ལས་དང་ཉོན་མོངས་
ལས་དང་ཉོན་མོངས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐབས་སུ་ང་རྒྱལ་གསུམ་བསྒོམ་པའི་ཡུལ་དུ་གྱུར་པའི་གཞི་རྩའི་ཆ་ཤས་གཉིས་ཡིན། དེ་ཡང་ལས་ནི་དགེ་བའི་ལས་ལ་གོ་ཞིང་། ཉོན་མོངས་ནི་སྤང་བྱའི་ཉོན་མོངས་ལ་གོ། འདི་གཉིས་ཀྱི་ཐོག་ནས་ང་རྒྱལ་བྱ་ཚུལ་ནི་ལས་ཀྱི་ང་རྒྱལ་དང་ཉོན་མོངས་པའི་ང་རྒྱལ་གཉིས་ལ་འགོད།
དབྱེ་བ།
[རྩོམ་སྒྲིག]ལས་ཀྱི་ང་རྒྱལ། དེ་ནི་"བདག་ཉིད་གཅིག་པུས་སོགས་ཏེ། དེ་ལ། ལས་ཀྱི་ང་རྒྱལ་ངོས་གཟུང་བ་ནི། རང་གཞན་གྱི་དོན་དུ་ལམ་ཉམས་སུ་ལེན་པ་སོགས་ཁ་ན་མ་ཐོ་བ་མེད་པ་དགེ་བའི་ལས་བྱ་བར་འོས་པ་ཐམས་ཅད་སྒྲུབ་པ་ན་གཞན་སུ་ལ་ཡང་གྲོགས་ཀྱི་ལྟོས་པ་མི་འཆའ་བར་འདི་དག་ནི་བདག་ཉིད་གཅིག་པུས་བསྒྲུབ་པར་བྱའོ་ཞེས་སྙིང་སྟོབས་བརྟན་པོ་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་ཡིན་ཞེས་པ་སྟེ། འདི་གཞན་ལ་མི་རེ་བར་བདག་གཅིག་པུ་ཁོ་ནས་བསྒྲུབ་པར་བྱའོ་སྙམ་པ་ལ་ང་རྒྱལ་དང་འདྲ་བ་ཡོད་པས་དེར་བཏགས་པ་ཡིན་པར་གསུངས་སོ། །"[༡]ཞེས་གསུངས་པ་ལྟར་གཞན་ལ་ལྟོས་པ་མེད་པར་བདག་ཉིད་ཀྱིས་དགེ་བའི་ལས་ཐམས་ཅད་སྒྲུབ་པར་སྙིང་སྟོབས་བསྐྱེད་པ་ལ་གོ། ཉོན་མོངས་པའི་ང་རྒྱལ། དེ་ནི་"ཉོན་མོངས་པའི་དབང་དུ་མི་འགྱུར་བ་བྱ་སྙམ་པ་"[༢]ཞེས་གསུངས་པ་ལྟར་སྤང་བྱ་ཉོན་མོངས་པ་རྣམས་ལ་དབང་དུ་མི་འགྱུར་བར་དེ་དག་གཞོམ་པར་སྙིང་སྟོབས་བསྐྱེད་པ་ལ་གོ་དགོས། འདིར་ཉོན་མོངས་པ་ནི་"ཉེ་བའི་ཉོན་མོངས་པ་ནི་དངོས་པོ་ཕྲན་ཚེགས་ཀྱི་མིང་ཅན་ཏེ། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆང་བ་དང་། འཚིག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་ནམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཉེ་བའི་ཉོན་མོངས་པ་རྣམས་སུ་བརྗོད་དོ། །"[༣]ཞེས་གསལ་བཤད་གནང་འདུག ནུས་པའི་ང་རྒྱལ། དེ་ནི་"བདག་གིས་ཉེས་པ་སྤངས་ཤིང་ཡོན་ཏན་སྒྲུབ་པར་ཅིས་མི་ནུས་སོ་སྙམ་པའི་ནུས་པ་"[༤]ཞེས་གསུངས་པ་ལྟར་ཉེས་པ་སྤོང་བ་དང་ཡོན་ཏན་སྒྲུབ་པའི་ནུས་པ་ལ་སྙིང་སྟོབས་བསྐྱེད་པ་ལ་གོ།
སྤྱིར་བཤད།
[རྩོམ་སྒྲིག]ང་རྒྱལ་གསུམ་པོ་དེ་དག་ནི་"བྱ་བ་དེ་ལ་ཞུགས་ནས་བྱ་བའི་ལས་དང་སྤང་བྱའི་ཉོན་མོངས་དང༌། འཇུག་ལྡོག་བྱེད་པའི་ནུས་པ་སྟེ་གསུམ་པོ་དག་ལ་མ་ཞུམ་ཞིང་སྟོབས་བསྐྱེད་པའི་ང་རྒྱལ་བྱའོ། །"[༥]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐབས་སུ་སེམས་ཞུམ་པ་སོགས་མི་བྱེད་པར་སྙིང་སྟོབས་དང་ལྡན་པའི་ངང་ནས་བསྒོམ་པར་བྱ་བ་ཡིན། "དེ་ཡང་ཐོག་མར་སྦྱོར་བའི་དུས་སུ་ནི་མ་ཡིན་གྱི་དངོས་སུ་ཞུགས་ནས་སེམས་ཞུམ་པ་སོགས་བྱུང་བའི་དུས་སུ་བསྒོམ་པར་བྱ་བ་ཡིན་ནོ། །"[༦]ཞེས་པ་ལྟར་ང་རྒྱལ་གསུམ་པོ་འདི་དག་ནི་ལམ་ལ་འཇུག་པའི་ཐོག་མ་ལ་མ་ཡིན་པར་ལམ་ལ་དངོས་སུ་ཞུགས་ནས་སེམས་ཞུམ་པ་དང་ལེ་ལོ་སོགས་བྱུང་བའི་དུས་སུ་སྤྱོད་དགོས་པ་ཡིན།
དཔེ་མཚོན།
[རྩོམ་སྒྲིག]"དཔེར་ན་ལྷའི་བུ་ཉི་མ་ཕྱིའི་ཕོ་བྲང་བེམ་པོའི་རང་བཞིན་ཐབས་དང་བྲལ་བ་འདི་ཉིད་གཅིག་པུས་གླིང་བཞིར་སྣང་བ་ལ་སོགས་པའི་བྱ་བ་བྱེད་ཅིང་དེ་ཡང་སྤྲིན་དང་རྡུལ་དང་རླུང་ཆར་སོགས་རྐྱེན་གང་གིས་མི་འགོག་པ་དང་ཀུན་ལ་སྙོམ་པར་འཆར་བ་དང༌། ཐམས་ཅད་དེ་ལ་རེ་ཡང་རང་ཉིད་སུ་ལའང་རེ་ལྟོས་འཆའ་མི་དགོས་པ་འདི་ལྟར་ཡིན་ན། བདག་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ཐབས་ལ་མཁས་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་ལ་སོགས་པའི་དོན་བདག་ཉིད་གཅིག་པུས་བྱེད་པ་དང༌། དམུ་རྒོད་སེམས་ཅན་གྱི་ཉེས་པའི་སྐྱོན་གང་གིས་ཀྱང་མི་འགོག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་པ་དང༌། ཚུར་སེམས་ཅན་ཐམས་ཅད་རེ་ཞིང་ཕར་སུ་ལའང་རེ་ལྟོས་འཆའ་མི་དགོས་པའི་ཚུལ་གྱིས་བྱའོ་ཞེས་སྙིང་སྟོབས་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་ཡིན་ལ་"[༧]ཞེས་གསུངས་པ་ལྟར་ཉི་མ་ཕྱིའི་ཕོ་བྲང་བེམ་པོའི་རང་བཞིན་ཐབས་དང་བྲལ་བ་གཅིག་པུས་འཇིག་རྟེན་ཐམས་ཅད་ལ་ཕན་པའི་བྱ་བ་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་གཞན་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྙིང་སྟོབས་བསྐྱེད་དགོས། "གང་ཅུང་ཟད་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པའི་ལས་བྱ་བར་གྱུར་པ་དེ་ཐམས་ཅད་བདག་ཉིད་གཅིག་པུས་བྱ་སྟེ། གཞན་ལ་སྐབས་དབྱེ་བར་མི་བྱའོ་ཞེས་པའི་དོན་ཏོ། །"[༨]ཞེས་པ་ལྟར་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པའི་ལས་ཐམས་ཅད་གཞན་ལ་ལྟོས་པ་མེད་པར་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན།
བསྡུས་དོན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའི་ང་རྒྱལ་རྣམ་པ་གསུམ་གྱི་ནང་ནས་ལས་ཀྱི་ང་རྒྱལ་དང་ཉོན་མོངས་པའི་ང་རྒྱལ། ནུས་པའི་ང་རྒྱལ་གསུམ་གྱིས་བསྡུས་པ་ཡིན། འདི་ནི་བྱང་ཆུབ་ལམ་ལ་དངོས་སུ་ཞུགས་ནས་སེམས་ཞུམ་པ་སོགས་བྱུང་བའི་དུས་སུ་གཞན་ལ་ལྟོས་པ་མེད་པར་དགེ་བའི་ལས་སྒྲུབ་པ་དང་ཉོན་མོངས་པ་གཞོམ་པ། ཉེས་པ་སྤོང་ཞིང་ཡོན་ཏན་སྒྲུབ་པའི་ནུས་པ་ལ་སྙིང་སྟོབས་བརྟན་པོ་བསྐྱེད་པའི་ཐབས་ཤེས་ཤིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།