Jump to content

ལས་ཀྱིས་མནར་བ་

ཡོང་ཁུངས་Wikipedia

ལས་ཀྱིས་མནར་བ་ཞེས་པ་ནི་སྔོན་གྱི་ལས་ངན་གྱི་སྟོབས་ཀྱིས་ད་ལྟའི་ཚེ་ལ་ཕན་པ་དང་གནོད་པའི་བླང་དོར་ལ་རྨོངས་ཤིང་། ཚེ་འདི་འ་ལས་ངན་པ་བསགས་ན་ཕྱི་མིའི་གནས་སྐབས་ལའང་རང་ཉིད་དམྱལ་ལ་སོགས་པའི་མནར་གཅོད་མྱོང་བའི་རྒྱུ་རུ་འགྱུར་ཡོང་།

སྒྲ་བཤད།

[རྩོམ་སྒྲིག]

ལས་ཞེས་པ་ནི་སྔོན་གྱི་བྱས་པའི་ལས་ལ་གོ་བ་དང་། མནར་བ་ཞེས་པ་ནི་ཉོན་མོངས་དང་སྡུག་བསྔལ་གྱིས་གདུངས་ཤིང་གནོད་པ་ལ་གོ། འདི་གཉིས་སྦྲེལ་ན་སྔོན་གྱི་བྱས་པའི་ལས་ངན་གྱི་དབང་གིས་ད་ལྟའི་བར་དུ་བློ་རྨོངས་པར་མནར་ཞིང་ཤེས་རབ་ཆུང་བར་གྱུར་པ་ལ་ཟེར།

མཚན་ཉིད།

[རྩོམ་སྒྲིག]

ལས་ཀྱིས་མནར་བའི་མཚན་ཉིད་ནི་སྔོན་གྱི་ལས་ངན་གྱི་དབང་གིས་ད་ལྟའི་ཆར་ཤེས་རབ་ཀྱི་སྤྱན་ལིབ་ནས་དགེ་སྡིག་གི་བླང་དོར་ལ་ཕྱིན་ཅི་ལོག་ཏུ་རྟོགས་པར་གྱུར་བ་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

འདི་ལྟར་ལས་ཀྱིས་མནར་བའི་གནས་སྐབས་འདིར་གནས་པ་ན། "སྔོན་གྱི་ལས་ངན་གྱི་སྟོབས་ཀྱིས་མནར་བས་ད་ལྟ་ལས་འབྲས་ཀྱི་བླང་དོར་ལ་རྨོངས་ཤིང་འདོད་པའི་ཡོན་ཏན་ལ་ཆགས་ནས་སྡིག་པ་ལ་འཛེམས་མེད་དུ་སྤྱོད་པ་རྣམས་ཀྱིས་བཅོམ་ཞིང་བརླག་"[]ཅེས་གསུངས་པ་ལྟར་ད་ལྟའི་བར་དུ་སྡིག་པ་ལ་མི་འཛེམས་པར་སྤྱོད་པ་དང་། ལས་འབྲས་ཀྱི་རྒྱུ་འབྲས་ལ་མ་ཤེས་པར་གྱུར་པས་སྡུག་བསྔལ་གྱིས་བར་མེད་དུ་མནར་བ་ཡིན།

སྔོན་ལས་ཀྱིས་མནར་བ།

[རྩོམ་སྒྲིག]

"ལས་ཀྱིས་མནར་བ་སྟེ་ལས་ནི་སྔོན་གྱི་ལས་ཡིན་ལ། དེས་མནར་བའི་ནི་ཕན་པ་དང་མི་ཕན་པ་ཤེས་པ་ལ་ཕྱིན་ཅི་ལོག་པའི་བློ་ཡིན་ཏེ་རྨོངས་པས་བྱས་"[]ཞེས་གསུངས་པ་ལྟར་ལས་ཀྱིས་མནར་བ་ཞེས་པ་ནི་གཙོ་བོ་སྔོན་གྱི་ལས་ངན་གྱི་སྟོབས་ཀྱིས་ད་ལྟའི་བར་དུ་རང་གི་སེམས་ལ་རྨོངས་པའི་བློ་སྐྱེས་ཤིང་། ཆོས་ཀྱི་བླང་དོར་དང་ཕན་གནོད་ལ་ཤེས་རབ་ཆུང་བར་གྱུར་པ་ལ་གོ །

ལས་ཀྱིས་མནར་བའི་ཉེས་དམིགས།

[རྩོམ་སྒྲིག]

རྒྱུ་སྡིག་པས་འབྲས་བུ་དམྱལ་བར་འགྲོ་བ། "ཆགས་སྡང་སོགས་ཀྱིས་རྒྱུ་སྡིག་པ་མི་དགེ་བ་བཅུ་སོགས་བྱས་པ་ལས་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དབང་མེད་དུ་འབྱུང་ཞིང་ཤིན་ཏུ་མནར་བར་འགྱུར་"[]ཞེས་གསུངས་པ་ལྟར་ལས་ཀྱིས་མནར་བས་རྒྱུ་ཉོན་མོངས་ཀྱི་དབང་དུ་གྱུར་ཏེ་སྡིག་པ་བྱེད་པ་དང་། དེའི་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར།

དལ་འབྱོར་ཆུད་གསོན་པ། "སྔོན་གྱི་ལས་ཀྱིས་མནར་ཏེ་བླང་དོར་ལ་རྨོངས་པ་རྣམས་ཀྱིས་བཅོམ་སྟེ་དོན་མེད་པར་བྱས་སོ། །"[]ཞེས་གསུངས་པ་ལྟར་ལས་ཀྱིས་མནར་བས་རིན་པོ་ཆེའི་དལ་འབྱོར་གྱི་མི་ལུས་དོན་མེད་དུ་ཆུད་གསོན་པར་བྱེད།

ཐར་པའི་སྐབས་ཆད་པ། "ནོར་ལ་ཆགས་པས་ཡུལ་སྣ་ཚོགས་ལ་ཡིད་གཡེངས་པར་གྱུར་པ་རྣམས་ལས་ཀྱི་དབང་གིས་ཡང་དང་ཡང་དུ་འཁོར་བར་སྐྱེ་བས། སྲིད་པའི་སྡུག་བསྔལ་ལས་གྲོལ་ནས་ཐར་པ་ཐོབ་པའི་སྐབས་མེད་དོ། །"[]ཞེས་གསུངས་པ་ལྟར་ལས་ཀྱིས་མནར་བས་འཁོར་བ་ལས་ཐར་པའི་སྐབས་འགོག་པར་བྱེད།

ལས་ཀྱིས་མནར་བ་སེལ་བའི་ཐབས།

[རྩོམ་སྒྲིག]

སྡིག་སྦྱང་ལ་བརྩོན་པ། "སྡིག་བཤགས་ལ་འབད་པའི༷་བྱ་བ་བྱེད་པར་རི༷གས་ཤིང་འཐད་པའོ་ཞེས་སོ། །དེ་ཡང་གོས་ཚོན་ལ་བཙོ་བ་ལས་འཁྲུ་བ་གལ་ཆེ་བ་ལྟར་ཐོས་བསམ་སྒོམ་པའི་ཡོན་ཏན་རང་རྒྱུད་ལ་མི་འབྱུང་བ་འདི་ སྡིག་པ་མི་དགེ་བའི་དབང་གིས་ཡིན་པས་སྡིག་སྦྱང་ལ་བརྩོན་པ་འདི་ཤིན་ཏུ་གཅེས་"[]ཞེས་པ་ལྟར་ལས་ཀྱིས་མནར་བ་སེལ་བའི་ཐབས་གཙོ་བོ་ནི་སྡིག་སྦྱང་གི་ལས་ལ་བརྩོན་འགྲུས་བྱེད་པ་དེ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

ལས་ཀྱིས་མནར་བ་ཞེས་པ་ནི་སྔོན་གྱི་ལས་ངན་གྱི་དབང་གིས་ད་ལྟའི་བར་དུ་བློ་རྨོངས་པར་གྱུར་ཅིང་། ཆོས་ཀྱི་བླང་དོར་དང་ཕན་གནོད་ལ་ཤེས་རབ་ཆུང་བར་འགྱུར་བ་ལ་གོ། འདིའི་ཉེས་དམིགས་ནི་དམྱལ་བར་སྐྱེ་བ། དལ་འབྱོར་ཆུད་གསོན་པ། ཐར་པའི་སྐབས་ཆད་པ་སོགས་ཡིན། དེ་སེལ་བའི་ཐབས་ནི་སྡིག་སྦྱང་གི་ལས་དང་ཤེས་རབ་བསྐྱེད་པ་སོགས་ཡིན། ལས་ཀྱིས་མནར་བ་ཞེས་པའི་ཐ་སྙད་འདི་ནི་ནང་པ་སངས་རྒྱས་པའི་ལས་འབྲས་ཀྱི་གྲུབ་མཐའི་ནང་གི་གལ་ཆེའི་རྣམ་གཞག་ཅིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༨༡༣
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༢༤༥
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༦༡
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༥༣
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༠༥
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༦༡