ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་

ཡོང་ཁུངས་Wikipedia

༄༅། །ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཞེས་བྱ་བ་བཞུགས་སོ། །

ལྷག་པའི་ལྷ་ལ་ཤིས་པ་བརྗོད་པ་ནི:

གང་ཞིག་དྲན་པས་ལུགས་གཉིས་ཀྱི། ། བློ་གྲོས་ནོར་བུའི་གཏེར་གྱི་སྒོ། །

འགྱེད་མཛད་རྒྱལ་བའི་མཁྱེན་རབ་གཏེར། ། འཇམ་དཔལ་དཔའ་བོས་ཁྱོད་ལ་སྲུངས། །

བརྩམ་པར་དམ་བཅའ་བ:

འཇིག་རྟེན་འདི་ན་བསྔགས་བོས་པ། ། ལྷ་དང་དཔལ་ཞེས་བྱ་བ་གཉིས། ། ཁབ་ལེན་རྡོ་ཡིས་ལྕགས་བཞིན་ཏུ། ། རང་གི་རྒྱུད་ལ་འགུགས་འདོད་པས། ། གདམ་ངག་བཟང་པོའི་ཚིག་འདི་རྣམས། ། བལྟ་ཞིང་དེ་དོན་བསམ་པ་དང༌། ། བསམ་ནས་དེ་ལ་ཡིད་ཆེས་པས། ། དེ་ཡི་དོན་བཞིན་སྤྱད་པར་བྱ། །

༡་་འཇིག་རྟེན་ན་སྤྱོད་པ་གཉིས་སུ་གྲངས་ངེས་པར་བསྟན་པ་ནི།འཇིག་རྟེན་ཁམས་ན་ཡ་རབས་དང༌། ། མ་རབས་སྤྱོད་པ་གཉིས་སུ་ངེས། །

༢་་ཡ་རབ་དང་མ་རབ་གཉིས་ཀའི་སྐྱོན་ཡོན་མདོར་བསྡུས་ཏེ་བསྟན་པ་ནི།

ཡ་རབས་ལམ་ནས་འདི་ཕྱིར་བདེ། ། མ་རབས་ལམ་ནས་འདི་ཕྱིར་ཕུང༌། ། ཡ་རབས་ཆུང་ངུ་འཇིག་རྟེན་ལུགས། ། ཡ་རབས་ཆེན་པོ་འཕགས་པའི་ལམ། ། མི་ཆོས་ཆོས་ཀྱི་རྩ་བ་ཡིན། །

༡་་ལས་འབྲས་བསླུ་བ་མེད་པས་བདེ་འབྲས་ཟད་པའི་རྒྱུར་གདམས་པ་ནི།

འཇིག་རྟེན་ཡ་རབས་སྤྱོད་པ་ཞིག ། མེད་པ་དེ་ལ་ཆོས་ཀྱི་ཚུལ། ། ཡོད་པ་ནམ་ཡང་མི་སྲིད་དེ། ། རྩ་བ་མེད་པའི་སྡོང་པོ་དང༌། ། ནོར་མེད་པ་ལ་ནོར་བུ་བཞིན། ། སྐྱེ་བོ་འདི་ཡི་གོ་རིམ་ནི། ། གཞན་གྱིས་བྱས་པ་ཅང་མེད་ཀྱང༌། ། འཇིག་རྟེན་ཡ་རབས་སྤྱོད་པ་ནི། ། ཆུང་འབྲིང་ཆེན་པོས་རིམ་བཞིན་བྱས། ། འདི་ན་ཐམས་ཅད་བདེ་ལ་དགའ། ། ཀུན་ཀྱང་རང་དོན་ཁོ་ན་གཉེར། ། འཕགས་པ་མིན་པའི་སྐྱེ་བོ་ཕལ། ། ཚུལ་འདི་མིན་པ་གཞན་ཡོད་མིན། ། འོན་ཀྱང་སྔོན་གྱི་ལས་དབང་གིས། ། ལ་ལ་དཔལ་གྱི་ནོར་བུ་རྙེད། ། ལ་ལ་བྱུར་གྱི་རིམས་ནད་ཟིན། ། ཀྱེ་མ་སྐྱེ་དགུའི་བདེ་སྡུག་ལྟོས། ། ཟས་མེད་ལྟོ་ཡི་སྡུག་བསྔལ་ཏེ། ། གྲགས་མེད་ཡིད་ཀྱི་སྡུག་བསྔལ་ཡིན། ། གང་ལ་གྲགས་པའི་དཔལ་གནས་ན། ། ཟས་ནོར་འབྱོར་བ་མདུན་དུ་འཕྱུར། ། དེ་ཕྱིར་ཤེད་བྱེ་ཚུན་ཆད་ནས། ། ཀུན་ཀྱང་སྙན་གྲགས་རོ་ལ་རྒྱུག ། ཀྱེ་མ་སྙན་པའི་ཡིད་འོང་མ། ། ཕལ་ལ་འབྲོས་པ་ལྟ་བུར་གྱུར། ། དེ་ཡི་རྒྱུ་མཚན་བཤད་པ་ན། ། སྔོན་གྱི་བསོད་ནམས་མཐུ་ཆུང་བས། ། རྒྱ་ཇ་ཚགས་ལ་དྲངས་བ་ལྟར། ། ལོག་པ་དྲན་ཅིང་བཟང་པོ་ཤོར། །

༢་་སྐྱོབ་བྱེད་ལྷ་ཡིས་ཁྲེལ་བས་སྡོང་གྲོགས་ཟད་པའི་རྒྱུར་གདམས་པ་ནི།

ཕ་མ་སློབ་དཔོན་རྒན་རབས་དང༌། ། ཕན་བྱེད་དྲིན་གཟོ་ཆུང་བ་ཡིས། ། སྐྱོབས་བྱེད་ལྷ་ཡི་དགོངས་པ་ཁྲེལ། ། སྡོང་གྲོགས་མེད་པའི་རོ་ལྟར་གྱུར། ། འདི་ཕྱིའི་ཁྲེལ་དང་རྒྱུ་འབྲས་ལ། ། རྩི་བཞག་ཆུང་བས་གཏམ་དང་མནའ། ། ཇི་སྨྲས་གཅིག་ཏུ་མི་ཆོད་པས། ། དྲང་མཁན་གཉན་པོ་ཐུགས་སུན་ཕྱུང༌། ། ཕན་གནོད་གོ་ལོག་བབ་བབ་སྤྱོད། ། ཐུང་ན་ལྷ་ཡང་བྲན་དུ་བཀོལ། ། མ་ཐུབ་དགྲ་ཡང་མཆོད་བྱས་པས། ། ཕོ་ལྷ་ཝེར་མ་གཏིང་ནས་ཁྲོས། ། མཆོག་གསུམ་བཀུར་བཟོས་ཡིད་ཆེས་ཆུང༌། ། མངོན་སུམ་དང་ནི་ལྐོག་གྱུར་དང༌། ། སྔ་ཕྱིའི་བྱ་བ་མི་མཚུངས་པས། ། ཆོས་སྐྱོང་དམ་ཅན་ཐུགས་སྐྱོ་འཕེལ། ། ལ་ཡོག་དང་ནི་ཁྲེལ་དང་མནས། ། ཉོས་པའི་ཟས་ནོར་དོགས་མེད་སྤྱོད། ། གཏམ་ངན་མི་ཁ་མི་འཛེམས་པས། ། ལུས་ལྷ་ཕྲག་ལྷ་གནམ་དུ་ཡལ། ། གཞན་གྱི་ཕུན་ཚོགས་དཔལ་འབྱོར་ལ། ། དོན་མེད་སེམས་ཀྱི་ཟུག་རྔུར་ལྡང༌། ། ཐམས་ཅད་སྨད་པ་ལྷུར་བླང་བས། ། མགོན་སྐྱབས་ལྷ་སྲུང་ནུས་པ་ཟད། ། དེ་ལ་སོགས་པའི་རྒྱུ་རྐྱེན་གྱིས། ། རང་གི་ཕུན་ཚོགས་འཇོམས་པ་ཡི། ། མི་གཙང་རྫིང་བུར་གནས་བཞིན་དུ། ། ལྷ་བརྒྱ་ཀླུ་སྟོང་བོས་ན་ཡང༌། ། དྲུང་དུ་འདུ་བར་ཤིན་ཏུ་དཀའ། ། དེ་ཚེ་ཀྱེ་མ་བདག་གིས་ནི། ། རིམ་འགྲོ་འདི་ཙམ་བགྱིས་ན་ཡང༌། ། བྱ་བ་ལས་ཀྱི་སྟོབས་ཤུགས་ལ། ། ཅུང་ཟད་ཕན་པ་མེད་དོ་ཟེར། ། སྙིགས་མའི་སྐྱེ་བོ་བསོད་ནམས་ཞན། ། འཕྲལ་ལའང་སྤྱོད་པ་མི་མཁས་པ། ། འདི་འདྲའི་ལེ་ལན་ཤེས་གྱིས་ལ། ། ཁྱོད་ནི་འདི་ལས་ལྡོག་པར་མཛོད། ། སྐྱེ་བོ་ཕལ་ཆེར་བདག་ཉིད་ལ། ། དཔལ་ཀུན་འདུ་བར་འདོད་ན་ཡང༌། ། ཞིང་ས་ངན་ལ་ས་བོན་བཞིན། ། གཞི་རྩ་འཕྱུགས་པ་མི་ཤེས་སོ། །

༣་་ལས་འབྲས་དང་ལྡན་པའི་གང་ཟག་ལ་སྐྱོབ་བྱེད་ལྷ་ཡིས་སྐྱོབ་པར་གདམས་པ་ནི།

བློ་ལྡན་བསོད་ནམས་ལྡན་པ་ལ། ། ཡོན་ཏན་ལྡན་པ་ཆོས་ཉིད་དེ། ། ཡོན་ཏན་ལྡན་ན་ལྷ་རྣམས་ཀྱང༌། ། མ་བོས་ངང་གིས་འདུ་བ་ཡིན། ། གང་ལ་མངོན་ལྐོག་མེད་པ་ཡི། ། དམ་བཅའ་ཤིན་ཏུ་བརྟན་པ་ལ། ། ཆུ་བུར་མིག་ཅན་རྣམས་དགའ་ན། ། ལྷ་མིག་ལྡན་པ་སྨོས་ཅི་འཚལ། ། བྱས་པ་དྲིན་དུ་གཟོ་བ་དང༌། ། རྒྱུ་འབྲས་གོ་ལོག་མི་འཛིན་ལ། ། མི་ཡང་ཕན་པའི་ཐབས་རྩོམ་ན། ། དཀར་ཕྱོགས་ལྷ་རྣམས་སྨོས་ཅི་འཚལ། ། གང་ན་སྙིང་སྟོབས་མི་ཞུམ་པས། ། དགྲ་གཉེན་བྱམས་སྡང་མི་ལོག་པ། ། ཇེ་བཟང་སྤྱན་རས་ཀྱིས་བཙལ་ན། ། དགྲ་བླ་ཝེར་མས་སྨོས་ཅི་འཚལ། ། གང་ན་སྤང་བླང་བྱ་བ་ནི། ། མི་ལ་གསང་ཏེ་བྱས་ན་ཡང༌། ། ལྷ་ལ་སྤེད་བར་མི་ནུས་བས། ། ལྷ་འགྲུབ་པ་ལ་དམ་ཚིག་གཙོ། ། གང་ན་དམ་བཅའི་ཚིག་བརྟན་ཅིང༌། ། དོན་ཆེན་བསྒྲུབ་ལ་བློའི་ནུས་པ། ། སྟོབས་དང་ལྡན་པར་གྱུར་པ་ལ། ། ལྷ་ཡང་སྐྲག་ན་གཞན་ལྟ་ཅི། ། དེ་ནས་ཕོ་ལྷ་དགྲ་ལྷ་ཡི། ། རྫོངས་ཆེན་རང་གི་ལུས་དང་སེམས། ། སྤྱོད་ངན་མི་གཙང་ཕྱག་བདར་གྱིས། ། ཡོན་ཏན་མཆོད་པའི་བཀོད་པ་ཤོམས། ། དེ་ནས་མ་བོས་བཞིན་ཏུ་ཡང༌། ། དགྲ་བླ་མཚོ་ལ་ངང་པ་བཞིན། ། ཝེར་མ་པད་ཚལ་བུང་བ་ལྟར། ། ངང་གི་འདུ་བ་ཆོས་ཉིད་ཡིད། །

༤་་དེ་ལྟར་རྒྱུ་མཚན་ཤེས་པས་རང་ཉིད་ཡ་རབ་ལ་སྤྱོད་པར་གདམས་པ་ནི།

གང་ན་ལྷ་ཡི་མགོན་བྱས་པའི། ། མི་དེ་གཅིག་པུར་གྱུར་ན་ཡང༌། ། སྟོང་ཕྲག་དུ་མའི་མི་དག་དང༌། ། ནུས་པ་ཀུན་ནས་མཉམ་པ་ཡིན། ། ལྷ་ཡིས་ལག་ནས་དྲངས་གྱུར་པ། ། བཟང་པོའི་སྐས་(ཨོལ་ལྐོག)ལ་འཛེགས་གྱུར་ན། ། མཐོ་དང་བདེ་དང་གྲགས་པ་ཡི། ། གཞལ་མེད་ཁང་པར་ཡང་དག་རོལ། ། དཔལ་(ཤེས་པ)རྗེས་བསྙེགས་(ཤུལ་མ)པས་དཔལ་མི་འདུ། ། དཔལ་གྱི་འཁྲི་ཤིང་བཟང་པོ་འདི། ། ཡ་རབས་སྤྱོད་པའི་ཚལ་ན་ནི། ། གཡོ་བ་མེད་པར་གནས་ཞེས་གྲགས། ། སྙིགས་མའི་མི་རྣམས་བསོད་ནམས་དམན། ། དེ་ཕྱིར་བློ་རྒྱ་ཆེ་བ་དཀོན། ། དེས་ན་ཡ་རབས་སྤྱོད་པ་ལ། ། བཅུག་(གཙུགས)ཀྱང་ཤེས་པ་ཤིན་ཏུ་དཀའ། ། གནའ་བོའི་(སྔོན་མའི)ལུགས་དང་དམ་པའི་སྲོལ། ། རྩི་བཞག་ཤིན་ཏུ་ཆུང་བ་ཡི། ། མ་རབས་རྣམས་ཀྱི་ནང་དུ་ནི། ། ཡ་རབས་སྤྱོད་པ་གསལ་མི་འགྱུར། ། ས་འདི་མ་རབས་ཀྱིས་གང་ཡང༌། ། རང་ཉིད་ཡ་རབས་སྤྱོད་པ་བྱ། ། དེ་ལྟ་ན་ནི་ཆོས་ཉིད་ཀྱིས། ། རང་ལ་ཕུན་སུམ་ཚོགས་པར་འགྱུར། །

དང་པོ་ལྗོན་པོ་ལྗོན་ཤིང་བཟང་པོའི་དཔེས་མཛེས་པའིཟཡན་ལག་རང་ལ་ཚང་དགོས་པར་གདམས་པ་ནི།

ཡ་རབས་དམ་པའི་སྤྱོད་པ་ཡི། ། རྩ་བ་བློ་དང་ཟུང་ཐུབ་ཡིན། ། སྡོང་པོ་ཁྲེལ་དང་བག་ཡོད་ཡིན། ། ཡལ་ག་དྲང་དང་དམ་བཅའ་བརྟན། ། ལོ་མ་བྱས་ཤེས་གཞན་ཕན་བརྩོན། ། མེ་ཏོག་དད་དང་གཏོང་ཕོད་དེ། ། འབྲས་བུ་བདེ་དང་གྲགས་པར་སྨིན། ། འདི་རྣམས་མེད་དུ་མི་རུང་ངོ༌། །

དང་པོ་ངོ་བོ་མདོར་བསྟན་པ་ནི།

བློ་ཞེས་བྱ་བ་ཤེས་རབ་སྟེ། ། བླང་དོར་མ་ནོར་འབྱེད་པ་ཡིན། །

མིག་དང་འདྲ་བ་འདི་མེད་ན། ། ཡོན་ཏན་གཞན་གྱི་གོ་སྐབས་འགག །

༢་་སྐྱོན་ཡོན་གྱི་གོ་ནས་རྒྱུ་མཚན་རྒྱས་པར་བཤད་པ་ནི།

དེ་ལའང་བླང་དོར་བྱ་བ་ལ། ། ཤིན་ཏུ་ཞིབ་མོར་ཕྱེ་ཞིང་དཔྱད། ། མི་ཤེས་པ་དང་མ་བརྟག་པ། ། འདི་ཡིས་འཇིག་རྟེན་སྐྱེ་བོ་ཕུང༌། ། ན་ཚོད་མ་སྨིན་པ་དང་ནི། ། ས་རྒྱ་ཆུང་ངུའི་རང་མཐོང་གིས། ། སྐྱེ་བོ་རང་གིས་སྔར་བྱས་ལ། ། རང་ཉིད་ཁྲེལ་པ་མང་དུ་འོང༌། ། དེ་ཕྱིར་བཟང་ངན་བྱ་བའི་རིགས། ། མཐོང་བ་ཤིན་ཏུ་རྒྱ་ཆེ་ཞིང༌། ། ཁྱད་པར་ཆབ་སྲིད་ཆེན་པོའི་སྲོལ། ། མཐོང་ཞིང་ཐོས་པ་གནད་དུ་ཆེ། ། ནམ་ཞིག་བཟང་ཤོང་ངན་ཤོང་པའི། ། མཐོང་རྒྱ་ཡངས་པོ་སྐྱེས་པ་ན། ། ད་གདོད་སྐྱེ་བོའི་གྲལ་དུ་ཚུད། ། དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ། ། དེ་སླད་བློ་དང་ལྡན་པ་རྣམས། ། ཤིན་ཏུ་ཕུགས་སུ་ཕན་པ་ཡི། ། མིག་རྒྱང་རིང་པོར་བལྟ་བྱ་ཞིང༌། ། བློ་སྟོབས་རྒྱ་ཆེར་བསྐྱེད་པར་བྱ། ། བློ་ཆུང་ཕྱི་ཐག་ཐུང་བ་འདི། ། རང་དང་གཞན་གྱི་དོན་དག་ལ། ། འབད་ཀྱང་བྱིས་པས་མཁར་ལས་བཞིན། ། འབྲས་བུ་ཤིན་ཏུ་ཆུང་བ་ཡིན། ། ཕལ་ཆེར་རང་གིས་ཤེས་པའམ། ། མི་ཤེས་ན་ཡང་མཁས་པར་དྲི། ། མཁས་པའི་བསྟན་བཅོས་རྣམས་ལ་བལྟ། ། མཁས་དང་བླུན་པོའི་ཁྱད་པར་བསམ། ། དེ་ལྟར་བྱས་ན་ཆོས་ཉིད་ཀྱི། ། བློ་གྲོས་ཇེ་བས་ཇེ་བཟང་འགྱུར། ། བློ་གྲོས་ཇི་ཙམ་འཕེལ་བ་ན། ། ཡ་རབས་སྤྱོད་པ་དེ་ཙམ་འཕེལ། ། སྤྱོད་པ་བཟང་པོ་འཕེལ་བ་ན། ། དཔལ་རྣམས་དབྱར་གྱི་ཆུ་བཞིན་འཕེལ། ། དེ་ལས་ལོ་ཟླ་ཞག་རེ་བཞིན། ། རང་ལ་རང་སྐྱེད་འདོན་པར་གྱིས། ། རང་ལས་གཅེས་པར་གྱུར་པ་ནི། ། འཇིག་རྟེན་འདི་ན་མེད་བཞིན་ཏུ། ། རང་གི་སྐྱོན་ཡོན་མི་བསམ་པ། ། དུད་འགྲོ་རྣམས་དང་ཁྱད་པར་ཅི། ། འཕྲལ་གྱི་ཚོང་སོགས་བྱ་བ་ཕལ། ། རང་གི་དཔྱད་ཅིང་གཞན་ལ་དྲི། ། ཚེ་གང་བླང་དོར་བྱ་བ་ལ། ། མི་དཔྱད་མི་འདྲི་བླུན་མིན་ནམ། ། སྐྱོན་མེད་སྐྱེ་བོ་དཀོན་ན་ཡང༌། ། སྐྱོན་རྣམས་སྐྱོན་དུ་ཤེས་བྱས་ནས། ། སྤང་ན་སྐྱོན་ཀུན་འདུས་བྱས་ཉིད། ། ཡིན་ཕྱིར་སྤྲིན་བྲལ་ཟླ་འདྲར་འགྱུར། ། ཡོན་ཏན་ཀུན་ཚང་དཀའ་ནའང༌། ། ཡོན་ཏན་ཉིད་ལ་དགའ་བྱས་ནས། ། བླང་བྱའི་ཡོན་ཏན་གོམ་བྱས་ན། ། ནམ་ཞིག་ཡོན་ཏན་ཆེན་པོར་འགྱུར། ། སྐྱོན་ལ་སྐྱོན་དུ་མ་ཤེས་པ། ། དེ་སྲིད་སྐྱོན་ལ་རབ་ཏུ་འཇུག ། དེ་བཞིན་སྐྱོན་གྱི་རྒྱུན་སྐྱོང་ན། ། ཡོན་ཏན་སྔར་ཡོད་དག་ཀྱང་འགྲིབ། ། ཡོན་ཏན་ཅི་ཙམ་གོམས་གྱུར་བ། ། དེ་ལྟ་དེ་ལྟར་སྐྱོན་ལས་གྲོལ། ། མ་བརྟག་བཏང་སྙོམ་ངང་གནས་ན། ། ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། ། རང་རྒྱུད་ཡོན་ཏན་འཕེལ་བ་ན། ། མི་མཉམ་པ་དང་མཉམ་པར་འགྱུར། ། མཉམ་པ་རྣམས་ལས་ཁྱད་དུ་ཐོན། ། གོང་ནས་གོང་དུ་འཕར་ཏེ་འགྲོ། ། རང་རྒྱུད་སྐྱོན་གྱི་ཆ་འཕེལ་ན། ། རི་གཟར་དག་གི་འབབ་ཆུ་བཞིན། ། འོག་ནས་འོག་ཏུ་འགྲོ་བ་ལ། ། ལག་ནས་དྲང་ཀྱང་ལྡོག་མི་བཏུབ། ། དེ་ཕྱིར་བདག་ལ་ཕན་འདོད་པས། ། རང་རྒྱུད་སྐྱོན་གྱི་ཆ་སྤོངས་ལ། ། ཡོན་ཏན་ཇེ་བས་ཇེ་ཆེ་རུ། ། སྤེལ་བ་འདི་ལ་ནན་ཏན་མཛོད། །

༣་་བསླབ་བྱ་ལ་འབད་དགོས་པར་གདམས་པ་ནི།

དེ་དག་བླང་དོར་ཤེས་པ་ལ། ། རག་ལས་པས་ན་དམ་པ་དང༌། །

དམ་པའི་གསུང་ལ་རབ་དགའ་བས། ། རྟག་ཏུ་བསྒྲིམས་ཏེ་ཉམས་སུ་ལོངས། །

གཉིས་པ་ཟུངས་ཐུབ་བཤད་པ་ལའང་།

༡་་མཚན་ཉིད་བཤད་པ་ནི།

༈ སྐྱེ་བོ་ཟུང་ཐུབ་གང་ཞེ་ན། ། ཡིད་བརྟན་གནས་སུ་གྱུར་པ་ཡིན། ། ཟུང་མི་ཐུབ་ལ་ཡོན་ཏན་མཆོག ། མི་སྲིད་ཆུ་ལ་རི་མོ་བཞིན། །

༢་་ཟུངས་ཐུབ་ལ་གནས་དགོས་པའི་དགོས་པ་བསྟན་པ།

ཟུང་ཐུབ་ཡོད་ན་གཞན་མེད་ཀྱང༌། ། ཡོན་ཏན་བརྒྱ་གོ་གཅིག་ཆོད་ཡིན། ། མི་ཆོས་རྩ་བ་འདི་མེད་ན། ། ཡོན་ཏན་གཞན་ལ་རེ་ཐག་ཆད། ། རང་ཉིད་ཡོན་ཏན་ལམ་ནས་ཀྱང༌། ། མི་ལྡོག་རང་ལ་ཡིད་རྟོན་པའི། ། སྐྱེ་བོ་ནམ་ཡང་མི་བསླུ་བ། ། ཟུང་ཐུབ་ཅེས་གྲགས་མི་ཡི་མཆོག །

༣་་ཟུངས་ཐུབ་ཀྱི་སྐྱོན་ཡོན་དཔེའི་གོ་ནས་བསྟན་པས་རྒྱུད་བསྐུལ་བ་ནི།

ལུས་ཟུང་ཐུབ་པ་སེང་གེ་འདྲ། ། བརྙས་སུ་མི་བཏུབ་ཟིལ་གནོན་ཆེ། ། ངག་ཟུང་ཐུབ་པ་དྲང་སྲོང་འདྲ། ། སྐྱེ་བོ་ཐམས་ཅད་ཡིད་ཆེས་དགའ། ། ཡིད་ཀྱི་ཟུང་ཐུབ་ནོར་བུ་འདྲ། ། བདག་དང་གཞན་གྱི་འདོད་པ་འཇོ། ། ལུས་ཀྱི་ཟུང་མ་ཐུབ་པ་དེ། ། ཁྱུ་མཆོག་རྭ་ཆད་བཞིན་དུ་བརྙས། ། ངག་གི་ཟུང་མ་ཐུབ་པ་དེ། ། ཁ་བཞིན་གཞན་གྱིས་སྡང་ཞིང་གཤེ ། ཡིད་ཀྱི་ཟུང་མ་ཐུབ་པ་དེ། ། རླུང་ཁྱེར་རྫས་བཞིན་གཏོལ་མེད་འགྲོ། ། གློ་ཡིས་མ་ནོར་འབྱེད་པ་བཞིན། ། བཟང་པོའི་ལམ་ལ་ཟུང་ཐུབ་པར། ། གནས་ན་མི་ཆོས་དམ་པ་ཡི། ། དཔག་བསམ་བཟང་པོ་རྩ་བ་ཟུག །

གཉིས་པ་སྡོང་པོ་བཤད་པ་ལ།

༡་་ཁྲེལ་ཡོད་ཀྱི་ངོ་བོ་མདོར་བསྟན་པ་ནི།

༈ ཁྲེལ་ཡོད་ཅེས་བྱ་གང་ཞེ་ན། ། མ་རབས་ངན་པའི་བྱ་བ་ལ། ། ཤིན་ཏུ་སྐྱོ་ཞིང་སུན་པ་སྟེ། ། འདི་ནི་ལུགས་གཉིས་གོས་བཟང་ཡིན། ། ཇི་ལྟར་སྐྱེ་བོའི་མདུན་ས་རུ། ། མི་གཙང་སྟོང་གིས་སྦགས་བཞིན་དུ། ། གཅེར་བུར་རྒྱུ་བ་ངོ་ཚ་མིན། ། ཁྲེལ་མེད་འདི་ཀ་ངོ་ཚ་ཆེ། ། མི་གཙང་གཙང་མའི་ཁྲུས་ཀྱིས་དག ། གཅེར་བུར་བཟང་དགུས་བརྒྱན་དུ་རུང༌། ། ཁྲེལ་མེད་ཁྲུས་ཀྱིས་མ་དག་ལ། ། བཟང་པོས་བརྒྱན་ཀྱང་མཛེས་མི་འགྱུར། ། ཕན་ལ་བྱས་པ་མི་གཟོ་དང༌། ། ངན་ལ་རྟིང་གཅོད་ཅི་ཡང་མེད། ། ཅི་མེད་ཅང་མེད་གཏོལ་མེད་པོ། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། ངན་སྨྲས་གྱུར་ཀྱང་འཛེམ་བག་ཆུང༌། ། ཕན་པའི་གཏམ་ལ་རྣ་མི་གཏོད། ། བཟང་པོའི་གནས་ལ་རེ་ཐག་ཟད། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། ནང་ག་གསང་གཏམ་ཁ་རུ་བྱུང༌། ། རེ་ལྟོས་ཅན་ལ་ཡི་ཆད་བསྐྱེད། ། མཆོད་འོས་གྱུར་ཀྱང་བདག་མི་སེམས། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། བཟང་པོའི་ཚུལ་དང་བཟང་པོའི་གཏམ། ། ཐོས་ན་དགའ་བར་མི་བྱེད་ཅིང༌། ། དམ་པ་བརྟེན་པར་མི་བྱེད་པ། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། མ་རབས་སྡིག་སྤྱོད་གདོལ་པའི་གྲོགས། ། བླུན་པོའི་ཁྱུ་ན་འདོད་རྒུར་རྩེ། ། ལུགས་གཉིས་སྤྱོད་པ་རྒྱབ་ཏུ་དོར། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། ཉིན་སྣང་ཆང་དང་རྒྱན་པོ་སོགས། ། གྲགས་པ་ཉམས་པའི་རྒྱུ་ཡིས་གཡེངས། ། མཚན་མོ་འཁྲིག་པ་ཁོ་ནས་འདའ། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། དོན་མེད་གཡེངས་པའི་མནོག་ཆུང་གི ། ལས་དང་སྡིག་པ་སྣ་ཚོགས་ལ། ། འཇུག་ཀྱང་ངོ་ཚ་མི་ཤེས་པ། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། དམ་པའི་ཚུལ་དང་བསྟན་བཅོས་གཞུང༌། ། མཐོང་ན་དགའ་བར་མི་བྱེད་ཅིང༌། ། དེ་ཡི་རྗེས་སུ་མི་སེམས་པ། ། འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། ། མདོར་ན་བླང་དོར་བྱ་བ་ལ། ། བརྟག་ཅིང་འཇུག་པར་མི་བྱེད་པའི། ། ལུགས་གཉིས་ལམ་ནས་གང་འདའ་བ། ། བླུན་པོ་ཁྲེལ་མེད་ཞེས་བྱ་ཡིན། །

༣་་ཁྲེལ་ཡོད་ལ་འབད་དགོས་པར་གདམས་པ་ནི།

ཁྲེལ་དང་ལྡན་པ་དེ་ཡིས་དེ། ། ཕྱིན་ཅི་ལོག་གི་གཡེངས་ལས་སྐྱོབ། ། ཁྲེལ་མེད་སྙིང་མེད་པོ་དེ་ལ། ། གདམས་ངག་རྣམས་ནི་ཅི་ཞིག་བྱ། ། དེ་བས་ཁྲེལ་དང་ལྡན་པ་དག ། ལུགས་གཉིས་བྱ་བ་བཟང་པོ་ཡི། ། ལམ་སྲོལ་འདི་ལས་མ་འདས་པར། ། རྟག་ཏུ་བག་ཡོད་སྙིང་པོར་བྱ། །

གཉིས་པ་བག་ཡོད་བཤད་པ་ལའང་།

༡་་བག་ཡོད་ཀྱིཟངོ་བོ་མདོར་བསྟན་པ་ནི།

བག་ཡོད་ཅེས་བྱ་གང་ཞེ་ན། ། གཡང་ཁར་འདུག་པའི་མི་བཞིན་དུ། །

རང་གིས་རང་ཚུལ་བསྲུང་བ་ལ། ། རྟག་ཏུ་གཟོབ་པ་ལྷུར་ལེན་པའོ། །

༢་་བག་མེད་ཀྱི་ཉེས་དམིགས་རྒྱས་པར་བཤད་པ་ནི།

བྱིས་པ་མནོག་ཆུང་རྩེད་མོས་བསླུ། ། དར་མ་ཆགས་སྡང་ཡུལ་གྱིས་བསླུ། ། རྒན་པ་ལུས་སེམས་རྒུད་པས་བསླུ། ། བག་མེད་ནམ་ཡང་བསླུ་ཞིང་བསླུས། ། འདོད་དང་རྨོངས་པས་བསླུས་ནས་སུ། ། འཇིགས་རུང་འཁོར་བའི་འདམ་དུ་སྐྱུར། ། ད་རུང་འདོད་རྨོངས་ཁ་ཐལ་བས། ། མ་རབས་ལམ་ནས་དམན་པར་བསླུ། ། བག་མེད་བདུད་ཀྱི་ལྕགས་ཀྱུ་འདིས། ། ཁྲི་དང་གདུགས་ཀྱི་བར་ནས་ཀྱང༌། ། ཡུད་ཙམ་གྱིས་ནི་འགྲོ་བ་འདི། ། དམན་པའི་གནས་སུ་བསྒྱུར་བར་བྱེད། ། བུད་མེད་གཞོན་ནུ་བཙུན་པའི་དགྲ། ། ཕྱུགས་དབུལ་རྒྱལ་ཁྲིམས་མཁན་པོའི་དགྲ། ། འཁོར་ངན་ངོ་སྲུང་གཙོ་བོའི་དགྲ། ། དགྲ་འདིས་གང་བཅོམ་ངེས་པར་བཅོམ། ། སྐྱེ་བོའི་དཔལ་འབྱོར་གློག་ལྟར་གཡོ། ། ལུས་ཀྱང་ཆུ་བུར་ལྟར་འཇིག་ཅིང༌། ། ནད་དང་གདོན་དང་འཇིགས་པ་ནི། ། ཤིན་ཏུ་མང་པའི་དབུས་གནས་པ། ། རླུང་གསེབ་མར་མེ་ལྟ་བུ་ལ། ། ཡིད་བརྟན་ཅི་ཡང་མེད་བཞིན་དུ། ། འབྱུང་འགྱུར་གནས་ལ་མི་སེམས་པར། ། བག་བརྐྱང་ཚུལ་གྱིས་ཇི་ལྟར་གནས། ། མཐོན་པོ་རྣམས་ཀྱང་དམའ་བ་དང༌། ། འབྱོར་བ་རྣམས་ཀྱང་རྒུད་འགྱུར་ལ། ། མཛེས་པ་རྣམས་ཀྱང་ཉམས་འགྱུར་པའི། ། འདུས་བྱས་འདི་ཚུལ་ཅིས་མ་མཐོང༌། །

༣་་མཁས་བླུན་གྱི་ཁྱད་པར་བསྟན་པ་ནི།

རང་བློ་ནང་དུ་བཀུག་ནས་སུ། ། བག་ཡོད་པར་ནི་མ་བྱས་ན། ། བདག་སྐྱོན་བདག་གི་མི་ཤེས་ཏེ། ། གཞན་གྱིས་བཤད་ཀྱང་གོ་བར་དཀའ། ། སྣ་ཚོགས་ཡུལ་རྐྱེན་དང་འཕྲད་ཚེ། ། ཅོལ་ཆུང་ཤེས་པ་ཁྱི་བཞིན་འཁྲིད། ། བཟང་ཚུགས་ཤོར་བའི་སྐྱེ་བོ་ལ། ། བཞད་གད་བྱས་ཀྱང་བསྟོད་པར་རློམ། ། སྲང་ལ་གཞལ་པའི་ལྗིད་བཞིན་དུ། ། ལུགས་གཉིས་གྱི་ནི་བྱ་བ་ལ། ། བྱས་པའི་ལག་རྗེས་ཆེ་ཆུང་གིས། ། སྐྱེ་བོ་རྣམས་ཀྱིས་བཟང་ངན་ཤེས། ། བསམ་མེད་ཞེ་མདོ་ཆུང་བ་རྣམས། ། སྐྱེ་བའི་དུས་དང་རྒས་པའི་དུས། ། ཉི་མ་གཅིག་ལ་བྱུང་བ་ལྟར། ། ཚེ་གང་འདི་བྱས་ངོས་བཟུང་མེད། ། མཁས་རྣམས་ཉི་མ་རེ་རེར་ཡང༌། ། ཆོས་དང་ནོར་དང་འདོད་དང་ཐར། ། སྡེ་བཞིའི་དོན་ཆེན་ལྷུར་བླང་བས། ། ནམ་ཞིག་གྲུབ་འབྲས་རྒྱ་ཆེ་ལྡན། ། དོན་མེད་པ་དང་དོན་ཉམས་པ། ། ཀུན་ཀྱང་བག་མེད་ལས་བྱུང་བས། ། ཉི་མ་རེ་རེ་བཞིན་དུ་ཡང༌། ། བག་མེད་སྤོང་ལ་དོན་རེ་བསྒྲུབ། །

༤་་བག་མེད་པའི་སྐྱོན་བཤད་པ་ནི།

སྤྱང་པོ་སྤྱང་མཐར་མ་ཕྱིན་པར། ། སྤྱང་པོ་འཚལ་བ་ཁྲམ་པའི་རྒྱུ། ། དོན་མེད་ཀུན་ལ་མགོ་བདེ་བསྒྱུར། ། འདི་འདྲ་བག་མེད་པ་ཡི་སྐྱོན། ། ཁོང་ཡངས་ཤོང་རྒྱ་ཡོད་ན་ཡང༌། ། ངང་རིང་ངང་ནས་བྱ་བ་ཤོར། ། ཕན་མེད་གནོད་མེད་རྒྱ་མཚོའི་རྡོ། ། འདི་ཡང་བག་མེད་པ་ཡི་སྐྱོན། ། བློ་ཆེན་ཤེས་རྒྱ་མི་ཡངས་པའི། ། བྱ་བྱེད་ཆུ་བོའི་རླབས་ལྟར་འཚུབ། ། བབ་བབ་སྤྱོད་པས་ལུས་སེམས་འཁྲུག ། འདི་ཡང་བག་མེད་པ་ཡི་སྐྱོན། ། གཏོང་བའི་བློ་སྟོབས་མེད་ན་ཡང༌། ། ཟས་ནོར་ཚགས་སུ་མི་འཛུད་པར། ། ཞིག་མིན་ཞིག་པོའི་བརྟུལ་ཞུགས་ཅན། ། འདི་ཡང་བག་མེད་པ་ཡི་སྐྱོན། ། བྱམས་བརྩེའི་བློ་རྒྱུད་མ་འབྱོང་བར། ། དགྲ་བོ་ཇི་འདོད་ལམ་དུ་བཏང༌། ། ཀུན་ལ་རང་རྒྱུས་གསལ་བོར་ངོམ། ། འདི་ཡང་བག་མེད་པ་ཡི་སྐྱོན། ། འཛིན་མེད་སྒྱུ་མར་མ་ཤར་བར། ། ལུས་དང་གཏམ་དང་སྤྱོད་ལམ་ཀུན། ། ཀུན་དང་འདྲེས་པས་ཀུན་གྱིས་བརྙས། ། འདི་ཡང་བག་མེད་པ་ཡི་སྐྱོན། ། དགོས་མེད་སྐྱོ་ཤས་མ་སྐྱེས་པར། ། ཀུན་དང་མི་བསྟུན་ཁོང་འཕྲིག་ཅན། ། རང་གཞན་སྣང་བ་དགྲ་རུ་ལངས། ། འདི་ཡང་བག་མེད་པ་ཡི་སྐྱོན། ། དེ་ལ་སོགས་པའི་སྤྱོད་ལམ་མཐའ། ། ཡུལ་དུས་ཚད་ལས་བརྒལ་བའི་སྐྱོན། ། བསྒྲིམ་སྟེ་བརྟགས་པར་མ་བྱས་པའི། ། བག་མེད་པ་ཡི་རྒྱུ་ལས་བྱུང༌། །

༥་་བག་ཡོད་པར་བྱ་དགོས་པར་གདམས་པ་ནི།

ཕྱོགས་སུ་ལྷུང་བའི་སྤྱོད་པ་ཡིས། ། སྐྱེས་བུའི་དོན་རྣམས་མི་རྫོགས་ཀྱི། ། བསྒྲིམ་སྟེ་གང་ལའང་མ་ཐོགས་པའི། ། སྤྱོད་ལམ་ཉི་ཟླའི་འགྲོས་བཞིན་བསྒྱུར། ། ཅི་བྱ་ཅི་བྱེད་ས་མཚམས་ལ། ། བསླུ་མེད་རྒྱལ་བའི་བཀའ་ཡིན་ཏེ། ། མཚན་ལྡན་དགེ་བའི་བཤེས་གཉེན་ཀྱང༌། ། དེ་ནས་རང་སེམས་དྲི་མེད་ཡིན། ། འདི་གསུམ་མིན་པ་གཞན་གྱི་ངག ། སྣ་ཚོགས་རྟོག་པས་བསླད་པ་ཅན། ། གཉེན་ནམ་གཉན་མིན་ཅི་ཡང་རུང༌། ། དེ་ལ་ལྟོས་པས་ཅི་ཞིག་བྱ། ། འབྱུང་འགྱུར་ལས་ནི་འགྱུར་མིན་ལ། ། གང་སྲིད་ན་ཡང་འགྱོད་མེད་བཞིན། ། སྔ་བློ་དཔྱད་པས་བསྒྲིམ་བྱས་ནས། ། འགྱོད་མེད་ཁོ་ནས་གནས་པ་མཆོག ། འགྱོད་མེད་ཡིད་འོང་དགའ་བ་ཡི། ། ཟླ་བ་དྲི་མ་མེད་པའི་གཟུགས། ། བག་ཡོད་ཆུ་གཏེར་ཆེ་ལས་འབྱུང༌། ། དེ་ཕྱིར་དུས་ཀུན་བག་ཡོད་མཛོད། །

གསུམ་པ་ཡལ་ག་བཤད་པ་ལ།

༡་་དྲང་པོ་དང་གཡོ་སྒྱུ་ཅན་གྱི་ངོ་བོ་བཤད་པ་ནི།

༈ དྲང་སྲོང་ལྷ་ཡི་ལམ་ཡིན་ལ། ། གྱ་གྱུ་ཅན་ནི་འདྲེ་ཡི་ལམ། །

ལམ་འདི་གཉིས་ལས་ལྷ་དང་ནི། ། བདུད་ཀྱི་སྒོ་རུ་འདུག་པ་ཡིན། །

༢་་དྲང་པོ་དང་གཡོ་སྒྱུའི་ཁྱད་པར་བཤད་པ་ནི།

བདེ་སྡུག་འདོར་ལེན་བྱེད་པ་ལ། ། རང་ཉིད་ཇི་འདྲ་གཞན་དེ་འདྲ། ། དེ་ལྟ་ན་ཡང་དྲང་པོ་རྣམས། ། བདེན་ས་འབྱོར་འགྱུར་ཅིག་ཤོས་ལྡོག ། བཟང་པོའི་ལས་ལ་དབུག་དབྱུང་དང༌། ། ངན་པ་ལ་ནི་ཚར་གཅོད་མེད། ། ཕན་པ་ཆེ་ཡང་རྗེས་མི་སྐྱོང༌། ། བྱམས་པ་ཆེ་ཡང་སེམས་མི་འཛིན། ། སྔར་བྱས་ལས་ཀྱི་རྟིང་གཅོད་དང༌། ། ད་ལྟའི་བྱ་བ་ལེགས་ཉེས་ལ། ། ཇི་བཞིན་གསལ་ཤན་མི་བྱེད་པ། ། མི་དྲང་གཡོ་སྒྱུ་ཅན་གྱི་རྟགས། ། དང་པོ་དགྲ་རུ་གྱུར་ཀྱང་བླ། ། རང་གི་བྱ་བ་དེ་བྱས་ཡིན། ། མི་དྲང་གཉེན་དུ་འགྱུར་མི་རུང༌། ། ཕན་པ་བྱས་ཀྱང་ལོག་པར་སྒྲུབ། ། དྲང་པོས་དྲངས་པོ་སྐྱངས་བ་ལ། ། སྐྱེ་བོའི་འགྲོག་ཡུན་ཆུ་བས་རིང༌། ། གཡོན་ཅན་འདོད་པས་བཀུག་པའི་གྲོགས། ། ཇི་ལྟར་བྱམས་ཀྱང་ནམ་ཕུག་དགྲ། །

༣་་དྲང་པོའི་ལམ་ལ་འབད་དགོས་པར་གདམས་པ་ནི།

དྲང་ལ་ལྷ་ཡང་མགུ་ནས་འདུ། ། དྲང་པོ་ལྷ་ཡི་གནས་སུ་འགྲོ། ། དྲང་པོའི་བྱ་བ་ཕྱི་ཐག་རིང༌། ། དྲང་པོ་རྒྱལ་ཁམས་རྗེ་རུ་འོས། ། དྲང་པོ་ཞེས་བྱའི་ཡོན་ཏན་ནི། ། ཡོན་ཏན་ནང་ན་ཡོན་ཏན་མཆོག ། མི་ཆོས་གཙང་མའི་སྙིང་པོ་སྟེ། ། མང་དུ་བསྟོད་པས་ཅི་ཞིག་བྱ། །

གཉིས་པ་དམ་བརྟན་བཤད་པ་ལ།

༡་་དམ་བརྟན་གྱི་ངོ་བོ་མདོར་བསྟན་པ་ནི།

གང་ཞིག་ཇི་ལྟར་ཁས་འཆེས་པ། ། འགྱུར་བ་མེད་དོ་དམ་བཅའ་བརྟན། །

དམ་བཅའ་བརྟན་ན་རང་དོན་འགྲུབ། ། གཞན་གྱིས་འདི་ཡི་ཚིག་གཟུང་འོས། །

༢་་དམ་བརྟན་གྱི་ཡོན་ཏན་དང་དམཟབཅའ་ཉམས་པའི་སྐྱོན་ཁྱད་པར་ཕྱེ་སྟེ་བཤད་པ་ནི།

ལེགས་པར་དཔྱད་ནས་ཁས་འཆེས་པ། ། བསྐལ་པའི་མཐར་ཡང་གཏོང་མི་རུང༌། ། དམ་བཅའ་ཉམས་པས་ཇི་འཇིགས་པ། ། དེ་ཙམ་རྒྱལ་ཁྲིམས་ཀྱིས་མི་འཇིགས། ། གཏམ་དང་མནའ་ལ་མ་རྩི་བའི། ། མི་དེ་ཁྲོལ་ཚགས་ཇི་བཞིན་དུ། ། བཟང་པོའི་བཅུད་ཀྱིས་དབེན་པ་ཡང༌། ། རྟགས་དེ་ཁོ་ནས་ཡང་དག་ངེས། ། འདི་འདྲའི་མི་ལ་ལྷ་དང་དཔལ། ། ལྗོན་ཤིང་བསྐམ་པའི་གྲུབ་བཞིན་དུ། ། གཞན་དང་གཞན་དུ་བྱོལ་བ་ལ། ། ཐེ་ཚོམ་ཙམ་ཡང་སྲིད་མ་ཡིན། ། དམ་བཅའ་ཅི་ཙམ་བརྟན་གྱུར་པ། ། དེ་དང་དེ་ཙམ་ཡིད་རྟོན་གནས། ། ཡིད་རྟོན་གནས་སུ་ཇི་རུང་བ། ། དེ་ལྟར་ལྷ་དང་དཔལ་ཀྱང་གནས། ། དམ་པ་རྣམས་ཀྱིས་སྨྲས་ཟིན་ཚིག ། དོན་ཆེན་མེད་ཀྱང་ལྡོག་དཀའ་ན། ། དོན་ཆེན་ལྡན་དང་མནའ་བོར་པའི། ། ཚིག་ལ་ལྡོག་པ་ག་ལ་སྲིད། ། དམན་པ་རྣམས་ལ་སྲོག་ཕོངས་བ། ། དེ་བཞིན་མཆོག་ལ་དམ་བཅའ་ཕོངས། ། དམན་པས་དམ་བཅའ་དོར་བ་ལ། ། མཆོག་རྣམས་ཤིན་ཏུ་ངོ་ཚར་བྱེད། ། མཆོག་རྣམས་ཀྱི་ནི་དམ་བཅའ་དོན། ། སྲོག་གཏོང་པ་ལ་དམན་པ་རྣམས། ། ངོ་ཚར་བྱེད་ཀྱང་དམ་བརྟན་ལ། ། ཡོན་ཏན་ཆེ་བར་མི་སེམས་ཀྱང༌། །

༣་་དམ་བཅའ་གང་ལ་གནས་པའི་ཡོན་ཏན་བསྟན་པ་ནི།

དམན་པ་རྣམས་ཀྱི་རྒྱུད་སྤངས་ནས། ། དམ་པའི་རྒྱུད་ལ་རྟག་གནས་པ། །

དམ་བཅའ་བརྟན་པ་ཞེས་བྱ་བའི། ། ཡོན་ཏན་འཇིག་རྟེན་ཆེ་བའི་རྒྱན། །

བཞི་པ་ལོ་མ་བཤད་པ་ལ།

༡་་ངོ་བོ་མདོར་བསྟན་པ་ནི།

འདི་ནི་བདག་ལ་འདི་ལྟར་དུ། ། ཕན་འདོགས་བྱེད་པོ་ཡིན་སྙམ་པ། །

བྱས་པ་ཤེས་པས་དྲིན་བཟོ་བ། ། ཡ་རབས་སྤྱོད་པ་མཚོན་པའི་སྒོ། །

༢་་བྱས་པ་མ་ཤེས་པའི་སྐྱོན་བསྟན་པ་ནི།

ཕན་གནོད་བྱས་པ་མི་ཤེས་པ། ། དེ་ལ་ལན་དུ་སེམས་པ་མེད། ། དེ་ཕྱིར་འཕགས་རྣམས་མ་གཏོགས་པ། ། འདི་ལ་ཕན་གནོད་སུ་ཡིས་རྩོམ། ། ཕན་དང་གནོད་ལན་གོ་བཟློག་མཁན། ། མི་རུ་བརྟགས་ཀྱང་འདྲེ་ཡིན་ན། ། དེ་ལ་སྤྱོད་ལམ་བསྟུན་པ་ཅི། ། ལྟ་བ་ཙམ་ཡང་སུ་ཞིག་འདོད། ། དམ་པའི་སྐྱེས་བུ་མཆོག་རྣམས་ནི། ། བྱས་པ་ཆུང་ཡང་དྲིན་གཟོ་ཆེ། ། འདི་འདྲའི་ཡོན་ཏན་ལྡན་གྱུར་ན། ། ཡོན་ཏན་ཆེན་པོ་གཞན་ཀྱང་བདོག ། གང་ཞིག་བྱས་པ་མི་གཟོ་བ། ། དེ་ལ་བློ་མེད་ཟུང་ཐུབ་དང༌། ། ཁྲེལ་དང་བག་ཡོད་དྲང་པོ་སོགས། ། ཡོན་ཏན་གཞན་ཀྱང་ཇི་ལྟར་ཡོད། །

༣་་བྱས་ཤེས་ཡོན་ཏན་གྱི་མཆོག་ཡིན་པར་གདམས་པ་ནི།

བྱས་པ་ཤེས་ཤིང་དྲིན་གཟོ་བའི། ། མི་ལ་དཔལ་མགོན་གནས་ཞེས་གྲགས། །

ཡོན་ཏན་འདི་ལས་ཡོན་ཏན་གཞན། ། མཚོན་པར་བྱས་པས་མི་དེ་མཛེས། །

གཉིས་པ་ཕན་བརྩོན་བཤད་པ།

༡་་ཕན་བརྩོན་གྱི་རྒྱུ་བཤད་པ་ནི།

༈ གཞན་ལ་ཕན་པར་བརྩོན་པ་དེ། ། རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ། །

དཔལ་དང་འབྱོར་པ་རྒྱ་ཆེ་བ། ། འདི་ལས་འཁྲུངས་ཤིང་འདི་ཡིས་བཞུགས། །

༢་་ཕན་བརྩོན་དང་མི་ལྡན་པ་ལྡན་པ་གཉིས་ཀར་འབྲས་བུ་ཁྱད་པར་ཐ་དད་དུ་བྱུང་ཚུལ་ནི།

རང་དོན་ཆེས་ཆེར་གཉེར་བ་དེ། ། དང་པོ་དཔོན་དུ་གྱུར་ན་ཡང༌། ། ཇེ་བས་ཇེ་དམའ་དག་ཏུ་འགྱུར། ། རི་གཟར་པོ་ཡི་འབབ་ཆུ་བཞིན། ། གཞན་ལ་ཕན་པ་ལྷུར་ལེན་པ། ། དང་པོ་བྲན་དུ་གྱུར་ན་ཡང༌། ། ཇེ་བས་ཇེ་མཐོར་ཕྱིན་གྱུར་ཏེ། ། གཡུ་འབྲུག་མཁའ་ལ་འགྲོ་བ་བཞིན། ། སྐྱེ་བོ་བླུན་པོ་རང་དོན་ལ། ། ཆགས་པས་རང་དོན་ཁོ་ན་གཉེར། ། རང་དོན་ཅི་ཡང་མི་འགྲུབ་པའམ། ། འགྲུབ་ཀྱང་རྒྱ་ཆེར་འགྲུབ་པ་དཀའ། ། སྐྱེ་བོ་མཁས་པ་རང་དོན་ལ། ། ཆགས་ཀྱང་གཞན་དོན་གཙོ་བོར་གཉེར། ། གཞན་དོན་གཉེར་བའི་ཤུགས་ལ་ནི། ། རང་དོན་ཤིན་ཏུ་ཕུན་སུམ་ཚོགས། །

༣་་ཕན་བརྩོན་དེ་རྒྱལ་སྲས་རྣམས་ཀྱི་ལམ་ཡང་དག་ཡིན་པར་གདམས་པ་ནི།

འདི་དང་ཕྱི་མར་རང་གི་དོན། ། ཤིན་ཏུ་རྒྱ་ཆེར་འགྲུབ་འདོད་ན། །

གཞན་དོན་གཉེར་བ་ཐབས་སུ་བཟང༌། ། ཐབས་འདི་རྒྱ་ལ་སྲས་རྣམས་ཀྱིའང་ལམ། །

ལྔ་པ་མེ་ཏོག་བཤད་པ་ལ།

༡་་དད་པའི་ངོ་བོ་བཤད་པ་ནི།

༈ སྐྱབས་འོས་ཡོན་ཏན་ལྡན་པ་ལ། ། བདེན་པའི་གནས་དང་དེའི་བྱེ་བྲག །

རྒྱུ་འབྲས་མི་བསླུའི་འཇུག་ལྡོག་ལ། ། ཡིད་ཆེས་དད་པ་ཞེས་བྱའོ། །

༢་་དད་པའི་ཡོན་ཏན་བཤད་པ་ནི།

དད་པ་ཆོས་ཀྱི་རྩ་བ་སྟེ། ། དད་ལས་བསོད་ནམས་ཚོགས་འཕེལ་ཞིང༌། ། བསོད་ནམས་ཅན་ལ་ཡ་རབས་ཀྱི། ། སྤྱོད་པ་ཀུན་གྱི་ངང་གིས་གནས། ། དད་པས་རྒུད་པ་ཕྱིར་ལ་འདོར། ། དད་པ་ཡིད་བཞིན་ནོར་བུ་སྟེ། ། ཇི་ལྟར་བསམ་པ་འགྲུབ་བྱེད་པའོ། །

༣་་དད་པའི་ཡུལ་བཤད་པ་ནི།

སངས་རྒྱས་ཆོས་དང་དགེ་འདུན་གསུམ། ། ནམ་ཡང་མི་བསླུའི་སྐྱབས་གནས་ཡིན། །

སྐྱབས་དེའི་ཡོན་ཏན་ཚད་མེད་ལ། ། ཡིད་ཆེས་གུས་པ་རྟག་ཏུ་བྱ། །

༤་་ལས་འབྲས་ལ་ཡིད་ཆེས་བསྐྱེད་དགོས་པར་གདམས་པ་ནི།དཀར་ནག་ལས་ཀྱི་འབྲས་བུ་ནི། ། ནམ་ཡང་ཆུད་མི་ཟ་བར་སྨིན། ། དེ་ཕྱིར་རང་ལ་རང་བརྩེ་ན། ། ལས་འབྲས་བླང་དོར་ཞིབ་ཏུ་བྱ། ། འདི་ནི་ལས་ཀྱི་ས་ཡིན་ལ། ། འདི་ནས་ཕ་རོལ་འབྲས་བུའི་ས། ། དེ་ཕྱིར་རང་དབང་ཡོད་དུས་འདིར། ། དགེ་བའི་ས་བོན་འདེབས་པར་གྱིས། ། སྣ་ཚོགས་སྐྱེ་བོའི་བདེ་སྡུག་ལྟོས། ། འདི་ཡི་རྒྱུ་ནི་ལས་ཡིན་ཞེས། ། བདེན་པར་སྨྲ་བས་ལེགས་གསུངས་ན། ། སུ་ཞིག་ལས་འབྲས་བསམ་མི་བྱེད། །

༥་་དདཟཔ་རྙེད་པའི་མཆོག་ཡིན་པར་གདམས་པ་ནི།

དཀོན་མཆོག་གསུམ་དང་བདེན་པ་བཞིན། ། ཡིད་ཆེས་པ་ཡི་དད་པ་ནི། །

རྙེད་ན་རྙེད་པའི་མཆོག་ཡིན་ཏེ། ། ཨེ་མ་བཟང་པོའི་བསོད་ནམས་འབྲས། །

གཉིས་པ་གཏོང་ཕོད་བཤད་པ་ལའང་།

༡་་གཏོང་བར་བསྐུལ་བ་ནི།

༈ བདག་གི་ལོངས་སྤྱོད་འཆང་གྱུར་ཀྱང༌། ། དབང་མེད་ཤུལ་དུ་ལུས་ཏེ་འགྲོ། ། དེ་བས་གཏོང་ཕོད་བློ་སྐྱེད་ལ། ། འདི་ཕྱིའི་ཕུན་སུམ་ཚོགས་པ་བསྒྲུབ། ། གཏོང་བ་ཆུང་ཡང་འབྲས་བུ་ཆེ། ། ལོངས་སྤྱོད་ཆེ་ཡང་ཕན་པ་ཆུང༌། ། སྔོན་ཆད་བྱིན་པས་འདིར་འབྱོར་ཀྱང༌། ། འདིར་མ་བྱིན་ན་ཕྱི་མར་དབུལ། །

༢་་ཆོག་ཤེས་མེད་པའི་ཉེས་དམིགས་བཤད་པ་ནི།

བསགས་དང་བསྲུང་དང་བརླག་པ་ཡི། ། ནོར་ལ་ཉེས་པ་ཤིན་ཏུ་མང༌། ། ས་གཞི་ནོར་གྱིས་གང་ན་ཡང༌། ། སྐྱེ་བོའི་འདོད་པ་ངོམ་མི་འགྱུར། ། ཟས་ནོར་གནས་མལ་ཙམ་ཞིག་ལས། ། ལྷག་མ་ཕན་མེད་སྡུག་བསྔལ་རྒྱུ། །

༣་་གཏོང་བའི་འབྲས་བུ་རྒྱས་པར་བཤད་པ་ནི།

གཏོང་བས་འདི་དང་ཕྱི་མར་ཡང༌། ། ནོར་རྣམས་ཆེར་འཕེལ་དབྱར་ཆུ་བཞིན། ། གཏོང་བས་ཚེ་དང་གྲགས་པ་འཕེལ། ། གཏོང་བས་དཔལ་དང་བདེ་བ་འཕེལ། ། གཏོང་བ་འདི་ནི་འཕེལ་བའི་སྒོ། ། ཡིན་ཀྱང་སྐྱེ་བོས་ཟད་པར་དོགས། ། མི་གཏོང་ཤིན་ཏུ་བསགས་པ་ཡི། ། ཞེ་ཕུག་བརྟགས་ན་དུད་འགྲོ་འདྲ། ། གཡོ་ཞིང་སྙིང་པོ་མེད་པ་ཡི། ། ནོར་ལས་སྙིང་པོ་ཅིས་མི་ལེན། །

༤་་གཏོང་བ་ཆུང་ངུས་འབྲས་བུ་ཆེན་པོ་ཐོབ་པར་བཤད་པར་གདམས་པ་ནི།

མ་གཏོང་སྤྱད་པར་མ་བྱས་པའི། ། རྒྱལ་སྲིད་འབྱོར་པ་གཡོ་ལ་ལྟོས། །

ཟན་སྐྱ་ཁམ་གཅིག་གིས་ཉོས་པའི། ། འཁོར་བསྒྱུར་དཔལ་དེ་ཅིས་མ་བསྒྲུབས། །

དྲུག་པ་འབྲས་བུ་བཤད་པ་ལ།

གོང་དུ་བཤད་མ་ཐག་པའི་རྒྱུ་དེ་ལ་བརྟེན་ནས། འབྲས་བུ་བདེ་བ་དང་གྲགས་པ་ངེས་པར་སྨིན་ཚུལ་བཤད་པ་ནི།

དེ་ལྟར་བློ་ལྡན་ཟུང་ཐུབ་དེས། ། ཁྲེལ་དང་བག་ཡོད་པའི་ཚུལ་གྱིས། ། དྲང་དང་དམ་བརྟན་གཞི་གཟུང་ནས། ། བྱས་པ་ཤེས་ཤིང་ཕན་པར་བརྩོན། ། དད་དང་གཏོང་བའི་ཤུགས་བསྐྱེད་ན། ། ༈ འདི་དང་ཕྱི་མའི་གནས་སྐབས་སུ། ། ཚེ་རིང་བ་དང་ནད་མེད་དང༌། ། ཡིད་དུ་འོང་དང་འབྱོར་ལྡན་དང༌། ། ཀུན་གྱིས་བཀུར་ཤིང་བསྔགས་པ་དང༌། ། དབུ་འཕང་མཐོ་ཞིང་མངའ་ཐང་རྒྱས། ། མཐའ་བཞི་ལས་རྒྱལ་ལས་ཤུགས་དང༌། ། སྟོབས་མཐུ་ནུས་པ་མེ་ལྟར་འབར། ། བདེ་དང་ཡིད་བདེའི་དཔལ་རྣམས་ཀུན། ། རྟག་ཏུ་མདུན་ན་གནས་བཞིན་པར། ། སྙན་གྲགས་ལྷ་ཡི་རྔ་བོ་ཆེ། ། འཇིག་རྟེན་འདི་ན་ཁྱབ་པར་སྒྲོགས། །

མཇུག་གྲུབ་པའི་བྱ་བ་ལ།

༡་་བསྟན་བཅོས་ཇི་ལྟར་བརྩམས་པའིི་ཚུལ་བཤད་པ་ནི།

དེ་ཕྱིར་ལྷ་དང་དཔལ་རྣམས་ཀུན། ། གང་གི་རྒྱུད་ལ་གནས་འདོད་པས། ། ཀུན་སློང་གིས་བསྐུལ་འདི་ལྟ་བུ། ། སྡེབས་སྦྱོར་སྤང་སྟེ་ལེགས་པར་བྲིས། ། བདག་གི་རྒྱལ་དང་རྒྱལ་སྲས་དང༌། ། དམ་པ་རྣམས་ཀྱི་ལེགས་བཤད་ལ། ། འདྲིས་པས་ལེགས་པ་སྨྲ་བ་ནི། ། བྲག་ཆ་བཞིན་དུ་བརྗོད་ལ་མཁས། ། འོན་ཀྱང་ཐོག་མེད་ངན་གོམས་ཀྱིས། ། བསླད་ཕྱིར་ལེགས་པར་སྤྱོད་པའི་ཆ། ། ཤིན་ཏུ་ཕྲ་ཡང་ལེགས་སྤྱོད་ལ། ། བཟང་པོར་མཐོང་བ་ཙམ་དུ་ཟད། ། དེ་ཕྱིར་སྐྱེ་བོ་ཡ་རབས་ཀྱི། ། སྤྱོད་པ་གང་གིས་སྤྱོད་པ་ལ། ། ཤིན་ཏུ་ཡི་རབ་ཉིད་གྱུར་ཕྱིར། ། གཞན་ཀུན་འདི་འདྲའི་ཚུལ་བཟང་ལ། ། གཞུག་པར་འདོད་པའི་བརྩེ་བ་དང༌། ། བློ་ལྡན་གང་གིས་བསྐུལ་བའི་རྒྱུས། ། སྐྱེ་བོའི་ལུགས་ཀྱི་བསྟན་བཅོས་ལས། ། ཅུང་ཟད་བསྡུས་ཏེ་བརྗོད་པ་ལགས། །

དགེ་རྩ་གཞན་དོན་དུ་བསྔོ་བ་ནི།

འདི་ཡི་དགེ་བས་འགྲོ་ཀུན་ལ། ། བཟང་པོའི་ཡོན་ཏན་རྣམ་པ་བཅུ། །

འབད་པ་མེད་པར་ཞུགས་ནས་ཀྱང༌། ། ལྷ་དང་དཔལ་གྱིས་བརྒྱན་པར་ཤོག །

ཞེས་པ་འདི་ཡང་ཡ་རབས་བཟང་པོའི་ལུགས་ཀྱི་སྲོལ་དྲི་མ་མེད་པ་ལ་དགའ་ཞིང་དང་དུ་ལེན་པར་འདོད་པའི་སྐལ་བ་བཟང་པོའི་ཡོན་ཏན་གྱིས་ཕྱུགས་པ་རྒྱལ་བར་དཀོན་མཆོག་གིས་འདི་འདྲ་བ་ཞིག་བྲིས་ཞེས་བསྐུལ་ངོར་འཇམ་དཔལ་དགྱེས་པའི་རང་མདངས་ཞེས་འབོད་པས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་མངྒ་ལཾ། ། དགེའོ། །དགེའོ། །དགེའོ།། །།