Jump to content

ལས་རྒྱུ་འབྲས་

ཡོང་ཁུངས་Wikipedia

ལས་རྒྱུ་འབྲས།

[རྩོམ་སྒྲིག]

ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ཅིག་སྟེ། དེས་སེམས་ཅན་རྣམས་ཀྱི་བསམ་པ་དང་བྱ་སྤྱོད་ཀྱིས་ད་ལྟའི་དང་མ་འོངས་པའི་མི་ཚེའི་ནང་གི་བདེ་སྡུག་གི་མྱོང་བ་ཇི་ལྟར་བསྐྲུན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད། ལྟ་གྲུབ་འདི་ལ་རྒྱུ་དང་འབྲས་བུའི་རྣམ་གཞག་ཀྱང་ཟེར། འཁོར་བ་པའི་གནས་སུ་མྱོང་བའི་བདེ་སྡུག་དང་མཐོ་དམན་ཐམས་ཅད་ནི་སྔོན་བསགས་པའི་ལས་དགེ་སྡིག་ལས་འབྱུང་བ་ཡིན་པར་ཐུབ་པས་གསུངས་ཡོད།[][] དེར་བརྟེན་ནང་པའི་ཆོས་ཀྱི་ལམ་ནི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་གོ་བ་ལེན་རྒྱུ་དང་། དེའི་ཐོག་ནས་མི་དགེ་བའི་ལས་སྤངས་ཏེ་དགེ་བའི་ལས་སྒྲུབ་རྒྱུ་དེ་ཡིན།[]

ངོ་བོ་དང་རང་བཞིན།

[རྩོམ་སྒྲིག]

ལས་ཞེས་པ་ནི་སེམས་ཅན་རྣམས་ཀྱི་བདེ་སྡུག་གི་རྒྱུ་ཟག་པ་དང་བཅས་པའི་ལས་ལ་གོ་དགོས།[] ཆོས་མངོན་པ་མཛོད་ལས། "འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས།" ཞེས་གསུངས་པ་ལྟར། འཇིག་རྟེན་འདི་ནི་ལས་ཀྱིས་བྱས་ཤིང་ལས་ཀྱིས་སྤྲུལ་པ་ཡིན་ལ། སེམས་ཅན་རྣམས་ཀྱང་ལས་ཀྱི་རྒྱུ་ལས་བྱུང་ཞིང་ལས་ཀྱིས་རབ་ཏུ་ཕྱེ་བ་ཡིན།[]

ངོ་བོའི་ཆ་ནས་ལས་ལ་གཉིས་ཡོད་དེ། སེམས་པའི་ལས་དང་བསམ་པའི་ལས་སོ།[] རྩ་བ་ཤེས་རབས་ལས། "དྲང་སྲོང་མཆོག་གིས་ལས་རྣམས་ནི། སེམས་པ་དང་ནི་བསམ་པར་གསུངས།" ཞེས་གསུངས་པ་ལྟར།

སེམས་པའི་ལས། ནི་ཡིད་ཀྱི་ལས་ཏེ་ཀུན་སློང་གི་བསམ་པ་གཙོ་བོ་དེ་ཡིན།

བསམ་པའི་ལས། ནི་སེམས་པ་དེས་བསྐྱེད་པའི་ལུས་དང་ངག་གི་ལས་རྣམས་ཡིན།[][]

ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ་ལ། རྟག་ཏུ་རྗེས་སུ་འགྲོ་བས་ལུས་ཀྱི་གྲིབ་མ་དང་འདྲ། དེ་བཞིན་ཤིན་ཏུ་རྒྱ་ཆེ་བ་ནམ་མཁའི་དབྱིངས་དང་འདྲ་བར་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།[][༡༠] རང་བཞིན་གྱི་ཆ་ནས་བརྟགས་ན་ངོ་བོ་ཅི་ཡང་མེད་ཀྱང་། རྟེན་འབྲེལ་གྱི་སྒོ་ནས་རྒྱུ་འབྲས་མི་སླུ་བར་རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་སྐྱེད་པར་བྱེད།[༡༡]

ལས་ཀྱི་དབྱེ་བ།

[རྩོམ་སྒྲིག]

རྒྱུ་ལས་ཀྱི་དབྱེ་བ་ལ་གསུམ་ཡོད།[༡༢]

བསོད་ནམས་མ་ཡིན་པའི་ལས། མི་དགེ་བ་བཅུ་ལ་སོགས་པའི་སྡིག་པའི་ལས་རྣམས་ཏེ། དེའི་འབྲས་བུ་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཡིན།

བསོད་ནམས་ཀྱི་ལས། དགེ་བ་བཅུ་ལ་སོགས་པའི་དགེ་བའི་ལས་རྣམས་ཏེ། དེའི་འབྲས་བུ་ནི་འདོད་ཁམས་ཀྱི་ལྷ་དང་མིའི་བདེ་བ་ཡིན།

མི་གཡོ་བའི་ལས། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་བསྒོམས་པའི་ལས་རྣམས་ཏེ། དེའི་འབྲས་བུ་ནི་ཁམས་གོང་མ་གཟུགས་དང་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་ཡིན།[༡༣][༡༤]

མི་དགེ་བའི་ལས་བཅུ།

[རྩོམ་སྒྲིག]

སྤང་བྱ་མི་དགེ་བའི་ལས་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ལས་བཅུ་པོ་དེ་དག་ཡིན།[༡༥]

ལུས་ཀྱི་མི་དགེ་བ་གསུམ།

[རྩོམ་སྒྲིག]

༡༽ སྲོག་གཅོད་པ། གཞི་སེམས་ཅན་གཞན་ཞིག་ལ་གསོད་འདོད་ཀྱི་ཀུན་སློང་དང་བཅས་སྦྱོར་བ་གསོད་པའི་ཐབས་རྩོལ་ཞིང་། མཐར་ཐུག་སེམས་ཅན་དེའི་སྲོག་གི་དབང་པོ་འགགས་པར་བྱེད་པ་དེ་ཡིན།[༡༦] དེ་ལ་དབྱེ་ན་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་ (ཤ་དང་པགས་པའི་ཆེད་ལྟ་བུ།)། ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་ (དགྲ་ལ་སོགས་པ་གསོད་པ་ལྟ་བུ།)། གཏི་མུག་གི་སྒོ་ནས་སྲོག་གཅོད་པ་ (མཆོད་སྦྱིན་གྱི་ཆེད་དུ་དུད་འགྲོ་གསོད་པ་ལྟ་བུ།) བཅས་གསུམ་ཡོད།[༡༧]

༢༽ མ་བྱིན་པར་ལེན་པ། གཞན་གྱི་ནོར་རྫས་ལ་བརྐུ་འདོད་ཀྱི་བསམ་པས་དབང་གིས་ལེན་པ་ (བཙན་འཕྲོག)། འཇབ་བུས་ལེན་པ་ (རྐུ་མ་བྱེད་པ།)། གཡོ་སྒྱུས་ལེན་པ་ (བྲེ་སྲང་ལ་གཡོ་བྱེད་པ།) བཅས་ཀྱི་སྒོ་ནས་ལེན་པ་ལ་ཟེར།[༡༨]

༣༽ འདོད་པས་ལོག་པར་གཡེམ་པ། རང་གི་ཁྱིམ་ཐབས་མ་ཡིན་པའམ་ཡིན་ཀྱང་ཡུལ་དང་དུས། ཡན་ལག་མ་ཡིན་པ་སོགས་སུ་འཁྲིག་སྤྱོད་བྱེད་པ་ལ་ཟེར། དེ་ལ་རིགས་ཀྱིས་བསྲུངས་པ་ (མ་དང་སྲིང་མོ་ལྟ་བུ།)། བདག་པོས་བསྲུངས་པ་ (གཞན་གྱི་ཆུང་མ།)། ཆོས་ཀྱིས་བསྲུངས་པ་ (དགེ་སློང་མ།) བཅས་ལ་ལོག་པར་སྤྱོད་པ་རྣམས་འདུ།[༡༩]

ངག་གི་མི་དགེ་བ་བཞི།

[རྩོམ་སྒྲིག]

༤༽ རྫུན་དུ་སྨྲ་བ། འདུ་ཤེས་བསྒྱུར་ནས་གཞན་སླུ་བའི་ཚིག་སྨྲ་བ་ལ་ཟེར།[༢༠] དེ་ལ་མི་ཆོས་བླ་མའི་རྫུན་ལྟ་བུ་རྫུན་ཆེན་པོ། གཞན་ལ་ཕན་གནོད་ཡོད་པའི་རྫུན། ཕན་གནོད་མེད་པའི་རྫུན་ཕྲ་མོ་བཅས་གསུམ་ཡོད།[༢༡]

༥༽ ཕྲ་མ་སྨྲ་བ། མཛའ་བོ་གཉིས་ཕན་ཚུན་འབྱེད་པའི་ཚིག་སྨྲ་བ་ལ་ཟེར།[༢༢] དེ་ལ་མངོན་དུ་དབྱེན་སྦྱོར་བ་དང་། ལྐོག་ཏུ་དབྱེན་སྦྱོར་བ་གཉིས་ཡོད།[༢༣]

༦༽ ཚིག་རྩུབ་སྨྲ་བ། གཞན་གྱི་ཡིད་མི་བདེ་བར་བྱེད་པའི་ཚིག་རྩུབ་མོ་སྨྲ་བ།[༢༤] དཔེར་ན། སྐྱེ་བོ་ཞིག་གི་སྐྱོན་མངོན་སུམ་དུ་སྒྲོག་པ་ལྟ་བུ་ཡིན།[༢༥]

༧༽ ངག་འཁྱལ་སྨྲ་བ། ཆགས་སྡང་སྐྱེ་བའི་གཏམ་དང་ཆོས་མིན་གྱི་གཏམ་འབྲེལ་མེད་དུ་སྨྲ་བ་སྟེ། བསྟན་བཅོས་ངན་པ་དང་། བྲེ་མོའི་གཏམ་ལྟ་བུ་རྣམས་སོ།[༢༦][༢༧]

ཡིད་ཀྱི་མི་དགེ་བ་གསུམ།

[རྩོམ་སྒྲིག]

༨༽ བརྣབ་སེམས། གཞན་གྱི་ཕུན་སུམ་ཚོགས་པ་དང་ནོར་རྫས་ལ་དེ་བདག་གི་ཡིན་ན་ཅི་མ་རུང་སྙམ་དུ་ཆགས་སེམས་སྐྱེད་པ་ལ་ཟེར།[༢༨]

༩༽ གནོད་སེམས། གཞན་ལ་གནོད་འཚེ་བྱེད་འདོད་ཀྱི་ཞེ་སྡང་དང་ཁོང་ཁྲོའི་སེམས་སྐྱེད་པ་ལ་ཟེར།[༢༩]

༡༠༽ ལོག་ལྟ། ལས་རྒྱུ་འབྲས་མེད་པར་ལྟ་བ་དང་། སྐྱེ་བ་སྔ་ཕྱི་མེད་པར་ལྟ་བ་སོགས་རྟག་ཆད་ཀྱི་ལྟ་བ་ཕྱིན་ཅི་ལོག་ལ་ཟེར།[༣༠]

ལས་ཀྱི་འབྲས་བུ། མི་དགེ་བའི་ལས་རེ་རེ་ལའང་འབྲས་བུ་རྣམ་པ་བཞི་རེ་ཡོད།[༣༡]

རྣམ་སྨིན་གྱི་འབྲས་བུ། ལས་ཀྱི་ལྕི་ཡང་ལ་དཔག་པའི་སྐྱེ་བ་ལེན་ས་སྟེ། མི་དགེ་བ་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོ་རུ་སྐྱེ་བ་ལྟ་བུ།[༣༢] ཀུན་སློང་གི་ཆ་ནས་ཞེ་སྡང་གིས་བྱས་ན་དམྱལ་བ། འདོད་ཆགས་ཀྱིས་བྱས་ན་ཡི་དྭགས། གཏི་མུག་གིས་བྱས་ན་དུད་འགྲོར་སྐྱེ་བར་འགྱུར།[༣༣][༣༤]

རྒྱུ་མཐུན་པའི་འབྲས་བུ། འདི་ལ་གཉིས་ཡོད་དེ། མྱོང་བ་རྒྱུ་མཐུན། སྔོན་གྱི་ལས་དང་རང་བཞིན་མཐུན་པའི་མྱོང་བ་མྱོང་བ་སྟེ། དཔེར་ན། སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་བ། མ་བྱིན་ལེན་བྱས་པས་ལོངས་སྤྱོད་དབུལ་བ། རྫུན་སྨྲས་པས་སྐུར་བ་འདེབས་པ་མང་བ་ལྟ་བུ།[༣༥] བྱེད་པ་རྒྱུ་མཐུན། སྔོན་གྱི་ལས་དང་འདྲ་བའི་ལས་ལ་སླར་ཡང་སྤྱོད་པར་དགའ་བ་སྟེ། སྔོན་སྲོག་གཅོད་ལ་དགའ་བ་དེ་ཚེ་རབས་གཞན་དུའང་སྲོག་གཅོད་པར་སྤྲོ་བ་ལྟ་བུ།[༣༦]

དབང་གི་འབྲས་བུ། ཕྱི་རོལ་གྱི་ཡུལ་ལ་སྨིན་པའི་འབྲས་བུ་སྟེ། དཔེར་ན། སྲོག་བཅད་པས་ས་ཕྱོགས་གཟི་བརྗིད་ཆུང་ཞིང་སྨན་དང་ལོ་ཏོག་གི་མཐུ་ཆུང་བའི་གནས་སུ་སྐྱེ། མ་བྱིན་ལེན་བྱས་པས་ཡུལ་སད་སེར་མང་བའི་སར་སྐྱེ། འདོད་ལོག་སྤྱད་པས་ཡུལ་རྡུལ་དང་འདམ་རྫབ་མང་བའི་སར་སྐྱེ་བ་ལྟ་བུ།[༣༧][༣༨]

སྐྱེས་བུ་བྱེད་པའི་འབྲས་བུ། ལས་གང་བྱས་པ་དེ་ཉིད་གོང་ནས་གོང་དུ་འཕེལ་ནས་སྡུག་བསྔལ་མུ་མཐའ་མེད་པར་བསྐྱེད་པ་དེ་ཡིན།[༣༩][༤༠]

དགེ་བའི་ལས་བཅུ།

[རྩོམ་སྒྲིག]

བསྒྲུབ་བྱ་དགེ་བའི་ལས་བཅུ་ནི་གོང་དུ་བཤད་པའི་མི་དགེ་བ་བཅུ་སྤོང་བའི་སེམས་པ་དེ་ཡིན།[༤༡] དེ་ཡང་སྲོག་གཅོད་སྤངས་ནས་སྲོག་སྐྱོབ་པ། མ་བྱིན་ལེན་སྤངས་ནས་སྦྱིན་པ་གཏོང་བ་སོགས་མི་དགེ་བ་བཅུའི་གཉེན་པོ་དཀར་པོའི་ཕྱོགས་ཉམས་སུ་ལེན་པ་རྣམས་སོ།[༤༢]

དགེ་བའི་ལས་བཅུའི་འབྲས་བུ་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་དང་ལྡོག་པ་སྟེ། རྣམ་སྨིན་གྱི་འབྲས་བུས་མཐོ་རིས་ལྷ་དང་མིའི་ལུས་སུ་སྐྱེ། རྒྱུ་མཐུན་གྱིས་ཚེ་རིང་ཞིང་ལོངས་སྤྱོད་དང་ལྡན་པར་འགྱུར། དབང་གི་འབྲས་བུས་ཡུལ་བཀྲ་ཤིས་ཤིང་ལོ་ཏོག་འཕེལ་བའི་གནས་སུ་སྐྱེ་བ་སོགས་ཡིན།[༤༣][༤༤]

ལས་ཀྱི་ཁྱད་ཆོས། ལས་རྒྱུ་འབྲས་ལ་ཁྱད་ཆོས་སྤྱི་ཡོངས་ཅན་འགའ་ཡོད།

ལས་བདག་གིར་བྱ་བ། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རང་ཉིད་གཅིག་པུས་མྱོང་བ་ལས་གཞན་ལ་མི་སྨིན་པ།[༤༥] གལ་ཏེ་དེ་ལྟར་མ་ཡིན་ན་ལས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་འཕྲད་པའི་ཉེས་པར་འགྱུར་རོ།[༤༦]

ལས་ཀྱི་བགོ་སྐལ་ལ་སྤྱོད་པ། རྒྱུ་དགེ་བའི་ལས་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་ཞིང་། རྒྱུ་སྡིག་པའི་ལས་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་བ་སྟེ་རྒྱུ་འབྲས་ནམ་ཡང་མི་འཁྲུལ་བའོ།[༤༧][༤༨]

ལས་ཆུང་ངུ་ལས་འབྲས་བུ་ཆེན་པོར་སྨིན་པ། རྒྱུ་དགེ་སྡིག་གི་ལས་ཕྲ་མོ་ཞིག་ལས་ཀྱང་འབྲས་བུ་བདེ་སྡུག་ཤིན་ཏུ་ཆེན་པོ་འབྱུང་སྲིད་པ།[༤༩][༥༠]

ལས་བྱས་པ་ཆུད་མི་ཟ་བ། ལས་དགེ་སྡིག་གང་ཞིག་བྱས་པ་དེ་གཉེན་པོས་མ་བཤགས་ན་བསྐལ་པ་བརྒྱར་སོང་ཡང་ནམ་ཡང་ཆུད་མི་ཟ་བར་རྐྱེན་དང་འཕྲད་ཚེ་འབྲས་བུ་ངེས་པར་དུ་སྨིན་པའོ།[༥༡][༥༢][༥༣]

ཉམས་ལེན་གྱི་གནད་།

[རྩོམ་སྒྲིག]

ནང་པའི་ཆོས་ཉམས་སུ་ལེན་པ་ལ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་བྱ་རྒྱུ་ནི་གཞི་མ་ལྟ་བུ་ཡིན། གང་ཞིག་ལས་རྒྱུ་འབྲས་ལ་ཁྱད་དུ་གསོད་པ་ནི་ཆད་པར་ལྟ་བའི་མཐར་ལྷུང་བས་ངན་འགྲོར་ལྟུང་བའི་རྒྱུ་ཡིན།[༥༤] དེར་བརྟེན་ཉམས་ལེན་པས་ "ལྟ་བ་ནམ་མཁའ་བས་ཀྱང་མཐོ། ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ།" ཅེས་པའི་གདམས་ངག་ལྟར། སྟོང་པ་ཉིད་ཀྱི་ལྟ་བ་དང་རྒྱུ་འབྲས་ཀྱི་སྤྱོད་པ་གཉིས་ཟུང་དུ་འབྲེལ་ནས་ཉམས་སུ་ལེན་དགོས།[༥༥] དུས་རྣམ་པ་ཀུན་ཏུ་སྡིག་པའི་ལས་ཕྲ་མོ་ཙམ་ཡང་སྲོག་ལ་བབས་ཀྱང་མི་བྱེད་པའི་དམ་བཅའ་དང་། དགེ་བ་ཕྲ་མོ་ཚུན་ཆད་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་སྒྲུབ་པ་ལ་འབད་དགོས།[༥༦]

ཟུར་ལྟའི་མདུན།

[རྩོམ་སྒྲིག]

དགེ་བ་བཅུ།

རྟེན་འབྲེལ་

འཁོར་བ་

ཐར་པ་

ཁུངས་ཡིག

[རྩོམ་སྒྲིག]
  1. ཐུབ་པས་གསུངས།
  2. ཀུན་བཟང་བླ་མའི་ཞལ་ལུང་།
  3. ཀུན་བཟང་བླ་མའི་ཞལ་ལུང་།
  4. དྭགས་པོ་ཐར་རྒྱན།
  5. སྙིང་རྗེ་པདྨ་དཀར་པོ།
  6. དྭགས་པོ་ཐར་རྒྱན།
  7. དྭགས་པོ་ཐར་རྒྱན།
  8. མངོན་པ་མཛོད།
  9. སེམས་ཉིད་ངལ་གསོ།
  10. རྒྱལ་པོ་ལ་གདམས་པའི་མདོ་ལས།
  11. སེམས་ཉིད་ངལ་གསོ།
  12. དྭགས་པོ་ཐར་རྒྱན།
  13. དྭགས་པོ་ཐར་རྒྱན།
  14. རིན་ཆེན་ཕྲེང་བ།
  15. ཀུན་བཟང་བླ་མའི་ཞལ་ལུང་།
  16. ཀུན་བཟང་བླ་མའི་ཞལ་ལུང་།
  17. དྭགས་པོ་ཐར་རྒྱན།
  18. དྭགས་པོ་ཐར་རྒྱན།
  19. དྭགས་པོ་ཐར་རྒྱན།
  20. སེམས་ཉིད་ངལ་གསོ།
  21. དྭགས་པོ་ཐར་རྒྱན།
  22. སེམས་ཉིད་ངལ་གསོ།
  23. ཀུན་བཟང་བླ་མའི་ཞལ་ལུང་།
  24. སེམས་ཉིད་ངལ་གསོ།
  25. ཀུན་བཟང་བླ་མའི་ཞལ་ལུང་།
  26. ཀུན་བཟང་བླ་མའི་ཞལ་ལུང་།
  27. སེམས་ཉིད་ངལ་གསོ།
  28. ཀུན་བཟང་བླ་མའི་ཞལ་ལུང་།
  29. ཀུན་བཟང་བླ་མའི་ཞལ་ལུང་།
  30. སེམས་ཉིད་ངལ་གསོ།
  31. ཀུན་བཟང་བླ་མའི་ཞལ་ལུང་།
  32. སེམས་ཉིད་ངལ་གསོ།
  33. ཀུན་བཟང་བླ་མའི་ཞལ་ལུང་།
  34. དྭགས་པོ་ཐར་རྒྱན།
  35. ཀུན་བཟང་བླ་མའི་ཞལ་ལུང་།
  36. ཀུན་བཟང་བླ་མའི་ཞལ་ལུང་།
  37. སེམས་ཉིད་ངལ་གསོ།
  38. དྭགས་པོ་ཐར་རྒྱན།
  39. ཀུན་བཟང་བླ་མའི་ཞལ་ལུང་།
  40. སེམས་ཉིད་ངལ་གསོ།
  41. སེམས་ཉིད་ངལ་གསོ།
  42. ཀུན་བཟང་བླ་མའི་ཞལ་ལུང་།
  43. ཀུན་བཟང་བླ་མའི་ཞལ་ལུང་།
  44. དྭགས་པོ་ཐར་རྒྱན།
  45. དྭགས་པོ་ཐར་རྒྱན།
  46. དྭགས་པོ་ཐར་རྒྱན།
  47. དྭགས་པོ་ཐར་རྒྱན།
  48. དེས་པས་ཞུས་པའི་མདོ།
  49. དྭགས་པོ་ཐར་རྒྱན།
  50. ཚོམས།
  51. དྭགས་པོ་ཐར་རྒྱན།
  52. མདོ་སྡེ་ལས་བརྒྱ་པ།
  53. དྲན་པ་ཉེར་གཞག་ཆུང་བ།
  54. སེམས་ཉིད་ངལ་གསོ།
  55. ཀུན་བཟང་བླ་མའི་ཞལ་ལུང་།
  56. ཀུན་བཟང་བླ་མའི་ཞལ་ལུང་།