ་བྱས་ཏེ།།

ཕལ་ཆེར་རང་རང་སོ་སོའི་གན་དུ་སོང་།།༼དཔེ་གཞན་ཞིག་ཏུ་གནས་སུ་སོང་། །ཞེས་འབྱུང་།༽

དེ་ནས་ལོ་ཟླ་ཞག་སོགས་ལོན་པའི་ཚེ།།

རིམ་གྱིས་འཛུམ་དཀར་གྱིས་ནི་དགའ་མའི་སེམས།།

བག་ཕེབས་སྙན་པའི་ངག་གིས་ཡང་དག་བཀྲལ།།

དེ་ནས་གུད་དུ་འཛུམ་པའི་མདངས་ལེན་ཚེ།།

གནམ་ཁྱི་ཕྱོགས་ངན་ཐམས་ཅད་སྤངས་བྱས་ཏེ།།

རིམ་པས་དགའ་མའི་མལ་སའི་འགྲམ་དུ་ཕྱིན།།

སེམས་ལ་འཐད་པའི་གླེང་མོ་ཤུབ་བུའི་གདངས་།།

རྣ་བར་བླུག་ཅིང་ལག་པའི་སོར་མོ་འཆང་།།

ཤུགས་རིང་ཕྲེང་བ་ལྡན་དུས་བག་མའི་ཕག།།

རབ་ཏུ་དབྱེ་ཞིང་འགྲམ་པ་དལ་གྱིས་སྦྱར།།

དབུགས་ཀྱི་རླངས་པ་རྣམ་པར་འདྲེས་པའི་ཚེ།།

ཕན་ཚུན་ལྕེ་ཡི་སྦྲང་རྩི་འཐུང་བྱེད་ཅིང་།།

མ་མཆུའི་པདྨ་འཇམ་ཞིང་དྲི་ཞིམ་པ།།

གསེར་གྱི་སྦྲང་མས་འཇིབ་པ་ཇི་ལྟ་བར།།

ཅུང་ཟད་མྱོས་པའི་མིག་ཀྱང་ཟུམ་པོར་འོང་།།

དེ་ནས་པུས་མོ་ལྷ་ཁང་སྒོ་བཞིན་དབྱེ།།

རབ་རྒྱས་འདོམ་གྱི་ནོར་བུ་ཁ་ཁྱེར་ཅན།།

དྲོད་འབར་པདྨའི་སྦུབས་སུ་ཞུགས་མ་ཐག།།

ཡིད་འོང་ན་ཆུང་ཧུང་གིས་སྒྲ་འབྱིན་ཅིང་།།

རྐེད་སྐབས་དྲིལ་ཆུང་རླུང་གིས་བསྐྱོད་པ་འདྲ།།

མིག་ཟུམ་དབུགས་འདར་ལང་ཚོ་རྔུལ་གྱིས་བྱུགས།།༼དཔེ་གཞན་པར་རྒྱལ་གྱིས་བྱུག །ཅེས་འབྱུང་།༽

རབ་དགའ་མཆོག་དགའ་ཞེས་བྱའི་བདེ་བ་ཐོབ།།

འདོད་ཡོན་ཀུན་ལས་ཆགས་པ་མཆོག་ཏུ་བཤད།།

འཕྲལ་དུ་སེམས་དགའ་བུ་ཚའི་རིགས་རྒྱུད་འཕེལ།།

འོན་ཀྱང་བག་མེད་སྤྱད་ན་མགོ་འཁོར་ཞིང་།།

དབང་པོ་མི་གསལ་དུས་མིན་འཆི་བར་བཤད།།

ལྷག་པར་བླ་མ་རྟེན་གྱི་ཉེ་དྲུང་དང་།།

སྦྲུམ་མའི་དུས་སུ་ཉལ་པོ་སྤང་བར་བྱ།།

སྟོན་དཔྱིད་ཞག་གསུམ་བར་དུ་སྤྱད་བྱ་ཞིང་།།

དབྱར་སོས་ཟླ་ཕྱེད་ལ་ནི་སྤྱད་པར་བྱ།།

དགུན་དུས་ལས་སུ་རུང་ཚེ་བཀག་པ་མེད།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས།བག་མའི་འདབ་མ་སྟེ་བརྒྱད་པའོ།།

མགྲོན་ཆེན་ཐོག་མར་བཟའ་བཏུང་ཡོ་བྱད་ཀུན།།

མ་ཚང་མེད་འབྱོར་རྣམ་ཐོས་བང་མཛོད་བཞིན།།

གནས་ཁང་བཀོད་པ་བྱི་དོར་ཆག་ཆག་གིས།།

རྣམ་རྒྱལ་ཕོ་བྲང་གཉིས་པ་ལྟ་བུའི་ནང་།།

རྟེན་གསུམ་མཆོད་སྤྲིན་རྒྱ་མཚོས་གཏིབས་བྱས་ཏེ།།

གནམ་དང་མཚུངས་པའི་བླ་རེ་གཉིས་བརྩེགས་ཕུབ།།

ས་དང་འདྲ་བའི་གཟར་ཆེན་སུམ་བརྩེགས་བཏིང་།།

ལོག་བྲིས་མེད་ནས་ཡོལ་བ་ཕྱི་ནང་བྱ།།༼དཔེ་གཞན་དུ་ལོགས་ཞེས་འབྱུང་།༽

རྒྱ་ཁྲི་མཐོ་ཞིང་དཔང་པར་གོས་འབོལ་ནི།།༼དཔེ་གཞན་དུ་རྒྱ་ཁྲི་མཐོ་ཞིང་ཡངས་པར་ཞེས་འབྱུང་།༽

ལྔ་བརྩེགས་སྟེང་དུ་གོས་གྲུམ་ལྗགས་མ་བཏིང་།།

ཆ་རྩེ་སྟན་དམར་སྐུ་སྟེན་སྐྱ་སེར་གཙོ།།

སྐུ་མཉེ་རྒྱན་དྲུག་མ་ཡང་འདི་ལ་བཤད།།

ཅོག་རྩེ་མི་གང་མ་དང་ཞབས་སྟེགས་ཀྱང་།།

བཞུགས་སྟན་འདི་འདྲའི་རིགས་ལ་དགོས་པ་ཡིན།།

ཡར་གྱུ་དཀྱིལ་འཛིན་ས་སྟན་གོས་འབོལ་གསུམ།།

གོས་གྲུམ་ལྗགས་མ་ཆ་རྩེ་སྟན་དམར་ནི།།

སྐྱ་སེར་དང་སྦྱར་སྐུ་མཉེ་རྒྱན་བཞི་མ།།

ཅོག་རྩེ་ཕག་སུག་མ་ཡང་འདིར་བཤད་དོ།།

གཡས་གྲལ་དང་པོར་སྲབ་སྟན་སུམ་བརྩེགས་བཀོད།།

གཡོན་གྱི་དང་པོར་དེ་དང་ཆ་འདྲ་ལ།།

རྒྱུ་དང་གསར་རྙིང་གིས་ནི་གཡོན་ཕྱོགས་དམད།།

གདོང་གྲལ་དང་པོར་འབྲུམ་ཟུན་གྲུམ་ལྗགས་མ།།

གདོང་གྲལ་གཡོན་དུ་བལ་ལྗགས་ཁོ་ནའོ།།

ཡར་རྒྱུད་ཕྱི་མར་སུམ་སྟན་བྱེད་མོད་ཀྱི།།

གཡས་གྲལ་གཡོན་གྲལ་ཕྱི་མར་གྲུམ་ལྗགས་རེ།།

གདོང་གྲལ་ཕྱི་མར་གྲུམ་རྩེ་བཟང་བ་རེ།།

གཞན་ཀུན་རིགས་པས་དཔྱད་དེ་ཤེས་པར་བྱ།།

དེ་ནས་མགྲོན་ཆེན་སྔ་དྲོའི་དུས་སུ་འབྱོན།།

རང་ཕྱོགས་ཀུན་གྱིས་བསང་མཆོད་རྒྱས་པར་བྱ།།

ལྷག་པར་ཕོ་བྲང་རྩེ་ནས་ཁྲ་རིང་མ།།

དར་འཕན་དུང་དང་རོལ་མོ་ལ་སོགས་སྤྲོ།།

རྒྱ་སྒོ་ནང་མར་མགྲོན་གཉེར་ཆེན་མོ་ཡིས།།

སྤོས་ཕོར་ཁྱེར་ཏེ་ལྡང་བའམ་ས་ཕྱག་འབུལ།།

སུམ་སྐས་སྟེང་དུ་ཞལ་ངོ་གང་འོས་ཀྱིས།།

རེང་བུ་ཁྱེར་ཏེ་འབྱོན་ནམ་ཡང་ན་ནི།།

བཀྲ་ཤིས་ཁ་བཏགས་འབུལ་བའང་སྐབས་དང་སྦྱར།།

ཕྱག་དང་བཀུར་སྟི་ཞེ་ས་ལ་སོགས་པ།།

ངོ་བོ་རང་དང་མི་མོད་མཐོ་དམའམ།།

སྐྱ་སེར་རེ་ལྟོས་ལུས་སམ་མ་ལུས་པ།།

དེ་དག་གིས་ནི་རྣམ་པར་འབྱེད་པའོ།།

དེ་ནས་རིམ་བཞིན་བཞུགས་པའི་སྟན་ལ་འཁོད།།

གསོལ་དཔོན་རྣམས་ཀྱི་ཀ་ར་ན་ཇུས་དང་།།

གསེར་ལེབ་རྟ་ཤིང་དག་ལས་ལེགས་གྲུབ་པའི།།

པང་ཁེབས་རབ་འབྲིང་ཐ་མ་གསུམ་དུ་ཀླུབས།།

བཞུགས་གྲལ་གཙོ་བོར་འབྲུག་རྒྱབ་ཆེན་མོ་འབུལ།།

ཡར་གྱུ་ནང་མར་འབྲུག་རྒྱབ་ཆུང་བའོ།།དཔེ་གཞན་དུ་ཡར་རྒྱུ་ཞེས་འབྱུང་།

གཡས་གྲལ་དང་པོར་འབྲས་ཤེལ་ཆེ་བ་དང་།།

གཡོན་གྲལ་དང་པོར་འབྲས་གཡོག་བཏིང་བ་ཡིན།།

ཡར་གྱུ་ཕྱི་མར་ཤེལ་རྩེ་འོས་མོད་ཀྱི།།

གདོང་གྲལ་གཡས་སུ་འོད་ལ་བཏང་བར་བྱ།།

གདོང་གྲལ་གཡོན་དུ་སྐྱ་རྩེ་ཐོབ་པར་བྱ།།

དེ་ནས་རིམ་བཞིན་དར་རྩེ་འོན་རྩེ་དང་།།

ཐེག་རྩེ་ཤིང་རྩེ་བྱང་སྐྱ་གྲགས་འོད་མ།།

དབང་རད་གཡེ་བོ་དཔོན་དང་དང་ཆུང་དང་།།

དངུལ་སྦུབས་ལ་སོགས་རིམ་པ་བཞིན་ཏུ་བཏང་།།༼དཔེ་གཞན་དུ་དངུལ་སྦུག་ཅེས་འབྱུང་།༽

ཡང་ན་ཐེག་ཆེན་གན་དཀར་གཙོ་བོ་ལ།།

གཡས་སུ་ཀརྨ་གན་དཀར་ལེགས་པའོ།།

གཡོན་དུ་མེ་ཏོག་གན་དཀར་བཏང་བར་བྱ།།

ཡར་གྱུ་ཆེན་མོར་སེ་ཆེན་གན་དཀར་སྟེ།།

དེ་ནས་རིམ་བཞིན་སོག་པོ་གན་དཀར་དང་།།

ཆོས་རྗེ་གན་དཀར་བྱམས་ཆེན་གན་དཀར་དང་།།

རིན་རྒྱལ་གན་དཀར་སྨན་རྩེ་གན་དཀར་དང་།།

རྒྱལ་པོ་གན་དཀར་བཙུན་མོ་གན་དཀར་དང་།།

སྒྲོམ་དཀར་ཀུན་བློ་མ་དང་ཀུན་རྒྱལ་མ།།

རྒྱལ་བཟང་མ་སོགས་རིམ་པ་བཞིན་ཏུ་བཏང་།།

བཞུགས་གྲལ་འདི་འདྲ་རྒྱ་མཚོའི་ཕ་རོལ་ཇ།།

རོང་ཇ་ཕལ་ཆེར་ལེགས་པས་ཤེས་པར་གྱིས།།

འོན་ཀྱང་གཞོན་ནུ་ཚོགས་པའི་གྲལ་ཆེན་ལ།།

ཟུང་ཆུའི་སི་བྲན་དག་ཀྱང་ལེགས་པར་སྣང་།།༼དཔེ་གཞན་དུ་སིལ་བྲེན་ཞེས་འབྱུང་།༽

སྲོད་དང་སྔ་ཇ་ནག་པོ་ཡང་བསྐུར་དང་།།༼དཔེ་གཞན་དུ་ཡང་སྐྱུར་ཞེས་འབྱུང་།༽

བསེ་སྟན་མ་གཉིས་མཆོག་ཏུ་ཤིས་པ་ཡིན།།

ཀླུ་ཁང་སྐྱེད་ཚལ་ཐུགས་སྤྲོ་ལས་གཟིགས་སོགས།།

མཚར་ཇ་འདོད་ལ་གླིང་ཚང་ཟི་ལིང་དང་།།

འཇང་ཇ་དཀར་སི་སྤུ་ཇ་མེ་ཏོག་འཛིན།།

རྒྱལ་མོའི་མུར་ཇ་གཡོག་ཇ་ལ་སོགས་བཟང་།།

བཞུགས་གྲལ་ཆེན་མོར་ཉུང་ཇ་འདེབས་གསུམ་དང་།།

མང་ཇ་འདེབས་ལྔ་གཞན་དུ་སྐབས་དང་སྦྱར།།

ཆང་ལ་གྲོ་འབྲས་ནས་ཆང་གོང་མ་ལྕི།།

སོ་བ་སྲེད་དེ་ཡོས་ཆང་ཡང་བ་ཡིན།།

ལོ་ཆང་ཟླ་ཆང་རྫ་ཆེན་ཟོམ་ཆེན་དང་།།

ཞག་ཆང་རྫ་ཆུང་ཟོམ་ཆུང་སྐབས་དང་བསྟུན།།

ཁ་མངར་དངས་ཤིང་ཡི་ག་འབྱེད་བྱེད་པ།།

གསར་རྙིང་གཙོ་བོའི་ཐུགས་དང་སྦྱར་ཏེ་དྲང་།།

ཇ་ཆང་ཨ་རག་རྒྱ་རག་བཟང་པོ་ཀུན།།

མགྲོན་དང་ནམ་དུས་སྦྱར་ཞིང་སྤྱད་པར་བྱ།།

རྒྱ་ནག་སྐད་དུ་ལེབ་རྩེ་ཟེར་མོད་ཀྱང་།།

བོད་ཡུལ་ཕལ་ཆེར་སྡེར་སྟན་འབོད་པར་སྣང་།།

གཙོ་བོ་ལ་ནི་ཁ་ཐི་རྙིང་མའི་མཐོངས་།།

རྒྱབ་ཤ་ལེབ་བརྒན་བྱས་པའང་སྲིད་པ་ཡིན།།

དཔང་རན་རྒྱ་ཁྱོན་ཅོག་རྩེའི་མཆུ་ཞེང་བཞིན།།

འདི་འདྲ་རེ་རེ་ཙམ་ལས་མི་འབྱུང་སྟེ།།

ད་ལྟ་ཁ་སྦྱར་གྲུ་བཞི་ཁོ་ན་དར།།

འོན་ཀྱང་གདན་གསོས་དང་སྦྱར་རིམ་པ་བཞིན།།༼དཔེ་གཞན་དུ་གཟོས་ཞེས་འབྱུང་།༽

འཇབ་རྩེ་ཁ་ནི་གྲལ་པའི་གཡས་ཕྱོགས་བཏང་།།

དེ་ནས་དངུལ་འགག་ལི་འགག་རག་འགག་རྣམས།།

ཞིབ་ཚུགས་རྟ་རྒྱབ་ལྕགས་གཟར་རྗེས་གསུམ་མ།།

གཙོ་བོ་དང་བཅས་གོ་རིམ་བཞིན་ཏུ་དྲངས།།

རྒྱ་ཕོར་མོན་ཕོར་བོད་ཀྱི་ས་ཕོར་དང་།།

ཆེ་ཆུང་འབྲིང་གསུམ་རིམ་བཞིན་བཏང་བར་བྱ།།

བཤོས་ཀྱི་ཁུ་བ་འོ་མ་དང་སྦྱར་ཏེ།།

དྲོད་དང་ལྡན་ཞིང་ཕ་རོལ་ཚོད་སྦྱར་དྲངས།།

གཙོ་བོའི་དྲུང་དུ་སྐྱ་ཐུད་ཆེ་ཆུང་གཉིས།།

རྩིང་ཐུད་ཆེ་ཆུང་བུར་ཐུད་ཆེ་ཆུང་དང་།།

སེར་ཐུད་ཆེ་ཆུང་ཐུད་ཁྲ་ཆེ་ཆུང་དང་།།

སྐྱ་ཐུད་མ་ཉམས་ཁ་གྲུ་གང་བ་གཅིག།།

ཐུད་སྒྲོམ་མི་གང་ལྔ་ཐོག་ཉི་ཟླ་ཅན།།དཔེ་འདིར་ཆད།

རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་སྤྲས།།

འདི་ཡན་ཐུད་ཀྱི་དགོས་པ་བཤད་པའོ།།

ལུག་གི་དཀར་མོ་ལག་ཡའི་བཙོས་པོ་དང་།།

ཚག་པོ་ཆེ་བའི་ཨ་ཡུག་བཙོས་པོ་དང་།།

ཕག་རྒྱུད་རྩ་རྩེ་ཚང་བའི་བཙོས་པོ་དང་།།

ལུག་མགོ་ཚག་མགོ་ཕག་མགོ་ལྗིང་གླུམས་དང་།།

ནང་ཆ་སྣ་ཚང་རྨིག་པ་བཙོས་པ་དང་།།

རི་བང་རྡེལ་བཙོས་ཉ་དང་བྱ་ཡི་ཤ།།

བྲ་བ་ལ་སོགས་བཙོས་པའི་སྡེ་ཚན་ནོ།།

འབྲས་ཐུག་ཁྲེ་དང་ཁྲ་མ་གྲོ་ཐུག་དང་།།

མགོ་ཐུག་སྐམ་ཐལ་སྨག་དང་སྐྱུར་ཐུག་དང་།།

གྲོ་མ་སྒོང་ཚོད་ལ་སོགས་ཐུག་པའི་སྡེ།།

འབྲས་ཁྲེ་གྲོ་དང་སྲུས་ཀྱི་སྟན་བྱས་ནས།།

ཀ་ར་ཀར་སྨུག་བུར་སྦྲང་ཁ་བསྒྱུར་བ།།

འབྲི་མར་ཞུན་མས་གཙོ་བྱས་མར་ཁུའི་སྡེ།།

ལུག་ཤ་སྐམ་པོ་མགོ་དང་བཅས་པ་གསུམ།།

མགོ་མེད་མཇིང་པ་འབྱར་བའི་ཁོག་པ་གསུམ།།

མཇིང་མེད་བྲང་དང་བྲལ་བའི་སྐམ་པོ་གསུམ།།

ཚག་ཤ་ཆེ་བའི་སྐམ་པོ་སྦུབས་ལོང་ཅིག།།

སྨུག་ཤ་སྐམ་པོའི་སྡེ་ཡིན་ཁོག་ཆེན་གཅིག།།

འདི་རྣམས་སྐམ་ཤའི་སྡེ་ཚན་བསྟན་པའོ།།

ལུག་ཤ་མགོ་འབྱར་རློན་པ་ཆེ་བ་གཅིག།།

ཕག་ཤ་ཆེ་ཞིང་རྒྱགས་པའི་སྦུབས་ལོང་གཅིག།།

གཡག་རྒོད་ཉིས་གྲུས་མགོ་འབྱར་རློན་པ་གཅིག།།༼དཔེ་གཞན་དུ་ཉི་གྲུས་ཞེས་འབྱུང་།༽

འདི་དག་རྣམས་ནི་རློན་ཤའི་སྡེ་ཚན་ཡིན།།

བུར་དཀར་བུར་སྨུག་བུར་སེར་ར་ཅན་ཏེ།།

བུར་བརྩེགས་མཆོད་རྟེན་བརྩེགས་ནི་མདའ་གང་མ།།

བུར་བགོས་ཐང་ལྟར་བརྡལ་བའི་མཆུ་ཞིང་ལ།།༼དཔེ་གཞན་ན་བུར་རྒོད་ཅེས་འབྱུང་།༽

ཁ་མཐོ་བཅུ་དྲུག་ཚད་དུ་བྱ་བ་ཡིན།།

ཤེལ་དཀར་ཕུལ་གང་བྱེ་དཀར་བྲེ་ཕྱེད་དང་།།༼དཔེ་འདིར་བྱི་སྐར་ཞེས་འབྱུང་།༽

རྒྱལ་མོ་ཀ་ར་བྲེ་གང་ཚད་དུ་བྱ།།

རྒུན་འབྲུམ་ཉོ་ལི་སྐམ་པོ་བྲེ་ཕྱེད་རྣམས།།

གླ་གོར་རྒྱ་སྡེར་ཆེ་བའི་ནང་དུ་དྲངས།།

སྦྲང་ཤད་ལྔ་སྒྲོམ་བཟང་དང་ཕྲ་བ་གཉིས།།༼དཔེ་གཞན་དུ་སྦྲང་བཤས་ཞེས་འབྱུང་།༽

ཁུར་བ་ཆེ་ཆུང་ལྔ་སྒྲོམ་ཚན་པ་གཉིས།།༼དཔེ་གཞན་དུ་གོ་ར་ཆེ་ཆུང་ཞེས་འབྱུང་།༽

རྒྱ་བྲ་ལྔ་བརྩེགས་འབུ་རིལ་སྦ་རིལ་གཉིས།།

དམར་འཆམ་འཕྱུར་པོ་ཉིད་དུ་དྲངས་པ་ཡིན།།༼དཔེ་གཞན་དུ།དམར་ཆམ་ཕྱུར་བུ་ཉིད་དུ་དྲངས་པ་ཡིན།།ཞེས་འབྱུང་།༽

ལག་ཐོག་སྐྱིལ་ཀྲུང་མ་དང་རྐེད་མདུད་མ།།

ལེན་བུ་མ་དང་ཁྲ་མོ་ལྔ་ལྔ་བཀོད།།༼དཔེ་གཞན་དུ་ལན་བུ་མ་ཞེས་འབྱུང་།༽

སྐམ་གྲས་གསུམ་དང་བུར་ཏང་སི་བི་སག།།༼དཔེ་གཞན་དུ་སྐམ་གྲས་གསུམ་དང་ཕུར་ལྡང་སི་བི་སག།།ཞེས་འབྱུང་།༽

ཁུར་ཆེན་རྣམས་ནི་ཟས་སྣའི་སྡེ་ཚན་ནོ།།

མཆོད་པའི་གནས་ཀྱི་བླ་མ་དཔོན་སློབ་ལ།།

གོང་གིས་རིན་ཐང་མཉམ་པའི་དཀར་དྲོ་བྱ།།༼དཔེ་གཞན་དུ་དཀར་སྤྲོ་བྱ།ཞེས་འབྱུང་།༽

གཙོ་བོའི་མདུན་དུ་དངུལ་འགག་ཞིབ་ཚུགས་ཅན།།

ཐུད་སྡེར་བཅུ་དང་བཙོས་པོའི་སྡེར་མ་བཅུ།།

འབྲས་དང་མགོ་ཐུག་སྐམ་ཐལ་གསོལ་ཐུག་གསུམ།།

གཞན་ཡང་ཐུག་པའི་སྡེ་ཚན་སྤོ་ཞིང་ཞུ།།

འབྲས་དང་སྒོང་ངའི་ཚོད་མ་རེ་རེ་དྲངས།།

མར་ཞུའི་སྣོད་བཞིན་ཞོ་རྨུན་རྒྱ་ཕོར་གང་།།༼དཔེ་གཞན་དུ་སྣོད་བཞི་ཞེས་འབྱུང་།༽

ཟས་སྣའི་སྡེར་མ་བཅུ་དགུ་དང་བཅས་པ།།

གུད་དུ་སྡེར་ཆེན་བཞི་བཅུ་འོང་བ་ཡིན།།༼དཔེ་གཞན་པར་གུང་དུ་ཞེས་འབྱུང་།༽

ཐུད་སྒྲོམ་བུར་བརྩེགས་བུར་བསྐོས་ཁོག་འཛུད་མ།།༼དཔེ་གཞན་ལ་བུར་བཀོད་ཞེས་འབྱུང་།༽

སྡེར་མའི་ཐ་སྙད་བྱས་པ་མ་མཐོང་ངོ་།།

ཡར་གྱུ་ཆེན་མོར་ཐུད་སྒྲོམ་བུར་བརྩེགས་དང་།།

བུར་བསྐོས་ཁོག་འཛུད་རྣམས་ནི་སུམ་ཆ་གཉིས།།༼འདིར་ཡང་བུར་བཀོད་ཞེས་འདུག།༽

གཞན་མ་ཀུན་ནི་གོང་དང་ཆ་འདྲ་བྱས།།༼དཔེ་གཞན་དུ་གུང་དང་ཞེས་འབྱུང་།༽

གཡས་གྲལ་དང་པོར་སྡེར་མ་སུམ་ཅུ་དང་།།

གཡོན་གྲལ་དང་པོའང་སྡེར་དྲངས་དེ་འདྲ་བྱས།།

བཟའ་བཅའ་ཅུང་ཟད་དམད་ལ་དྲང་བ་ཡིན།།

གདོང་གྲལ་ནང་མ་གཡས་གཡོན་དང་པོ་ལ།།

སྡེར་མ་ཉེར་གསུམ་དག་དུ་བཀོད་པར་བྱ།།

ཡར་གྱུ་ཕྱི་མ་གཡས་གྲལ་དང་འདྲ་ཞིང་།།

གདོང་གྲལ་ཕྱི་མར་བཅུ་སྡེར་བཤད་པ་ཡིན།།

ཁོག་འཛུད་ཁོག་པ་ཕྱེད་དང་ལྷུ་གཟུགས་སོགས།།

བབ་ཐོབ་དང་སྦྱར་རིམ་པ་བཞིན་ཏུ་སྐྱུངས།།

གཞན་རྣམས་སྟེན་གསོས་དང་སྦྱར་རིམ་བཞིན་དྲངས།།༼དཔེ་གཞན་དུ། གཞན་རྣམས་སྟན་གཟོས་དང་སྦྱར་རིམ་བཞིན་དྲངས། །ཞེས་འབྱུང་།༽

བཟའ་བའི་རིགས་ལ་གཙོ་བོས་མ་བཞེས་བར།།

འོག་མ་ཀུན་གྱི་ཟ་ཁ་འབྱེད་པ་མིན།།

བཅའ་བའི་རིགས་ལ་གསོལ་ཁ་མི་ཡོང་གི།

དེ་ཕྱིར་བཟའ་བཅའི་དབྱེ་བ་ཤེས་པར་མཛོད།།

གོང་མ་ལ་ནི་ཤེལ་སྤྱད་དངས་པའི་ནང་།།

གསོལ་ཁྲུམ་གྱིས་བཀང་ལན་གསུམ་དག་ཏུ་ཞུ།།

གོང་དུ་སྨོས་བཞིན་ཇ་ཆང་རིམ་བཞིན་དྲངས།།

བཤོས་ཁུར་བསྐྱར་རྗེས་མས་རིམ་བཞིན་དུ་བསྡུ།།

བཞུགས་གྲལ་ཆེན་མོ་ཡུད་ཙམ་ཡངས་ཁྲོལ་བྱ།།

དཀར་དྲོ་མིན་ཚེ་བྱ་བོ་སུམ་ཅུ་བདུན།།༼འདིར་ཡང་དཀར་སྤྲོ་ཞེས་བཅོས་འདུག༽

བེ་འཕྲུག་སྟན་ལ་གྲལ་གྱི་གཞུང་དུ་བཀོད།།༼དཔེ་གཞན་དུ་བོ་འཕྲུག་ཅེས་འབྱུང་།༽

རས་དཀར་ཡུག་གིས་བྱ་བོའི་ཁ་ཀུན་གཡོག།།

དངུལ་ཏིར་ཆེན་མོ་ཇ་ཡི་སྣོད་ཡིན་ཀྱང་།།༼དཔེ་གཞན་དུ་དངུལ་ཏིལ་ཞེས་འབྱུང་།༽

དངུལ་རྐྱན་ཆང་ལ་དངུར་ཏིར་ཨ་རག་སྣོད།།

གཞན་ཡང་གསེར་དངུལ་ལས་གྲུབ་རྒྱ་ཕོར་བཟོ།།

བ་མེན་འབྲོང་རྭ་གཡག་རྒོད་རྭ་ཆེན་དང་།།

ཀ་ཊོ་ར་དང་ཆུ་གཙང་ཀུན་བཤེར་ཏེ།།

ཇ་སུན་དང་པོ་དང་བསྟུན་གྲལ་ཆེན་བསྡུ།།

ཞལ་འཕྲོས་སྒྲ་སྙན་ཤགས་མཁན་ལེགས་པར་བཀོད།།

ཇ་ཆང་ཨ་རག་ལ་སོགས་གྱ་ནོམ་དྲངས།།

སླར་ཡང་ཇ་སུན་དང་པོ་དང་སྦྱར་ནས།།

འབུལ་བ་ཆེ་ཆུང་སྐབས་དང་སྦྱར་བྱེད་ལ།།

དེ་ནས་ཕུད་བཞེས་ཆེན་མོ་དག་ལ་བཞུགས།།

རབ་མཛེས་གླུ་གར་མཁས་པའི་ན་ཆུང་མས།།

ཡིད་འོང་དབྱངས་དང་བཅས་པས་ལེགས་པར་དྲངས།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས། མགྲོན་གྱི་འདབ་མ་སྟེ་དགུ་པའོ།།

ཕ་རོལ་གཞོམ་པར་གོ་མཚོན་བྱུང་ཚུལ་དང་།།

དབྱེ་བ་དགོས་མོད་བོད་ཡུལ་དང་པོའི་དུས།།

གནོད་སྦྱིན་གྱིས་བཟུང་གོ་མཚོན་དེ་དུས་བྱུང་།།༼འདིར་དཔེ་གཞན་ཞིག་ཏུ།དེ་ནས་རིམ་གྱིས་མི་ཡིས་ཤེས་པ་ཡིན།།ཞེས་པ་ཞིག་བཅུག་འདུག༽

དེ་ལ་ཁྲབ་རྙིང་རྣམས་ཀྱི་མཚན་ཉིད་ནི།།

ཕྱི་ནང་འཇམ་ཞིང་ལྕགས་ལ་དངུལ་བསྲེས་ཡོད།།

དཔེར་ན་འཁྱགས་པ་འབྱིབས་པའི་ངོས་དང་འདྲ།།

བྱང་བུའི་ནང་ཀུན་དངུལ་དཀར་མེ་ལོང་བཞིན།།

ཤ་འཐུག་མིག་དང་བྱང་བུ་སེན་རྒྱབ་འཐོན།།

ཐེའུས་བཀུག་པའི་སེན་རིས་བྲིས་འདྲ་ཡོད།།

ལྕགས་མདོག་ཞག་ཆེ་མཉེན་ལ་མཚོན་ཁར་སྲ།།

བྱང་བུར་ཀ་ཙ་རྐེད་ཉག་ཡོད་པ་རྣམས།།

ཕལ་ཆེར་རྙིང་མའི་རིགས་སུ་འདོད་པ་ཡིན།།

གསེར་ཞུན་ཅན་ལ་བྱུགས་གསེར་ལྗང་གསེར་གཉིས།།

བར་རྙིང་རྣམས་ནི་བྱང་ཞེང་འདི་ལས་ཆེ།།

མིག་དོག་མདོག་དཀར་བརྗིད་ཆེ་བྱང་མགོ་སྙོམས།།

སེན་རིས་འཐུག་པ་བར་རྙིང་དག་ཏུ་འདོད།།

གསར་མ་བྱང་བུ་སྲབ་ལ་སེན་རིས་ཕྲ།།

སེན་རྒྱབ་མ་ཐོན་མདོག་སྔོ་བྱང་ཟུར་རྩུབ།།

བྱང་མིག་དོག་པ་གསར་མ་ཡིན་པར་འདོད།།

རྨོག་ལ་ལི་མ་གཞའ་མ་གཡའ་ལི་དང་།།དཔེ་གཞན་དུ།

རྨོག་ལ་ལི་མ་གཞའ་མ་གཞའ་ལི་དང་།།ཞེས་འབྱུང་།

སུལ་མང་མི་ཉག་རྨོག་དང་དཀར་ལེབ་དང་།།

རྣམ་རྒྱལ་མ་དང་མཛེ་རྨོག་ཨུར་རྨོག་དགུ།།

རྐང་ཁྲབ་རྙིང་པ་དངུལ་དམ་འདྲ་བ་དང་།།

སྤུས་ཁེབས་དངུལ་གྱི་མེ་ལོང་བཞིན་ཏུ་མཛེས།།༼དཔེ་གཞན་དུ་སུས་དང་ཡང་ན་པུས་ཁེབས་ཞེས་འདུག༽

དཔུང་ཁེབས་ལག་ཤུབས་ཧོར་གོས་དག་ལ་འགྲན།།

ངོ་བོ་ཁ་མིག་མཐིལ་བཞི་མ་ལགས་པ།།

ཐམས་ཅད་ལྕགས་ཀྱིས་ཀླུབས་ཤིང་རལ་གྲི་ནི།།

དང་པོ་ལྷ་མིན་གནས་སུ་བརྡུང་ཞེས་ཐོབ།།

དེ་ཉིད་སོག་ཡུལ་ཞེས་བྱའི་མཐའ་ལ་ལྷུང་།།

མགར་བ་ཐུབ་རྒྱལ་སོག་པོས་སྤེལ་བ་ལས།།

སོག་པོའི་རིགས་ཀུན་བྱུང་བར་གྲགས་པ་ཡིན།།

འདི་རིགས་རྩ་རྩེ་ཆུང་ཞིང་སྤུང་ཟུར་ཐོན།།༼དཔེ་གཞན་དུ་དཔུང་ཟུར་ཐོན།།ཞེས་འབྱུང་།༽

དཔེར་ན་ཕོ་བ་སྦལ་པའི་ཡ་ཐོད་འདྲ།།

རྩེ་ནས་སོར་གཉིས་ས་ན་གོ་ཅོག་ཡོད།།

སོག་པོའི་རིགས་ཀུན་ལྷག་པར་ལྕགས་ལ་རྣོ།།

རྒྱལ་པོ་ཞང་ཡུལ་བྱ་བའི་ལུང་པ་རུ།།

ཞང་བཟའ་ཁྲོ་མོས་བརྡུངས་པས་ཞང་མར་གྲགས།།

འདི་ཉིད་རྩ་བ་ཞེང་ཆེ་རྩེ་མོ་འཕྱུར།།

དཔུང་ཞུམ་མདོག་སྣུམ་རྩ་བར་ཉག་མཚམས་ནི།།

ཞང་རྟགས་ཞེས་བྱ་གསལ་བར་ཡོད་པ་ཡིན།།

གྲི་རིགས་འདི་ལས་གྱེས་རྣམས་གོས་ལ་རྣོ།།

ཧུ་བདེ་ཞེས་བྱ་ཧོར་གྱི་གྲི་ཡིན་ཞིང་།།

མདོག་ནག་རྩ་རྩེ་ཆུང་ལ་རྩེ་མོ་ནས།།

སོར་བཞིའི་ཐད་ན་མཐུད་མཚམས་སྟག་སོ་ནི།།

ཤིན་ཏུ་གསལ་བར་ཡོད་པས་ཤེས་པར་གྱིས།།

གྲི་འདིས་འབྲོང་རྭ་དྲུག་ཙམ་དུས་གཅིག་ཆོད།།

ཧུ་བདེ་ར་ལ་རྣོ་བར་གྲགས་པ་ཡིན།།

གུ་ཟི་བོད་ཡུལ་དབུས་ཀྱི་གྲི་ཡིན་ཞིང་།།

གྲི་གུམ་བཙན་པོའི་རིང་ལ་དར་བར་བཤད།།

འདི་ནི་གཞུང་ཚུགས་བརྗིད་ཆེ་རློན་ཉམས་ཅན།།

སྣུམ་ཞིང་དགུ་ཚིག་སྦྲུལ་རིས་འདྲ་བ་ཡོད།།

གྲི་རིགས་འདི་ལས་གྱེས་རྣམས་ཀུན་ལ་རྣོ།།

འཇའ་རལ་ཞེས་པ་འཇའ་ཡུལ་ལྷོ་ཕུགས་ཀྱི།།

ནགས་ཀྱི་གསེབ་ཏུ་མགར་བ་ཐལ་མགོས་བརྡུངས།།

འདི་ཉིད་རྩེ་མོ་མ་གཏོགས་ཤང་ལང་སྟེ།།

ཤང་ལང་ལྟག་པ་ཅན་ལ་ཟེར་བ་ཡིན།།

གྲི་རིགས་འདི་རྣམས་རྒྱས་པར་ཕྱེ་བ་ལས།།

དབྱེ་བ་མང་པོའི་མིང་དུ་འགྱུར་བ་ཡིན།།

བོད་ཡུལ་མ་སངས་སྤུན་དགུས་བཟུང་དུས་སུ།།

མདུང་གི་དང་པོར་རྩེ་གསུམ་བྱུང་ཞེས་ཐོས།།

ད་ལྟ་ལྷོ་མདུང་ཀོང་མདུང་བེ་མདུང་དང་།།

སྲིན་བུ་རྐང་དང་རྣམ་པ་ལྔ་རུ་འདོད།།

དེ་ཡང་རྩེ་གསུམ་དར་ཆ་མེད་པས་དོར།།

ས་ཁུངས་ཡངས་ལ་ལྷོ་མདུང་རིང་མོ་བྱ།།

དེ་ནི་མཉེན་དྲང་ཡང་ཞིང་རིང་བ་ཡིན།།

རྒྱ་ཟོར་ཁུག་པ་རྩེ་ལྕགས་ཐུང་བར་བྱ།།

འགག་འཕྲང་སྲུང་ལ་ཀོང་མདུང་བསྔགས་པ་སྟེ།།

འདི་ནི་མཁྲང་ཞིང་སྲན་ཆེ་རིང་ཐུང་རན།།

སྙེ་མ་རྒྱ་ཟོར་ལྷོ་མདུང་དག་དང་མཚུངས།།

བེ་མདུང་ཞེས་པ་དོན་ཆེན་གཉེར་བའི་ཚེ།།

མཚན་མོ་འཁར་བ་དང་བསྟུན་ཉིན་གོ་ཆོད།།

རྩེ་མོ་སོ་གཉིས་ཁྲག་ལུང་ཅན་ཅིག་འོང་།།

སྲིན་བུ་རྐང་ནི་སྒོ་མདུང་འོས་མོད་ཀྱི།།

ཅི་ཕྱིར་ཞེ་ན་མདུང་སོ་ཤིན་ཏུ་རིང་།།

ཡུ་བ་མི་གང་ཙམ་ལ་ཟེར་བ་ཡིན།།

ཕུབ་ཀྱང་མ་སང་སྤུན་དགུས་དྲན་པ་ལས།།

རིམ་པར་མཆེད་པ་རྒྱ་ཕུབ་གོས་སྐུད་ཀྱིས།།

གྲེན་གྱི་དོད་དུ་བཅིངས་པའི་རི་མོ་ཅན།།

ཀླད་མེད་འཁོར་རྒྱ་ཆུང་ཞིང་བརྗིད་ཆེ་བ།།

རིན་ཐང་ཆེན་པོ་ཞིག་ལ་ཟེར་བར་སྣང་།།

ད་ལྟ་བོད་ཡུལ་འདི་ན་གྲགས་ཆེ་བ།།

གཙང་ལ་འཐོན་པའི་རེ་ལྡེ་ཆེ་ཆུང་དང་།།

ཀུལ་དཀར་ཕུབ་རྣམས་རྒྱུ་ཡིས་ཁྱད་དུ་འཕགས།།

གཞན་ཡང་ཀློ་ཕུབ་སྦ་སྙོམས་གྲེན་ཚག་དམ།།

ལྗིད་དང་ལྡན་ན་མཆོག་ཏུ་བཤད་པ་ཡིན།།

ཀླད་བཟོ་སྦུབ་འཐེར་སྐབས་དང་བསྟུན་པར་བྱ།།

དང་པོའི་ཧོར་དོང་བཙོས་བསེ་མགོ་སྒོར་མ།།

གདོང་ལ་སུལ་མང་ཀོ་བ་ཉིད་ལས་གྲུབ།།

ཚོན་དང་རྩི་གཉིས་སྤེལ་མ་བདུན་རིམ་ཅན།།

བསེ་ཁྲབ་ཨུ་རྒྱན་མ་དང་དུས་མཉམ་ཡིན།།

ད་ལྟར་ཧོར་སོག་ཀུན་ལ་སག་ཐག་ཅེས།།

མདའ་སྟོད་ཕྱི་ནང་ལོག་ཏུ་བསྟན་པ་ཡི།།

རྒྱ་པག་རག་གི་སྐུད་པས་བཙེམས་པར་སྣང་།།

དབུས་གཙང་དགས་ཀོང་སོགས་སུ་ད་ལྟ་ནི།།

དོང་པ་རྒྱ་ཧོར་བསེ་འཆམ་བཀུག་པ་ལས།།

སྒྲོ་ཁྱིམ་ཡངས་ལ་མགོ་བོ་བྲ་ལོ་ཅན།།

རྒྱབ་བསེ་མཁྲང་ཞིང་མདུན་ཀུན་རི་མོས་མཛེས།།

ཇོ་རྩེ་གསེར་ཤོག་གིས་བརྒྱན་རབ་ཏུ་འདོད།།

དེ་ནས་བར་རྙིང་གསར་མ་རིགས་པས་ཤེས།།

མདའ་འདི་ལྷ་མིན་ཐག་བཟང་རྒྱལ་པོ་ཡིས།།

ཤེད་བུ་ལ་ནི་སྐྱེས་སུ་བསྐུར་ཞེས་ཐོས།།

དེ་ལ་དཔག་སྟེ་དེང་སང་ལྕགས་མདའ་དང་།།

བྱང་གི་ཀོ་མདའ་ཤིང་མདའ་སྙུག་མའི་མདའ།།

ལྕགས་མདའ་ཀོང་མདའ་དར་ཆ་ཆུང་བས་དོར།།

ཕྱོགས་འདིར་མིག་འབེན་གོམ་པ་དྲུག་བརྒྱ་ལ།།

ལྷོ་གཤེར་ད་བམ་ཀོང་སྙུག་རྩེ་བཅད་དང་།།

རྒོད་དང་ཁྲུང་ཁྲུང་རླག་དང་བྲག་ཟེ་ཡི།།

སྟག་བིག་སྒྲོན་པ་མཆོག་ཏུ་འདོད་མོད་ཀྱི།།

མདེའུ་སོར་ལྔ་ལྕུག་མའི་མེ་ཏོག་གི།།

ཁ་འབུས་ཙམ་གྱི་བཟོ་དབྱིབས་ལྡན་པར་བྱ།།

རྒྱང་མའི་རིགས་ཀུན་འདི་ཡི་ཤེས་མོད་ཀྱི།།

འཁྲུག་མདའ་ཀུན་ནི་སྦ་དང་ཀོང་སྙུག་གི།

རྐེད་པ་མན་གྱི་ལོ་མང་ལོན་ལ་བྱ།།

མདའ་མགོ་ལག་གང་མ་ནི་མཆོག་ཡིན་ཏེ།།

ལེབ་མ་ཁྲོ་འཇིགས་སྟག་ཉལ་ལ་སོགས་པ།།

སྐབས་དང་སྦྱར་ཞིང་མཐུད་མདའ་དག་ཀྱང་རུང་།།

སྒྲོ་ནི་འདབ་ཆག་ཤ་ཟན་གང་ཡིན་གྱི།།

ཆེ་སྒྲོ་ཐམས་ཅད་སྒྲོན་པར་བཤད་ན་ཡང་།།

རོག་སྐྱུང་སྒྲོ་དེ་རྒྱང་དུ་དོར་བར་བྱ།།༼བྱ་རོག་དང་སྐྱུང་ཀ་ཡིན་ནམ་དཔྱད།༽

གཞུ་ལ་རྒྱ་གཞུ་ཧོར་གཞུ་བོད་གཞུ་དང་།།

ཀོང་པོའི་འོད་མ་བཞི་རུ་འདོད་པ་ཡིན།།

རྒྱ་གཞུ་མཆོག་མ་ཙནྡ་དམར་པོའམ།།

སེང་ལྡེང་ལས་བྱས་གསེར་ཤོག་གིས་བརྒྱན་ཞིང་།།

ཟུར་གཉིས་སྙུག་དར་ཤིང་གིས་བརྒྱན་པ་ཡོད།།

ཚིགས་བཞི་རག་སྐུད་ལྔ་སྐོར་གྱིས་བསྡམ་པ།།

རྒྱུད་ཀྱང་སྟོང་སྐུད་དཀར་པོས་བྱས་པའོ།།

ཧོར་གཞུ་དེ་ལས་དཀྱུས་རིང་ཞེང་ཆུང་ལ།།

ཟུར་རྒྱན་སྦལ་སྐོགས་དག་གིས་བྱས་པ་དང་།།

ནང་ལ་གསེར་རིས་ཁྲིད་དང་སྲ་རྩིས་མནན།།༼ཡང་ན་པྲ་རྩི།༽

མཆོག་མ་ཤིན་ཏུ་དགྱེ་ཞིང་ཀྲད་རྒྱུན་ནི།།

རྐྱང་གི་ཀོ་བ་སྒྲིལ་ལས་བྱས་པ་མང་།།

བོད་གཞུ་དཀྱུས་རིང་སྦོ་གཞོལ་ཚིགས་བཞི་ལྷོད།།

གྲེན་དམར་གྱིས་ནི་ཚིགས་བཞི་མཛེས་པར་བཅིངས།།

གྲོ་གས་ལེགས་པར་གཡོག་པ་ཞིག་ལ་ཟེར།།

རྒྱུད་ཀྱང་རྒྱ་ཀོ་ཁོ་ན་སྒྲིལ་ལས་བྱེད།།

ཀུན་ཀྱང་ར་ཐོང་རྒྱུས་གཤུས་སྤྱིན་བཟང་གིས།།༼དཔེ་གཞན་དུ།ཀུན་ཀྱང་ར་ཐོང་རྒྱུས་གཤུལ་སྤྱིན་བཟང་གིས།།ཞེས་འབྱུང་།༽

ལེགས་པར་བསྡམས་ཤིང་ཡ་ཡོ་མེད་པར་འདོད།།

འོད་མ་འདི་ནི་རྒྱ་གར་ཡུལ་ཕྱོགས་ཀྱི།།

འོད་མའི་ཚལ་ཞེས་བྱ་བའི་མིང་འཇགས་མོད།།

ངོ་བོ་སྨྱུག་མ་བཟང་པོའི་མིང་དུ་སྣང་།།

དེ་ཡང་སྐྱོན་མེད་རྒྱུ་བཟང་དར་ལ་བབ།།

སྟོན་དུས་བཅད་པ་མཆོག་ཏུ་འདོད་པ་ཡིན།།

དགྱེ་ཕྱོགས་སྒུ་ཕྱོགས་ཤེས་པ་ཤིན་ཏུ་གཅེས།།

ནང་ཤ་དགྱེ་ཕྱོགས་ཕྱི་ངོས་སྒུ་ཕྱོགས་ལེགས།།

ཆུ་ཆོད་ཚོས་རན་སེར་པོ་དྲག་རྒྱལ་ཏེ།།

དེ་ལས་ཅུང་ཚོས་སྨུག་ལྡིང་ཡོང་བ་ཡིན།།

ཚིགས་པ་ནང་དུ་གསུམ་གྱི་ཐ་མ་གཉིས།།

ངེས་པར་དགུག་མཚམས་གནས་སུ་ཕོག་པ་གཅེས།།

རྒྱབ་ཤ་དཀར་འབོལ་ཚིག་ཐགས་རིང་བ་དང་།།

འབྱུང་ཁུངས་དོ་ཤོང་ཁོ་ནས་མཆོག་ཏུ་འདོད།།

རྒྱུད་ནི་གསོ་མ་རྐང་རིང་སྒྲིལ་བས་བྱ།།

གོང་གི་གོ་མཚོན་རྣམས་ཀྱི་རིན་ཐང་ནི།།

ཁྲབ་རྙིང་རྣམ་པར་དག་ལ་གསེར་སྲང་གསུམ།།

བར་རྙིང་སྲང་དོ་གསར་མ་སྲང་གང་བཅད།།

རྨོག་ནི་ལི་མ་རབ་ལ་སྲང་ཕྱེད་དང་།།

སུལ་མང་ཞོ་གསུམ་གཞན་རྣམས་ཞོ་རེ་བྱ།།

རྐང་ཁྲབ་རབ་ལ་ཡ་ཞོ་བྱེད་པ་སྣང་།།

རལ་གྲི་ཤིན་ཏུ་ལེགས་ལ་སྲང་ལྔ་གཅད།།

འབྲིང་ལ་སྲང་གསུམ་ཐ་མ་སྲང་གང་བྱ།།

ཤང་ལང་རབ་ལ་ཞོ་བཞི་བྱེད་པ་ཡིན།།

མདུང་ནི་རབ་ལ་ཞོ་རེ་འབྲིང་ཞོ་ཕྱེད།།

ཐ་མ་ནམ་རེ་བྱེད་པ་སྲོལ་དུ་འདུག།།

ཕུབ་ནི་རེ་ལྡེ་རྒྱུ་སྐར་བཀྲམ་འདྲ་ལ།།

ཞོ་དྲུག་བྱ་ཞིང་རེ་ལྡེ་ཆུང་བ་ཡི།།

སྐར་མ་ཅན་ལ་སྲང་ཕྱེད་བྱེད་མོད་ཀྱི།།

ཀུལ་དཀར་ཕུབ་ནི་རབ་ལ་ཞོ་ལྔ་སྟེ།།

ཀློ་སྤིར་ཞོ་རེ་ཕུབ་སྒོར་ཞོ་ཕྱེད་ཡིན།།

ཧོར་དོང་བསེ་རྙིང་ཁྱད་དུ་ཐོན་པ་དང་།།

ད་ལྟ་སྔར་གྱི་རྒྱ་ཧོར་འཆམས་བཀུག་པའི།།

དོང་པ་ལེགས་ལ་སྲང་དོ་བྱས་པ་མཐོང་།།

གཞན་པ་བོད་ཡུལ་འདི་རུ་ཕྱིས་བཟོས་པའི།།

དོང་པ་རབ་འབྲིང་མཐོང་བས་གོང་ཐང་ཤེས།།

མདའ་ནི་རབ་ལ་རྡོག་སེ་བྱེད་མོད་ཀྱང་།།

ཚོང་འདུས་བྲག་ཁར་བཟོས་ལ་བཞི་ཞོ་སྣང་།།

རྒྱ་དང་ཧོར་གྱི་གཞུ་ལ་པའུ་རྩེ་རེ།།

བོད་ཀྱི་གཞུ་དང་འོད་མ་ལེགས་པ་ལ།།

ཞོ་རེ་བྱེད་མོད་འབྲིང་ཐ་དེ་ནས་ཤེས།།

དེ་ལྟར་གོ་མཚོན་ལྡན་པའི་སྐྱེ་བོ་ནི།།

བརྒྱ་སྟོང་ཁྲི་འབུམ་གང་དུ་འཛོམས་པའི་ཚེ།།

སྤྱི་དཔོན་གྱིས་ནི་ཉི་མ་བཞིན་ཏུ་བསྐྱངས་།།

འབངས་འཁོར་གྱིས་ནི་ས་གཞི་ལྟ་བུར་བཏེགས།།

སྒེར་དཔོན་རྣམས་ཀྱིས་ནི་བུ་བཞིན་བརྩེ་བས་བསྐྱངས།།

དེ་ལྟར་ཞེན་དང་ཕོ་རུས་ལྡན་པའི་ཚེ།།

ཕ་རོལ་དགྲ་བོ་གཞོམ་པར་སླ་མོད་ཀྱི།།

རྒྱ་ཡི་ལུགས་རྣམས་འདི་རུ་བརྗོད་མི་དགོས།།

དེ་ལ་དང་པོར་དམག་རྩིས་མཁས་པ་ཡིས།།

གཟའ་སྐར་དུས་ཚོད་ལེགས་པའི་ཕྱོགས་དང་བསྟུན།།

རྩོད་པའི་ས་ཡུལ་རི་བྲག་དོག་གྱུར་ན།།

ཐོ་རངས་དང་པོར་རི་གནད་གང་ཆེ་བཟུང་།།

ཐང་ཆེན་གཡུལ་སྤྲོད་སྡིག་རུ་ཁོ་ནས་འཐུས།།

གཞུང་དུ་གོ་ཆེན་གང་བཟང་གཤིབ་ལ་རྫོང་།།

གཡས་གཡོན་རུ་ཆེན་སྡིག་པའི་རྭ་ལྟར་བཀུག།།

གར་དགོས་ལྷན་ཆུང་གྲུ་བཞིའི་རུ་ཡན་གཅིག།།

རྒྱབ་ནས་འབོལ་དམག་འགྲོ་མཚམས་རྙེད་དུས་དཔུང།།

ཀུན་ཀྱང་སྤྱི་དཔོན་རུ་དཔོན་བཅུ་དཔོན་གྱིས།།

དཔའ་བའི་ངར་བླུད་ཁ་ཏས་ཁྱབ་པར་བྱ།།

ཁྲིམས་དང་ལྡན་ཞིང་ནུས་དང་བཅས་པའི་དཔུང་།།

དབྱར་གྱིས་རླངས་རྡོལ་ལྟ་བུར་ཐེ་ཚོམ་མེད།།

བྲག་ལ་གནམ་ལྕགས་བཞིན་དུ་ཐོགས་པ་མེད།།

ཕ་རོལ་བྱ་སྤུ་རླུང་གིས་གཏོར་བ་ལྟར།།

སྐད་ཅིག་ཙམ་ལ་གཞན་སྡེ་གཞོམ་པ་ཡིན།།

དེ་ཡང་ཧ་ཅང་ཚོད་མེད་མི་བདའ་ཞིང་།།

གོ་མཚོན་བཤུས་ཏེ་བཙོན་དུ་འཆིང་བར་བྱ།།

བཟུང་བསད་བྱེད་ཅིང་མགོ་ལག་མ་དབྱུང་ཞིང་།།༼དཔེ་གཞན་དུ་མ་དབྱུང་ཞིག །ཅེས་འབྱུང་།༽

གཞན་གྱི་རྫོང་གཞིས་དབང་དུ་བྱ་བ་ནི།།

དང་པོ་ཉིད་ནས་ཧ་ཅང་བཅར་དྲག་ན།།

གལ་ཏེ་ལོག་ནོན་སྒབ་གསེང་བྱུང་བའི་ཚེ།།

སྐྱོན་དུ་འགྱུར་བས་དཔུང་ཆེན་སྒར་གྱི་ས།།

ཉེ་འགྱང་རན་ལ་རང་ས་ཟིན་པར་བྱ།།

དེ་ནས་དབྱངས་འཆར་མཁས་པས་ལེགས་པར་བརྟགས།།

རྫོང་དཔོན་བསོད་ནམས་གཟའ་དེ་ཕྱིར་ཐོན་ཞིང་།།

ཕྱི་རོལ་དམག་དཔོན་མིང་སྐར་ནང་དུ་སླེབས།།

དེ་དུས་རིམ་གྱིས་སྒྱོག་དང་འཕོ་ལོང་དང་།།

མེ་དཔག་མེ་མདའ་སོགས་ཀྱིས་བཙན་ཆ་བཅོམ།།

དཔའ་བརྟན་བརྟུལ་ཞུགས་ཅན་གྱིས་སྣ་དྲང་འཚང་།།

དེ་འདྲ་ཡང་ཡང་བྱས་པས་འབེབ་མོད་ཀྱི།།

དེ་ལྟར་མིན་ན་ལྟོ་ཆུ་བཀག་པར་བྱ།།

མདོར་ན་ནང་ཁྲིམས་ཕྱིར་དཔའ་ཞེན་རུས་ཅན།།

མང་པོ་ཚོགས་ན་གར་རྒྱབ་འགྲོ་བ་ཡིན།།

འཇིག་རྟེན་ལུགས་ཀྱིས་བཅོས་ཨུཏྤ་ལའི་སྡོང་པོ་ལས།ཕ་རོལ་གཞོམ་ཐབས་གོ་མཚོན་དབྱེ་བའི་འདབ་མ་སྟེ་བཅུ་པའོ།།

གྲོས་ཚོད་འཛིན་དང་ཡ་རབས་སྤྱོད་པ་ནི།།

ལེགས་ཉེས་སྔོན་གྱི་ལས་ཀྱིས་བཀོད་མོད་ཀྱང་།།

ཚེ་འདིར་ཀུན་དང་མཐུན་པའི་སྤྱོད་པ་དང་།།

འགྱོད་མེད་མཐའ་རུ་སྐྱེལ་བ་ཤིན་ཏུ་གཅེས།།

དེ་ཡང་དཔལ་འབྱོར་གཉིས་ལྡན་ཐོབ་དུས་འདིར།།༼དཔེ་གཞན་དུ་དལ་འབྱོར་ཞེས་བཅོས་འདུག༽

བཤེས་གཉེན་དམ་པ་ཞྭ་བཞིན་གཙུག་ཏུ་བསྟེན།།

བྱང་ཆུབ་ལམ་མཆོག་དོན་ཏུ་གཉེར་བྱེད་ན།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

དེ་ལྟ་མིན་ཀྱང་འཇིག་རྟེན་དམ་པའི་ལུགས།།

རྟག་ཏུ་གཟུར་གནས་མི་དགེ་བཅུ་ལས་ལྡོག།།

དགེ་བཅུའི་ངང་ཚུལ་ཅན་དུ་གང་གནས་པ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

སྟོབས་ལྡན་དགྲ་ལ་རྒོལ་བ་མི་རྩོམ་ཞིང་།།

ཁས་དྲག་ཅན་གྱི་ཆུང་མ་མི་བཀུག་ལ།།

ནོར་ཆེན་ཁྱེར་ཏེ་གཅིག་པུ་མི་བསྒྲོད་པ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

ཁ་ངན་དགྲ་བོའི་གཡབ་ཤིང་མི་བྱེད་ཅིང་།།

བྱ་མང་བྱུར་གྱི་སྣ་ལེན་མི་བྱེད་ལ།།

བློ་མང་འདུན་མའི་དཀྲུགས་ཤིང་མི་འཆར་བ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

གཤིས་ངན་དགྲ་བོའི་ཚོགས་པ་མི་གཏོང་ཞིང་།།

འཁོར་ངན་གཏམ་གྱི་ས་བོན་མི་འདེབས་ལ།།

གྲོས་ངན་འགྱེད་པའི་མེ་ལོང་མི་འཆར་བ།།༼དཔེ་གཞན་དུ་གྲོགས་ངན་འགྱོད་པའི་ཞེས་སོགས་འབྱུང་།༽

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

འདྲིས་མ་ཐག་ཏུ་སྙིང་གཏམ་མི་བཤད་ཅིང་།།

མ་བརྟགས་བར་དུ་བློ་ཕུགས་མི་གཏོད་ལ།།

མི་ཡོང་བཞིན་ཏུ་བྱ་བྱེད་མི་འཆོལ་བ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

ཤ་ཚ་མེད་ལ་ཕུགས་སྲིས་མི་བཅོལ་ཞིང་།།

ཁྲེལ་གཞུང་མེད་ལ་གྲོགས་སུ་མི་བསྟེན་ལ།།

མི་ཉན་པ་ལ་ཁ་ཏ་མི་བྱེད་པ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

མྱོང་བ་མེད་ལ་གྲོས་ཕུགས་མི་འདྲི་ཞིང་།།

མ་རབས་ཅན་དང་མཉམ་དུ་མི་འགྲོགས་ལ།།

ཞེ་ནག་ཅན་ལ་བག་ཟོན་བྱེད་པ་རྣམས།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

མི་ལྕོགས་པ་ལ་ཁས་ལེན་མི་བྱ་ཞིང་།།

མ་གྲུབ་དོན་དེ་ཀུན་ལ་མི་བཤད་ལ།།

ངན་སེམས་ཅན་དང་ནམ་ཡང་མི་འགྲོགས་པ།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

སྙིང་གཏམ་ཟབ་དགུ་བུ་ལའང་མི་སྨྲ་ཞིང་།།

སེམས་ལ་དྲན་ཚད་གྲེ་བར་ཅུང་ཟད་བསྐྱིལ།།

ལེགས་པར་བསམ་སྟེ་མདོ་དོན་དྲིལ་བྱེད་ན།།

ཚེ་འདིའི་གྲོས་ཚོད་ལེགས་པར་ཟིན་པ་ཡིན།།

དེ་ནས་ཁྱད་པར་ཡ་རབས་སྤྱོད་པ་བསྟན།།

རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་།།

གཞན་ལ་ཁྱད་པར་བརྙས་པ་མི་བྱེད་པར།།

གོང་དུ་ཁུར་བ་ཡ་རབས་སྤྱོད་པ་ཡིན།།

རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང་།།

སྤྱི་ཡི་ཁྲིམས་ལ་རས་གཅོད་མི་བྱ་ཞིང་།།

གཞན་གྱི་ནོར་ལ་ཕོད་པ་མི་ཆེ་བར།།

བག་ཡོད་ལྡན་པ་ཡ་རབས་སྤྱོད་པ་ཡིན།།

རང་ཉིད་ཀུན་གྱིས་ཚད་མར་བཀུར་ན་ཡང་།།

ངའོ་སྙམ་པའི་ང་རྒྱལ་མི་ཆེ་ལ།།

ཁེངས་པ་མེད་པར་གཞན་གྱི་ཁུར་ལེན་ཞིང་།།

དྲང་པོར་གནས་པ་ཡ་རབས་སྤྱོད་པ་ཡིན།།

ཁ་རྒོད་སྨྲ་བ་མང་བས་དགྲ་མི་ཐུལ།།

ངོ་བསྟོད་ཕྱེ་གཏོར་མཁས་པས་གཉེན་མི་འཁྱོངས།།

དགྲ་ལེན་ཞེ་དང་གཉེན་ལེན་ཟས་ནོར་གྱིས།།

ཡང་དག་སྐྱོངས་བ་ཡ་རབས་སྤྱོད་པ་ཡིན།།

སེར་སྣའི་བསོག་འཇོག་ཅན་གྱིས་ནོར་མི་སོགས།།

དཔའ་མཛངས་འཕྲུལ་ལག་མེད་པས་དགྲ་མི་ཐུལ།།

གཏོང་ཕོད་ཆེ་ཞིང་དཔའ་ངར་ཤུགས་ལྡན་པས།།

དོན་གཉིས་གྲུབ་པ་ཡ་རབས་སྤྱོད་པ་ཡིན།།

ཟབ་དོན་རྫུ་ཚན་ཆེ་ན་འཐོམ་པོར་འཆོར།།

སྨྲ་བ་ནན་ཏར་བཟུང་ན་ལྐུགས་པ་འདྲ།།

གསལ་དག་སྤྲོ་བ་ཐུང་ན་གཞན་ལ་འཚེ།།

དེ་རྣམས་སྤོང་བ་ཡ་རབས་སྤྱོད་པ་ཡིན།།

མགོ་སྟོང་མིན་པའི་སྤྱང་པོ་མཐར་ཐུག་དང་།།

གླེན་པ་མིན་པའི་དྲང་པོ་གཟུར་གནས་དང་།།

གྲ་ཟུར་མི་མང་གྲུང་པོ་རྣམ་དག་ནི།།

ཡ་རབས་སྤྱོད་པ་ཀུན་གྱི་མེ་ཏོག་ཡིན།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས།གྲོས་ཚོད་འཛིན་པ་དང་ཡ་རབས་སྤྱོད་པ་བཤད་པའི་འདབ་མ་སྟེ་བཅུ་གཅིག་པའོ།།

དགེ་བ་རྒྱ་ཆེན་གཏོང་ཚུལ་བཤད་པར་བྱ།།

ཀུན་བཟང་མཆོད་སྤྲིན་ལྟ་བུ་མ་གྲུབ་ཀྱང་།།

གཏན་པ་མེད་པའི་མཆོད་སྦྱིན་མང་སྩལ་ན།།

བརྒྱ་བྱིན་མཆོད་འོས་དམ་པར་འགྱུར་ཞེས་ཐོས།།

དེ་ཡང་བྱང་ཆེན་རྣམས་ཀྱིས་རང་གི་ལུས།།

མང་དུ་གཏོང་ན་ཕྱི་རོལ་དངོས་པོའི་ཚོགས།།

བུ་དང་ཆུང་མ་གཏོང་བ་སྨོས་ཅི་དགོས།།

སྐབས་འདིར་སྙིགས་མའི་དུས་ཀྱིས་དེ་འདྲར་དཀོན།།

འོན་ཀྱང་བསམ་བཞིན་སྐྱེ་བ་རབས་བཞེས་པའི།།

མཆོག་གི་སྤྲུལ་པའི་སྐུ་ཉིད་མི་ཡུལ་དུ།།

བྱོན་པའི་དུས་སུ་ལུས་དང་ལོངས་སྤྱོད་ཀུན།།

དངོས་སམ་ཡིད་ཀྱིས་ཁོང་ཡུས་མེད་པར་འབུལ།།

དེ་ཡང་མཁའ་མཉམ་སེམས་ཅན་མ་ལུས་པ།།

རང་གི་ཕ་མར་མ་གྱུར་གཅིག་མེད་ན།།

བདག་གིས་སྐྱོབ་པའི་ནུས་པ་མ་མཆིས་པས།།

མཁྱེན་བརྩེའི་ནུས་ལྡན་ཁྱོད་ཀྱིས་སྐྱབས་ཕྱིར་དབུལ།།

དེ་ནས་རིམ་བཞིན་ས་ལམ་ལ་གནས་པའི།།

སྐྱེས་བུ་ཚུལ་ལྡན་རྣམས་ལ་འདོད་ཡོན་ལྔའི།།

མཆོད་པ་བློས་བསླངས་ལན་དང་རྣམ་སྨིན་གྱི།།

རེ་བ་ཅུང་ཟད་མེད་པར་གཏོང་བ་ཡིན།།

དེ་བཞིན་དགེ་སློང་དགེ་ཚུལ་དགེ་བསྙེན་སོགས།།

སྐྱབས་གསུམ་འཛིན་པ་རྣམས་ལ་རིམ་བཞིན་ཏུ།།

མཆོད་སྦྱིན་སྩལ་ན་འགྱུར་ཁྱད་རིམ་བཞིན་ཆེ།།

སྐྱེ་བ་རྒྱལ་ཕམ་གཉིས་ཀྱང་དེ་གཞིན་ནོ།།

དེ་ནས་སོ་སོ་སྐྱེ་བོ་མང་པོ་ལ།།

རྒྱ་གར་རྒྱ་ནག་ལི་དང་བལ་པོ་སོགས།།

ཡུལ་གྲུ་ཆེན་པོ་རྣམས་སུ་འདོད་དགུའི་ཚོགས།།

མ་ཚང་མེད་པ་འགྱེད་སྲོལ་ཡོད་ཐོས་སོ།།

གངས་ཅན་རི་ཡི་སུལ་ནང་འདི་ཉིད་དུ།།

སྔོན་གྱི་རྒྱལ་པོའི་དུས་ནས་ད་ཕན་དུ།།

ཆེ་ཆུང་འབྱོར་སྟོབས་དང་བསྟུན་ཚུལ་བཞིན་ཏུ།།

མཆོག་དམན་སྦྱིན་པས་སྐྱོང་བའི་ལུགས་བཟང་ཡོད།།

དྭགས་ཡུལ་འདི་ན་སོ་སོའི་ལུང་སྲོལ་ལ།།

ཞེན་ཅིང་མིག་ལྟོས་ཞན་པ་ཉིད་དུ་སྣང་།།

སྐྱེ་བོ་ཕལ་པ་འགྱེད་ན་ཀོང་པོའི་ལུགས།།

ནག་སྟོན་མགོ་ནག་བགོས་བཞིན་གཏོང་ལ་ལྟོས།།

མདོར་ན་རང་ཉིད་དད་པའི་སྟོབས་ཆེ་ན།།

མཆོག་གི་དྲུང་དུ་འབུལ་བ་འགྱུར་ཆེ་མོད།།

དད་པ་ཞན་ཅིང་སྙིང་རྗེ་ཆེ་ལྡན་ན།།

ངན་ལོང་མ་ནུས་པ་ལ་སྦྱིན་པ་མཆོག།།

གང་ལ་མཆོད་དང་སྦྱིན་པ་ཅི་བྱེད་ཀྱང་།།

རང་འདོད་ཁེ་གྲགས་མེད་ཅིང་རྣམ་སྨིན་ལ།།

རེ་བ་ཅུང་ཟད་མེད་ན་མཁས་པ་ཡིན།།

འཁོར་གསུམ་རྣམ་པར་དག་ན་སྨོས་ཅི་དགོས།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས་དགེ་བ་རྒྱ་ཆེན་གཏོང་བའི་འདབ་མ་སྟེ་བཅུ་གཉིས་པའོ།།

ཁྱིམ་པའི་ཁྲིམས་ཀྱི་ལོ་རྒྱུས་བཤད་པ་ནི།།

ཐབས་ལ་མཁས་པའི་རྐང་གཉིས་གཙོ་བོ་ཡིས།།

མངོན་མཐོ་བསྒྲུབ་ཕྱིར་ཉིན་ཞག་གཅིག་པའི་ཁྲིམས།།

ལེགས་པར་གསུང་ཤིང་ལྷ་མི་ཀུན་ལ་འདོམས།།

དེ་ནས་རིམ་གྱིས་དང་པོའི་འཁོར་རྣམས་དང་།།

གླེགས་བམ་ལས་ནི་ཐོབ་པའི་ལོ་རྒྱུས་སྣང་།།

རྟེན་ནི་ཁྱིམ་པ་ཡིས་ཀྱང་བཤད་དུ་རུང་།།

དེ་ཕྱིར་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ།།

བྲམ་ཟེའི་ཁྱེའུ་ཞིག་གིས་འདི་སྐད་དུ།།

འདྲེན་མཆོག་རྒྱལ་པོ་འོད་མའི་ཚལ་དུ་བཞུད།།

ཁྱིམ་བདག་ཁྱོད་ཀྱིས་མགོན་པོ་དེ་ཉིད་ལ།།

གསོ་སྦྱོང་མནོས་སམ་བདག་ལ་སྩལ་དུ་གསོལ།།

དེ་ནས་ཁྱིམ་བདག་ཆེན་པོས་འདི་སྐད་དུ།།

ང་ཡིས་སྟོན་པ་ཉིད་ལ་ལེགས་པར་བླངས།།

དེ་ལྟར་ཁྱོད་ལ་སྦྱིན་ནོ་ཡིད་ལ་ཟུང་།།

ཅེས་སྨྲས་བྲམ་ཟེས་ཡན་ལག་ལྔ་ཁྲུས་བྱས།།

མགོན་མེད་ཟས་སྦྱིན་དྲུང་དུ་ཕྱིན་པར་གྱུར།།

པུས་མོའི་སླ་ང་ས་ལ་ལེགས་བཙུགས་སྟེ།།

གསོ་སྦྱོང་འདོད་ཕྱིར་ཐལ་མོ་སྦྱར་ཏེ་བཏུད།།

དེ་ལ་ཁྱིམ་བདག་ཆེན་པོས་འདི་སྐད་དུ།།

ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དང་།།

དགྲ་བཅོམ་ཡང་དག་རྫོགས་པའི་སངས་རྒྱས་ནི།།

རྟ་ཡི་རྒྱལ་པོ་ཅང་ཤེས་ལྟ་བུ་དང།།

གླང་ཆེན་ལྟ་བུར་བྱ་བ་བྱས་པ་དང་།།

བྱེད་པ་བྱས་ཤིང་ཁུར་བོར་རང་གི་དོན།།

རྗེས་ཐོབ་སྲིད་པ་ཀུན་ཏུ་སྦྱོར་བ་ཡང་།།

ཡོངས་སུ་ཟད་ཅིང་ཡང་དག་འབྱོར་བའི་བཀའ།།

ཐུགས་ནི་ལེགས་པར་རྣམ་གྲོལ་ཤེས་རབ་ཅན།།

དེ་དག་གིས་ནི་སེམས་ཅན་ཀུན་དོན་ཕྱིར།།

ཕན་པར་བྱ་དང་གྲོལ་བར་བྱ་བའི་ཕྱིར།།

མུ་གེ་མེད་ཅིང་ནད་མེད་གནས་པའི་ཕྱིར།།

བྱང་ཆུབ་ཕྱོགས་ཆོས་ཡོངས་སུ་རྫོགས་ཕྱིར་དང་།།

བླ་མེད་རྫོགས་བྱང་མངོན་པར་རྟོགས་པའི་ཕྱིར།།

གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ།།

བདག་གི་མིང་ནི་འདི་ཞེས་བགྱི་བས་ཀྱང་།།

དུས་འདི་ནས་བཟུང་ཇི་སྲིད་སང་གི་ནི།།

ཉི་མ་མ་ཤར་བར་དུ་གསོ་སྦྱོང་དག།།

ཡང་དག་བླང་ངོ་སྙམ་དུ་སེམས་བསྐྱེད་ལ།།

དེང་ནས་བཟུང་སྟེ་སྲོག་གཅོད་མི་བྱ་ཞིང་།།

གཞན་གྱི་ནོར་ཡང་བླང་བར་མི་བྱ་ལ།།

འཁྲིག་པའི་ཆོས་ཀྱང་སྤྱད་པར་མི་བྱ་ཞིང་།།

རྫུན་གྱི་ཚིག་ཀྱང་ནམ་ཡང་མི་སྨྲའོ།།

སྐྱོན་ནི་མང་པོ་ཉེ་བར་བསྟེན་པ་ཡི།།

མྱོས་འགྱུར་ཆང་ནི་ཡོངས་སུ་སྤང་བའོ།།

ཁྲི་སྟན་ཆེ་སོགས་འདུག་པར་མི་བྱ་ཞིང་།།

དེ་བཞིན་དུས་མ་ཡིན་པའི་ཟས་རྣམས་དང་།།

དྲི་དང་ཕྲེང་བ་རྒྱན་རྣམས་སྤང་བར་བྱ།།

གར་དང་གླུ་དབྱངས་རྩོམ་པར་མི་བྱ་ཞིང་།།

ཇི་ལྟར་དགྲ་བཅོམ་དུས་རྣམས་རྟག་ཏུ་ཡང་།།

སྲོག་གཅོད་ལ་སོགས་ནམ་ཡང་མི་བྱེད་པ།།

དེ་བཞིན་སྲོག་གཅོད་ལ་སོགས་ཡོངས་སྤངས་ཏེ།།

བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག།།

སྡུག་བསྔལ་མང་འཁྲུགས་སེམས་ཅན་ཐམས་ཅད་ནི།།

སྲིད་པའི་མཚོ་ལས་རབ་ཏུ་སྒྲོལ་བར་ཤོག།།

ཅེས་པ་ལན་གསུམ་བར་དུ་སྨྲ་བར་བསྩལ།།

དེ་ཡང་ཆོ་ག་མཁན་རྒྱུད་མ་ཉམས་པའི།།

སྐྱེས་བུ་རིམ་པར་བྱོན་ལ་མི་ལེན་པར།།

དེང་སང་རྒྱལ་བའི་སྐུ་ཡི་སྣང་བརྙན་ལ།།

གསོ་སྦྱོང་ལེན་པ་ཁོ་བོའི་ལུགས་མིན་ནོ།།

ཅི་ཕྱིར་ཞེ་ན་ཡོངས་འཛིན་ཀུན་གྱི་གཙོ།།

སྐྱེས་ཆེན་རྣམ་རྒྱལ་གྲགས་པ་དེ་སྐད་གསུངས།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཨུཏྤ་ལའི་སྡོང་པོ་ལས། ཁྱིམ་པའི་ཁྲིམས་བཤད་པའི་འདབ་མ་སྟེ་བཅུ་གསུམ་པ་རྫོགས་སོ།།

སྨྲས་པ།།

གཞུང་དོན་རྟོགས་པའི་ལེགས་བཤད་མ་ཡིན་ཞིང་།།

ཡི་དམ་ལྷ་ཡིས་བསྐུལ་བ་ལྟ་ཅི་སྨོས།།

ཐ་སྙད་ལུགས་ཀྱི་སྐྱོན་མེད་ག་ལ་ཞིག།།

སྤྱི་བརྟོལ་བསྐྱེད་པའི་བླུན་ཚིག་ཕྲེང་བ་ཡིན།།

འོན་ཀྱང་ལུགས་ཀྱི་བསྟན་བཅོས་འགའ་ཞིག་མཐོང་།།

རྒན་རབས་རྨངས་པའི་ངག་རྒྱུན་ཀུན་ཡང་བླང་།།

རང་གི་གོ་ཚོད་དང་ཡང་བསྟུན་པ་འདི།།

མཁས་བླུན་བར་མའི་ཚོགས་ཀྱིས་བཟོད་པར་མཛོད།།

དེ་ལས་རྙེད་པའི་དགེ་འབྲས་བདུད་རྩིའི་གཏེར།།

རྨོངས་མུན་རབ་རིབ་རྒྱང་དུ་དོར་བྱས་ཏེ།།

རྣམ་དཔྱོད་ཀུ་མུད་དྲི་མེད་རབ་ཕྱེ་ནས།།

རྣམ་གྲོལ་སྦྲང་རྩིའི་དགའ་སྟོན་འགྱེད་པར་ཤོག།།

ཅེས་བྱ་བ་འདི་རང་གི་རིགས་རུས་ཉེ་བ་ལས་གྲུབ་པའི་ཀུན་དགའ་རབ་བརྟན་གྱིས།ཡང་ཡང་དུ་ཉེ་བར་བསྐུལ་བ་ལ་བརྟེན།།དྭགས་སྟོད་ཀྱི་ཁྱིམ་པ་རབ་བརྟན་གྲགས་པས་བཀོད་པའོ།།

གཅིགས་ཞུས་སོ་དག་གོ།དཔེ་ལྟར་ཞུས་སོ་ལགས།།