ལམ་འབྲས་པ་ཡི་ཤེས་དཔལ་
མཐོང་རིས་
རྗེ་འདི་ནི་རབ་བྱུང་ལྔ་པའི་ལྕགས་སྦྲུལ་(༡༢༨༡) ལོར་མདོ་ཁམས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པ་ལ་ཉན་ཆེན་པོའི་བུ་ཆེན་བློ་གྲོས་དཀར་པོ་ལ་འཁྲིད་དང་གདམས་པ་མང་དུ་གསན། དེ་ནས་ཞ་ལུ་བུ་སྟོན་ལ་ཐེག་ཆེན་སེམས་སྐྱེད་གསན། ས་སྐྱར་གཞུང་རྒྱས་པ་མཁན་ཆེན་དབང་ཕྱུག་དཔལ་ལ་རྣམ་རིག་གསན། ཀུན་སྤངས་ཆོས་གྲགས་དཔལ་ལ་སྦྱོར་དྲུག་གསན། ན་བཟའ་བ་ལོ་བཅུ་གཉིས་བསྟེན་ཏེ་གསུང་ངག་སོགས་གསན། བླ་མ་གུ་རུ་དབང་ཕྱུག་བརྩོན་འགྲུས་ལ་ནི་གུ་སོགས་གསན། འཁོན་བླ་ཆེན་ཀུན་དགའ་རྒྱལ་མཚན་པའི་སྲས་གུང་པ་བཀྲ་ཤིས་དབང་བཟང་པོ་ལ་དམར་པོ་སྐོར་གསུམ་སོགས་གསན། དགུང་ལོ་ལྔ་བཅུ་པ་ནས་སྐུ་ཚེའི་མཐའ་བར་གཞན་དོན་ཁོ་ནར་གཞོལ། སློབ་མའི་མཆོག་བློ་བཟང་དཀར་མོ། མཁན་ཆེན་གཡག་མོ་སོགས་མང་དུ་བྱོན། དགུང་གྲངས་གྱ་ལྔ་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་(༡༣༦༥)ལོར་འཇམ་ས་ལྷ་སྡིངས་སུ་ཞི་བར་གཤེགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།