Jump to content

ལབ་ཙེའི་རིག་གནས་

ཡོང་ཁུངས་Wikipedia

སྤྱིར་འཛམ་གླིང་གི་མི་རིགས་གང་ལ་མཚོན་ན་སོ་སོར་རང་གི་ཁོར་ཡུག་དང་འཚམ་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་རེ་ཡོད། བསིལ་ལྡན་ཁ་བའི་ལྗོངས་ཀྱི་སྒང་བ་བོད་པ་ཚང་ལའང་གཞན་དང་ཐུན་མོང་མ་ཡིན་པའི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང་སོགས་ཕུན་སུམ་ཚོགས་པོ་ཡོད། རི་ལྷར་དད་མོས་བྱེད་པ་ནི་བོད་ཀྱི་གདོད་མའི་དུས་ཀྱི་རང་བྱུང་ཁམས་ལ་དད་མོས་བྱེད་པའི་ཆོས་ལུགས་ཀྱི་སྣང་ཚུལ་ཞིག་ཡིན། བོད་ཀྱི་ཡུལ་ལུང་གང་སའི་རི་བོའི་སྤོ་དང་ཉག་ག་སོགས་ན་རྡོ་སྤུང་ཟླུམ་པོར་བརྩིགས་པའམ་གྲུ་བཞིར་བྱས་པའི་ཁྲོད་ཤིང་ཕྲན་ལ་བལ་སྒྲོག་པ་དང་མདའ་མདུང་མང་བོ་གྱེན་དུ་བཙུགས་ནས་དམུ་ཐག་གིས་ཡོངས་སུ་དཀྲིས་ཡོད་པའི་ཐོ་ཆེན་པོ་དེ་ལ་ལབ་ཙེ་ཞེས་འབོད། མི་རྣམས་ཀྱིས་ལབ་ཙེ་བརྩིགས་ཡོད་པའི་གནས་དེར་རང་ལ་མགོན་སྐྱབས་བྱེད་པའི་ཡུལ་ལྷ་གཞི་བདག་ཅིག་ཡོད་པར་འདོད་ཅིང་། ཡུལ་དེར་གནས་པའི་ལྷ་ལ་མདའ་མདུང་མཚོན་གྱིས་མཆོད་པ་བྱས་ཏེ་ལབ་ཙེ་བསྟད་ན་རྒན་པ་རྣམས་ཀྱི་ཚེ་ཐག་རིང་ཞིང་། གཞོན་པ་རྣམས་ཀྱི་འདབ་ལག་རྒྱས་པ། མདོར་ན་རྒན་གཞོན་ཕོ་མོ་ཐམས་ཅད་ཀྱིས་བྱ་བཞག་གང་ཞིག་བརྩམས་ཀྱང་བསམ་དོན་ལྷུན་གྱིས་འགྲུབ་པར་འདོད་ཡོད། ལབ་ཙེའི་བསྟོད་ཚུལ་དང་ཕྱིའི་རྣམ་པའི་ཆ་ནས་སྔོན་གྱི་དུས་ནས་ད་ལྟའི་བར་དུ་འཕོ་འགྱུར་སྣ་ཚོགས་བྱུང་ཡོད་པ་ནི་གོར་མ་ཆག་གོ ། གཤམ་དུ་ང་ཚོས་ལབ་ཙེའི་རིག་གནས་ཀྱི་ཐད་ལ་རྒྱུས་ལོན་རགས་ཙམ་བྱའོ། །


ལབ་ཙེ་ཞེས་པའི་གོ་དོན་

[རྩོམ་སྒྲིག]

ལབ་ཙེ་ཞེས་པའི་གོ་དོན་ལ་འགྲེལ་ཚུལ་ཅུང་མི་འདྲ་བ་ཡོད་དེ།《བོད་རྒྱ་ཚིག་མཛོད་ཆེན་མོ》དང་《དག་ཡིག་གསར་བསྒྲིགས》ལས“རི་རྩེ་དང་ཉག་གར་ཤིང་གི་མདའ་མདུང་སོགས་བསླངས་པའི་ཆོས་ལུགས་ཀྱི་ལྷ་ཐོ་ཞིག་གི་མིང་།” 《སྨོན་ལམ་ཚིག་མཛོད་ཆེན་མོ》ལས“རི་རྩེ་མཐོ་སར་རྡོ་ཡི་རྩིག་པ་བརྩིགས་ཤིང་དེའི་སྟེང་མདའ་བཙུགས་ཏེ་དར་མཚོན་སྣ་ལྔ་དང་བལ་གྱིས་རྨུ་ཐག་དཀྲིས་པའི་ཡུལ་ལྷ་གཞི་བདག་སོགས་མཆོད་ཅིང་བཀུར་བའི་རྟེན་ཞིག་གི་མིང་།” ཡོངས་འཛིན་དྲ་བ་ལས་“བོད་ཀྱི་ས་མཐོ་རི་གཙང་གི་རི་རྩེ་དང་ཉག་གའམ་སྐྱ་ལམ་སྒང་ཁ་རེ་ལ་བསྟད་ཡོད་པའི་མདའ་མདུང་གྲི་གསུམ་དང་སྐྱེར་བ། སྨ་ག་སོགས་ཀྱིས་གྲུབ་པའི་ཕོན་པོར་གནས་པའི་ལྷ་ཐོ་དེ་ལ་ལབ་ཙེ་ཟེར།” 《བོད་མིའི་ཡུལ་སྲོལ་གོམས་གཤིས》ལས་“རི་མཐོ་ས་ལ་ལྷ་གསོལ་བྱེད་དུ་བཞེངས་པའི་རྡོ་སྤུངས་དང་དར་ལྕོག མདའ་ཤིང་སོགས་ལྡན་པ་ཞིག་ལ་ཟེར་བ་དང་། གཞན་ལབ་ཙེའི་མིང་གཞན་ལ་གསས་མཁར་རམ་དཔའ་མཁར་ཞེས་འབོད་པའང་ཡོད། ལབ་ཙེ་ཞེས་པའི་དོན་ནི་གཞི་བདག་གི་ཕོ་བྲང་ངམ་ཡུལ་ལྷའི་ཕོ་བྲང་ཡིན། ཡང་ལབ་ཙེ་ཞེས་པའི་མིང་ལ་འབྲི་ཚུལ་མང་སྟེ། ལབ་ཙེའམ་ལ་བཙས། ལབ་རྩེ། ལ་རྩེ། བླ་ཙེ་སོགས་ཡོད་མོད། སྤྱིར་བཏང་ལབ་ཙེ་དང་ལབ་རྩེ་བཀོལ་བ་མང་།” ཡང་མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང》ལས་གཙང་སྙེ་མོའི་བཟང་རི་གྲོང་ཆོ་ལ་ཁྱོན་བསྡོམས་ལ་བཙས་ལྔ་འདུག་པ་དང་སྙེ་མོ་ཁུལ་དུ་ལ་བཙས་ལ་སྐབས་འགར་ལྷ་ཕེབས་ཞེས་ཀྱང་བརྗོད་ཅེས་དང་། ཇོ་ནང་ཏཱ་ར་ན་ཐའི་མྱང་ཆོས་འབྱུང་དང་དབལ་མང་པཎྜི་ཏས་ལབ་རྩེ་དང་ལ་བཙས་སོགས་སུ་བྲིས་ཡོད། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལབ་རྩེ་ནི་ལ་རྩེ་ཡིན་པར་འདོད་པ་དང་། དགེ་བཤེས་ཆོས་གྲགས་ཚིག་མཛོད་དུ་ལའི་རྩེ་ལ་ལབ་རྩེ་ཞེས་སྣང་། ཨ་ལགས་བོན་རྒྱས་གསུངས་པ་ལྟར་ན་ལབ་ཙེ་ནི་ཞང་ཞུང་གི་སྐད་དང་དོན་ནི་ཕོ་བྲང་ངམ་རྟེན་གནས་ཞེས་པ་ཡིན་ཞེས་དང་། ཡང་ལྡེའུ་ཆོས་འབྱུང་དུ། མཐོ་ལ་རྩས་ཀྱི་ལྷ་ཞེས་གླེང་ཡོད། དེ་མིན་བོད་ཀྱི་ལོ་རྒྱུས་སྔ་ཤོས་སུ་འབོད་པའི་རྦ་བཞེད་དུ། རྗེའི་བཀའ་སྩལ་ནི་བདུད་བས་གཉན། ཁྲིམས་ཀྱི་ལ་རྩེ་ནི་དགུང་ལས་མཐོ་ཞེས་བྲིས་ཡོད་པར་གཞིགས་ན་ལབ་ཙེ་དང་ལབ་བཙས། ལབ་རྩེ། ལ་རྩེ་སོགས་གང་ཡིན་ཡང་སྒྲ་དོན་ལ་ཁྱད་པར་ཆེན་པོ་མེད་པས་དུས་ཕྱིས་ཀྱི་སྐད་ལ་འགྱུར་བ་བྱུང་ཞིག་ཡིན་པར་འདོད། ལབ་ཙེ་ནི་གཙོ་བོ་མདའ་ཤིང་གིས་གྲུབ་པ་ཞིག་ཡིན་ཞིང་། རྩེ་ན་ཐིག་ལེ་བཀོད་པའི་ཤིང་སྒྲོ་ཡོད་པ་ནི་མདའ་སྒྲོའི་དོད་བྱས་པ་ཡིན་ཞིང་། མདའ་ཁ་ཅིག་ནི་རྩེ་མོ་རལ་གྲི་དང་མདུང་མགོ་བྱས་པ་ལ་སྐེད་དུ་རྒྱལ་མཚན་བཏགས་པ་ནི་དཔུང་གི་རུ་དར་གྱི་དོད་བྱས་པ་ཡིན་པར་སྣང་ངོ་། སྤྱིར་ལབ་ཙེ་ནི་ཡུལ་ལྷ་གཞི་བདག་ལ་མཚོན་ཆ་མདའ་གྲི་མདུང་གསུམ་སོགས་ཕུལ་བའི་མཆོད་པ་ཞིག་ཡིན།


ལབ་ཙེའི་བྱུང་ཚུལ

[རྩོམ་སྒྲིག]

དེ་ཡང་ལབ་ཙེ་ཐོག་མར་ཇི་ལྟར་བྱུང་བའི་ཐད་ལ་བཞེད་པ་མི་མཐུན་པ་མང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“དམར་པོའི་རིའི་ཁང་བརྩེགས་ཀྱི་རྩེ་ལ་མདའ་མདུང་གིས་བརྒྱན་པ་ད་ལྟ་བཙན་ཁང་གི་རྣམ་པ་དང་འདྲ་སེ་ཡིན། ལ་དང་རི་རྣམས་ཀྱི་རྩེ་ལ་ཡང་མདའ་མདུང་གི་ཕུང་པོ་བཙུགས་ཏེ་ལྷ་རྣམས་དེར་བཞུགས་པར་བྱེད། འབངས་ཁྱིམ་རྣམས་ཀྱི་སྒོ་ལ་ཡང་དར་མདུང་རེ་སློང་བ་འདི་ད་ལྟའི་བར་བོད་ཀྱི་རྟགས་ཡིན།”ཞེས་དང་། 《བོད་མིའི་ཡུལ་སྲོལ་གོམས་གཤིས》ཞེས་པ་ལས་“ལབ་ཙེ་ནི་བོད་ཀྱི་གནའ་སྔ་མོའི་འགྲིམ་འགྲུལ་དང་འབྲེལ་བ་དམ་པོ་ཡོད་དེ་བོད་མི་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་མང་ཆེ་བ་ནི་ས་མཐོ་ཞིང་རི་བོ་མང་བའི་ཁར་གནའ་བོའི་དུས་སུ་འགྲིམ་འགྲུལ་གྱི་ཆ་རྐྱེན་གཙོ་བོ་རྟ་དྲེལ་དང་མཛོ་གཡག་ཁོ་ནར་བརྟེན་དགོས་ཤིང་མི་མང་ཆེ་བ་ནི་རྐང་ཐང་ཁོ་ནར་འགྲོ་དགོས་རྐྱེན། ལ་རྒྱག་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། དེར་བརྟེན་ལ་རི་བརྒལ་ཚར་དུས་ལམ་སྐྱོད་ཀྱི་དཀའ་བ་གཅིག་བཅད་ཚར་བར་བརྩིས་ནས་ལ་ཡི་རྩེ་ལ་ཁྲལ་མཚོན་ཚུལ་དུ་རྡོ་གསར་རེ་བསྒྲུགས་ནས་དེའི་སྟེང་རང་གི་བཟའ་ཆས་གཙང་མ་ཕྲན་བུ་སྤུངས་ཏེ་འཇོག་སྲོལ་ཡོད། དེ་ལྟར་བྱེད་དོན་ནི་གཅིག་ནས་ལ་དེ་བདེ་གྲོལ་ངང་རྒྱག་ཐུབ་པར་རྟེན་འབྲེལ་དང་། གཉིས་ནས་ཟས་ཀྱིས་དབེན་པའི་ཐག་རིང་གི་འགྲུལ་བ་རྣམས་ལ་སྨན་པའི་དགེ་སེམས་བླ་ན་མེད་པ་ཞིག་ཡིན་རུང་། ཕྱིས་སུ་དེ་འཕོ་འགྱུར་བྱུང་ནས་རིམ་པས་རྡོ་ཕུང་ཆེན་པོ་ཆགས་ནས་དེའི་ཐོག་དར་ལྕོག་སོགས་བཙུགས་ཏེ་ལྷ་གསོལ་བའི་སྲོལ་ཞིག་ཆགས་པ་རེད”ཞེས་བཤད་ཡོད། བཤད་ཚུལ་གཞན་ཞིག་ནི་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་མི་མེད་ལུང་སྟོང་དུ་འབྲོག་པའི་རུ་བ་ལན་མང་ལ་སྤོ་སྣུར་བྱེད་དུས་འགྲོ་ལམ་མི་ནོར་བའི་ཆེད་དུ་རི་རྩེ་དང་ལ་ངོས་སོགས་སུ་རྟགས་མཚན་བཀོད་པ་ལས་རིམ་གྱིས་བྱུང་བ་ཡིན་པར་བརྗོད། ཡང་ལབ་ཙེ་རྩིག་སྲོལ་དེ་ཐོག་མར་ལྷ་མཆོད་འདྲེ་འདུལ་བྱེད་པའི་ཆོས་ལུགས་ཀྱི་བསམ་བློ་ལས་མྱུ་གུ་འབུས་ཤིང་། ས་གནས་ཕན་ཚུན་བར་གྱི་ས་རྩོད་ཆུ་རྩོད་འདུམ་འགྲིག་བྱུང་བ་དང་བསྟུན་ནས་གཤིན་པོ་རྣམས་ཀྱི་པུར་སྒྲོམ་ནང་དུ་བཅུགས་ནས་ས་ལ་སྦ་བ། རི་སྒང་དུ་འཇོག་པ། དེ་དག་གི་གཡུལ་ཆས་མདུན་དུ་བཙུགས་པ། དཔའ་བོ་དེ་ཚོ་འབངས་མི་དང་རི་སྡེའི་ཆེད་དུ་ཤི་བས་ལོ་རེར་རྗེས་དྲན་བྱེད་པ། རིམ་བཞིན་ཁོང་ཚོའི་རྣམ་ཤེས་དེར་གནས་ཡོད་པའི་དག་སྣང་དང་བཅས་ལབ་ཙེ་རྩིག་པའི་སྲོལ་བྱུང་བར་བཤད། དོར་ཞི་རིན་པོ་ཆེས་ཀྱང་“བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ལ་ཡུལ་ལྷ་གཞི་བདག་གིས་འབོད་ཅིང་། ལབ་ཙེ་བསྟོད་པ་དང་བསང་གཏོང་ཀིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན། དམག་དཔོན་དང་རུས་ལྷ་ཞེས་པ་རང་གི་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ། མི་རིགས་གཞན་པས་རང་གི་མེས་པོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་སྟེང་དུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་ཀྱིས་རི་བོ་རྣམས་ལ་མེས་པོ་དག་གི་མིང་བཏགས་ནས་བསྐལ་བའི་བར་དུ་མི་བརྗེད་པར་བྱས་པ་པ་རེད།” ད་དུང་དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་ལབ་ཙེ་ཡི་ཐོག་མ་ནི་བོད་རང་གིས་གནའ་སྔ་མོར་རྒྱལ་མཚམས་དང་སྡེ་བ་ཚོ་བའི་བར་ས་མཚམས་འབྱེད་བྱེད་དུ་བཙུགས་པའི་རྟགས་དེར་རིམ་བཞིན་འཕོ་འགྱུར་བྱུང་ནས་ད་ལྟའི་ལབ་ཙེ་འདི་བྱུང་བ་ཡིན་ཞེས་ཀྱང་བཤད་སྲོལ་འདུག་སྟེ། གཞན་ཡང་ལབ་ཙེ་བསྟོད་པའི་སྲོལ་འདི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཐོག་མར་བཙུགས་པ་ཡིན་ལ། ཕྱིས་སུ་སློབ་དཔོན་པདྨ་འབྱུང་གནས་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པས་དར་རྒྱས་སུ་བཏང་བར་བརྗོད། གོང་གི་བཤད་ཚུལ་འདི་དག་ལས་ལབ་ཙེ་ནི་དུས་ཡུན་ཐུང་ངུའི་ནང་བྱུང་བ་ཞིག་མིན་པར་བོད་ཀྱི་སྤྱི་ཚོགས་སུ་གོ་རིམ་ངེས་ཅན་ཞིག་དང་བསམ་བློའི་འདུ་ཤེས་མཐོན་པོ་ཞིག་བརྒྱུད་དེ་བྱུང་བ་ཤེས་ཐུབ་པ་མ་ཟད། ལབ་ཙེ་འདི་གནའ་སྔ་མོའི་དུས་ནས་བྱུང་ཡོད་པའང་རྟོགས་ཐུབ་ལ། ཐོག་མར་རང་བྱུང་ཁམས་ལ་དད་གུས་བྱེད་པའི་སྣང་ཚུལ་ཞིག་ནས་རིམ་བཞིན་མིའི་བསམ་བློ་དང་ཤེས་རྟོགས་ལ་འཕེལ་འགྱུར་བྱུང་སྟེ་ད་ལྟའི་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་གྱུར་བར་འདོད་དོ། ། ཁོ་བོས་བསམ་ན་ལབ་ཙེ་ནི་གནའ་བོའི་བོན་ཆོས་ལས་བྱུང་བར་འདོད་དེ། རྒྱུ་མཚན་ལབ་ཙེ་བསྟོད་དུས་ལབ་ཙེ་ལ་དམུ་ཐག་འཐེན་པ་དེ་ལས་ཤེས་ཏེ། མཁས་དབང་མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང》ལས“དམུ་ཐག་ཅེས་པ་དེ་དང་གནའ་བོའི་བོད་ཀྱི་རྒྱལ་པོའི་འབྱུང་ཁུངས་གཉིས་དབར་འབྲེལ་བ་ལྡན་པ་ཞིག་ཡིན། དེ་ཡང་དམུ་ཐག་དེ་ནི་འོད་ཀྱི་བདག་ཉིད་ཅན་ཞིག་ཡིན་ལ། སྔར་བོད་ཀྱི་བཙན་པོ་ཉིད་གྲོངས་རྗེས་གང་དེའི་ཕུང་བོ་ཉིད་དེ་ལ་ཐིམས་ནས་མཁའི་དབྱིངས་སུ་ཡལ་ཚུལ་དང་། འོད་དེ་བཞིན་དམུ་ཐག་དང་འགྲོགས་ནས་དམུ་ཞེས་པའི་ལྷ་ཡི་ཞིང་ཁམས་ལ་གཤེགས་འགྲོ་ཞེས་ཟེར་སྲོལ་ཡོད། བོད་བཙན་པོའི་མེས་པོར་བརྗོད་པའི་ལྷ་རྣམས་ལ་མཚམས་རེ་དམུ་དང་མཚམས་རེ་ཕྱཱ་ཞེས་ཟེར་སྲོལ་ཡོད་ལ། དམུ་ཐག་དང་བཙན་པོའི་མེས་པོའི་ལོ་རྒྱུས་བར་འབྲེལ་བ་དམ་ཟབ་ཅིག་མཆིས།” ཞེས་འཁོད་ཡོད། གཞན་ཡང་《དུང་དཀར་ཚིག་མཛོད་ཆེན་མོ》ལས“དམུ་ཐག་ཅེས་པ་ནི་བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་དུ་སྟེང་ལྷ་ཡུལ་དང་མི་ཡུལ་བར་ཡར་མར་བསྐྱོད་ཐུབ་པའི་བརྒྱུད་ལམ་འཇའ་སྐས་སམ་ཐག་སྐས་ལྟ་བུ་ཞིག་ཡོད་ཅིང་། བོད་ཀྱི་རྒྱལ་པོའམ་བཙན་པོ་དང་པོ་གཉའ་ཁྲི་བཙན་པོ་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་མི་ཡུལ་དུ་བབ་པ་ཞིག་ཡིན་ལ། བོད་རྒྱལ་དང་པོ་དེ་དང་། གཉིས་པ་མུ་ཁྲི་བཙན་པོ། གསུམ་པ་དིང་ཁྲི་བཙན་པོ། བཞི་པ་སོ་ཁྲི་བཙན་པོ། ལྔ་པ་མེར་ཁྲི་བཙན་པོ། དྲུག་པ་གདགས་ཁྲི་བཙན་པོ། བདུན་པ་སྲིབ་ཁྲི་བཙན་པོ་བཅས་གནམ་གྱི་ཁྲི་བདུན་ཞེས་པ་དེ་དག་ཚང་མ་འདས་ཁར་དམུ་ཐག་གམ་དམུ་སྐས་དེ་བརྒྱུད་ནས་གནམ་དུ་(ལྷ་ཡུལ)གཤེགས་ནས་ས་སྟེང་དུ་བང་སོ་མེད་ཟེར།” མཁས་དབང་མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང》དང་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེས་བརྩམས་པའི་《བོད་ཀྱི་མདའི་རིག་གནས་ལ་དཔྱད་པ་བློ་གསལ་གཞོན་ནུའི་དགའ་སྟོན》དུ་“ལབ་ཙེ་གསར་བར་གཏེར་བུམ་ལ་སོགས་པའི་རྨང་འདིང་དུས། མདའ་ཞིག་དང་འཕང་ཞིག་བལ་ཐིག་དཀར་པོས་དཀྲིས་ནས་དེའི་གཏིང་རིམ་དུ་སྦ་བར་བྱེད། ང་ཚོས་ཤེས་གསལ་ལྟར་བོན་ལུགས་ལྟར་ན་མདའ་ནི་སྐྱེས་པ་ཕོ་དང་འཕང་ནི་བུད་མེད་ཀྱི་མཚོན་བྱེད་ཡིན་ཞིང་། བོད་གནའ་རབས་ཀྱི་ཆོ་གའི་གཏམ་རྒྱུད་དང་འདོན་ཆོག་མང་པོ་ཞིག་ན་མདའ་འཕང་གཅིག་འདུས་བྱུང་བ་ལས་ཕོ་མོའི་མཉམ་སྡེབ་མཚོན་པ་ཡིན” ཞེས་འཁོད་པ་འདི་ལས་ཀྱང་ལབ་ཙེ་བསྟོད་པའི་ཆོ་ག་འདི་གནའ་བོའི་བོན་ཆོས་ལས་དར་བར་འདོད་པ་ཡིན། ཡང་ལབ་ཙེ་ཞེས་པ་ནི་ཞང་ཞུང་སྐད་གི་སྐད་ཡིན་ཞིང་། དེ་ནི་སྣོད་ལ་འཇུག་པ་དང་། ཕོ་བྲང་ངམ་མཁར། སྣོད་དམ་རྟེན་གཞི། དེ་འདུག་ས་ཡིན་པར་གསལ། སྟག་རིག་རྟ་མགྲིན་རྒྱལ་གྱིས་བྲིས་པའི་《ལབ་ཙེ་ལ་འབོད་སྲོལ་འགའ་བྱུང་བ་རྣམས་ཀྱི་དོན་ལ་དཔྱད་པ》ལས“ དེ་ལྟར་ལབ་ཙེ་ལ་ཡུལ་ཐ་དད་པ་དང་མི་རིགས་མི་འདྲ་བའི་རིག་གནས་ཁྲོད་གོང་མཚུངས་ཐ་སྙད་མང་བོ་སྦྱར་ཡོད་ན་ཡང་དེའི་མཐར་ཐུག་གི་འཇུག་དོན་ནི་དེང་སང་ཕོ་བྲང་ངམ་བཞུགས་མཁར་བསྟན་ཡོད་པ་ལྟར། ཁོ་བོས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལབ་ཙེ་བརྒྱ་དང་ཉི་ཤུའི་ལོ་རྒྱུས་ལ་བརྟག་མཐར་དེར་ཚིག་ཟིན་དུ་གཞི་བདག་གི་རྟེན་མཁར་ཡིན་པར་གསལ་ཁ་ཐོན་མེད་པ་བཞི་བཅུ་ཞེ་བདུན་ཙམ་ཡོད་པ་མ་གཏོགས། དེ་བྱིངས་ལབ་ཙེ་བདུན་བཅུ་དོན་གསུམ་ཚང་མ་ཡུལ་ལྷ་གཞི་བདག་གི་གནས་ཁང་དུ་བརྩིགས་ཡོད་པ་མཐོང་བས་ལབ་ཙེ་ལ་འབོད་སྟངས་འགའ་བྱུང་བ་རྣམས་ཀྱི་དོན་དང་ད་ལྟའི་གནས་ཚུལ་གང་ནས་དཔྱད་ཀྱང་ལབ་ཙེ་ནི་གཞི་བདག་གི་ཕོ་བྲང་དུ་བྱས་ཡོད་པ་ལ་ཐེ་ཚོམ་ཅི་ཡང་མེད་དོ། །”


ལབ་ཙེའི་རིགས་དབྱེ་

[རྩོམ་སྒྲིག]

སྤྱིར་ལབ་ཙེ་ལ་བསྟོད་ཡུལ་གྱི་སྒོ་ནས་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་དུ་བཀར་ཡོད་ལ། རི་ཡི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་། རི་ཡི་སྐེད་ནས་བརྩིགས་ན་ལབ་ཙེ།རི་ཡི་འདབས་སུ་བརྩིགས་ན་དཔའ་མཁར་ཟེར་པའི་སྲོལ་བྱུང་བ་རེད། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི《ལབ་ཙེ་མཆོད་མཆོག》ཏུའང་“བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་། འཕན་པའི་ལབ་ཙེ་རི་ཡི་ཁལ་ཁ་སྟེ། ཕྱུག་པའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས་”ཞེས་དང་། དེ་ལས་གཞན་ལབ་ཙེ་ལ་མི་སྒེར་གྱི་ལབ་ཙེ་དང་ཚོ་བའི་ལབ་ཙེ། བྱིས་པའི་ལབ་ཙེ། སྡེ་བའི་ལབ་ཙེ། ཡུལ་ཕྱོགས་ཀྱི་ལབ་ཙེ། གླིང་རྗེ་གེ་སར་རྒྱལ་པོའི་མཛད་འཕྲིན་རྗེས་དྲན་གྱི་ཆེད་དུ་གེ་སར་ལབ་ཙེ་དང་སེང་ཆེན་ལབ་ཙེ་སོགས་ཡོད། གནའ་བོའི་ལབ་ཙེ་ལ་དབྱེ་ན་འབྲོང་མགོའི་ལབ་ཙེ་དང་། ཤྭ་རའི་ལབ་ཙེ། སྤེན་མའི་ལབ་ཙེ་སོགས་རིགས་མི་འདྲ་བ་གསུམ་ལྷག་བཤད་ཡོད་ནའང་། ད་ལྟའི་བོད་ས་གནས་སུ་བསྟད་པའི་ལབ་ཙེ་ནི། མདའ་མདུང་གྲི་གསུམ་དང་། ཁ་རྒྱན་དང་རྩེ་རྒྱ། རྨུ་ཐག་སོགས་ཀྱིས་མཉམ་དུ་དཀྲིས་ནས་བསྟོད་པའི་སྲོལ་ཡོད་ལ། འདི་ཡང་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ཅིག་ཡིན་པར་འདོད། མི་རྣམས་ཀྱིས་བགེགས་གདོན་བར་ཆད་སེལ་བ་དང་། ཚེ་ཐག་རིང་བ། ལོ་ལེགས་འབྱུང་བ། སྦྲུམ་མར་བུ་སྐྱེས་པ། བསམ་དོན་འགྲུབ་པ་སོགས་ཀྱི་དམིགས་ཡུལ་མི་འདྲ་བ་ལ་བརྟེན་ནས་ལབ་ཙེ་བརྩིགས་ཚུལ་སོགས་ལའང་རིགས་མི་འདྲ་བ་མང་པོ་བྱུང་བ་རེད།


ལབ་ཙེ་བརྩིགས་པ་དང་བསྟོད་ཚུལ་

[རྩོམ་སྒྲིག]

ལབ་ཙེ་བརྩིགས་པར་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་མང་པོ་ཞིག་རིམ་པར་བརྒྱུད་དགོས་ཏེ། ཐོག་མར་ས་ལ་བརྟག་པ་དང་། དེའི་རྗེས་ས་སློང་བ།ས་སྦྱང་བའམ་འདུལ་བ། ལབ་ཙེ་བཅའ་བ། དེ་ནས་ལབ་ཙེ་བརྩིགས་པ་བཅས་སོ། ཐོག་མར་ས་ལ་བརྟག་པར་ཡང་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དགེ་བའི་ཉིན་ཞིག་བདམས་ཏེ། ས་དཔྱད་ཀྱི་གཞུང་ལྟར། ས་དཔྱད་ལ་མཁས་པའི་བླ་མ་སོགས་གདན་དྲངས་ས་དཔྱད་བྱས་རྗེས་གཞི་བདག་སོགས་ལ་གཏོར་མ་དང་ལྷ་བསང་གཏོང་བ། སྔགས་བཟླ་བ་སོགས་བྱེད་པ་ཡིན། དེའི་འཕྲོ་ནས་ཆོ་ག་རིམ་པ་གཉིས་པ་སྟེ་ས་སློང་བ་ཡིན། གདན་ཞུ་ལག་ལེན་པ་རྣམ་པས་ས་དེ་ལ་གནས་པའི་གཞི་བདག་ལ་གནང་བ་ཞུས་ཏེ་ས་སློང་བའི་ཆོ་ག་སྒྲུབ་པ་ཡིན། ཆོ་ག་རིམ་པ་གསུམ་པ་ནི་ས་སྦྱང་བའམ་ས་འདུལ་བ་ཡིན། ཆོ་ག་འདིའི་ནང་ལག་ལེན་པ་དང་བཟོ་བཀོད་པའི་བཀོད་སྒྲིག་ལྟར་ལབ་ཙེ་བཅའ་སའི་སའི་ཆེ་ཆུང་ཅི་ཙམ་དགོས་པ་ཚད་འཇལ་ནས་འོས་ཤིང་འཚམ་པའི་ས་རྐོ་བ་ཡིན། ཆོ་ག་རིམ་པ་བཞི་པ་ནི་ལབ་ཙེ་བཅའ་བ་ཡིན། 《ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར》ལས་“ལབ་ཙེ་བཅའ་བ་ལ་གཙོ་བོ་ཀླུ་གཏེར་གྱི་བུམ་པ་བཅའ་བ་དང་། ས་གཏེར་གྱི་བུམ་པ་བཅའ་བ། སྲོག་ཤིང་བཅའ་བ་བཅས་ཆོ་ག་རིམ་པ་མང་པོ་བརྒྱུད་དགོས་པ་ཡིན། ལབ་ཙེ་ནི་གཙོ་བོ་མདའ་ཤིང་དང་རྩེབ་བརྒྱ་རྨུ་ཐག་བཅས་ཀྱིས་གྲུབ། མདའ་ཤིང་གི་རྩེར་སྤྱིར་ཐིག་ལེ་བཀོད་པའི་ཤིང་སྒྲོ་ཡོད་ཅིང་རལ་གྲི་དང་མདུང་མགོ་ཅན་དུ་བྱས་པའང་ཡོད། དེ་དག་གིས་རུ་དར་གྱི་དོད་བྱས་པ་ཡིན། ལབ་ཙེ་གང་ཞིག་ཐོག་མར་བསྟོད་སྐབས་ལབ་ཙེ་བསྟོད་སའི་གནས་དེར་གཏེར་རྒྱག་དགོས་ཤིང་གཏེར་རྫས་ལ་ནས་འབྲས་གྲོ་ཏིལ་ལ་སོགས་པའི་འབྲུ་སྣ་གང་རྙེད་བསགས་པའི་བུམ་པ་དང་། གསེར། དངུལ། མུ་མེན། མུ་ཏིག གཡུ། བྱུ་རུ། དུང་། ཟངས། རག་སོགས་རིན་པོ་ཆེའི་རིགས་ཀྱིས་བསགས་པའི་བུམ་པ། ཇ་མར་དང་ཤ་ཐུད། ཀ་ར། བུ་རམ། སྦྲང་རྩི། ཤིང་ཏོག་སོགས་ཟས་རིགས་ཀྱི་བུམ་པ། ཁྱི་ཕག་དང་བོང་བུ་མ་གཏོགས་པའི་རྟ་ནོར་ལུག་གསུམ་ལ་སོགས་པའི་སེམས་ཅན་གྱི་སྤུ་རྙེད་ཚད་ཙམ་བསགས་པའི་བུམ་པ། གོས་དར་དང་སྨན་སྣའི་རིགས་སོགས་བཀྲ་ཤིས་པའི་རྫས་རྙེད་ཚད་བསགས་པའི་བུམ་པ་སོགས་ཀྱི་མཐའ་རུ་མདའ་མདུང་གྲི་གསུམ་གྱིས་བསྐོར་བ་སོགས་རྒྱལ་པོ་ཞིག་ལ་དགོས་པའི་ཡོ་བྱད་ཚང་དགོས་པ་ཞིག་རེད། བསྟོད་ཆོག་ལས། “ལབ་ཙེ་འདི་ཡི་རྩེ་མོ་རུ། ། བླ་མ་ཡི་དམ་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་སྐེད་པ་རུ། ། ཆོས་སྐྱོང་སྲུང་མ་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་རྩ་བ་རུ། ། ས་བདག་ཀླུ་གཉན་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་ཕོ་བྲང་དུ། ། གཉན་རིགས་འཁོར་བཅས་བཞུགས་སུ་གསོལ། །” གསུངས་པ་ལྟར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོ་ལ། གསོམ་ཤིང་སྨྱུག་མ་སྤེན་མ་སོགས་རྩེ་མོ་རལ་གྲི་དང་མདུང་མགོ་བྱས་པ་ལ་སྐེད་དུ་རྒྱལ་མཚན་བཏགས་པ་ནི་དཔུང་གི་རུ་དར་གྱི་དོད་བྱས་པ་ཡིན་ལ། ལབ་ཙེའི་མདའ་ཤིང་ནི་གསོམ་དཀར་དང་སྨྱུག་མ་སོགས་དྲང་ཞིང་གཙང་བ་ཞིག་ཡིན་དགོས་པ་གཞིར་བཅས། རིང་ཐུང་སོགས་ནི་མ་ངེས་པ་སྣ་ཚོགས་ཏེ་ཆེ་ཞིང་རིང་བའི་རིགས་ནི་མདའ་གཅིག་སྐྱེ་བོ་གྱད་སྟོབས་རྫོགས་པ་བཞི་ནས་དྲུག་བར་གྱིས་འདེགས་ཐུབ་ཙམ་ལྟ་བུ་ཡོད་པ་དང་། ཆུང་ཤོས་ནི་སྦོམ་ཕྲ་ལག་ངར་ཙམ་ལ་རིང་ཚད་ཁྲུ་བརྒྱད་ཡས་མས་ཡོད་པ་ལ་སྐེད་དུ་དར་ཚོན་སྣ་ལྔའི་ལྷ་དར་བཏགས་ཏེ་འབུལ་བ་ནི་མཚོན་འབུལ་གྱི་མཆོད་པ་དང་། སྟག་པ། ཤུག་པ། ཉ་ཕྲུག་སོགས་ལ་བལ་དཀར་གྱིས་བརྒྱན་ཏེ་འབུལ་བ་ནི་དྲེག་པ་མཐུ་བོ་ཆེ་རྣམས་ཀྱི་ངོ་སོ་བསྟོད་པའི་རྟེན་འབྲེལ་དུ་འབུལ་བ་ཡིན། ” ལབ་ཙེ་བསྟོད་པ་ལའང་གོང་ནས་བརྗོད་པ་ཇི་བཞིན་ཆོ་ག་ཕྱག་ལེན་དང་རྫས་སྣ་མང་དུ་ཡོད་པ་ཡིན། ཆོ་ག་ཕྱག་ལེན་དེ་དག་ལས་ཞི་རྒྱས་དབང་དྲག་སོགས་མཚོན་པ་ཡིན། མདའ་གྲི་མདུང་གསུམ་གྱི་ཤིང་མཚོན་དེ་དག་རེ་རེ་བཞིན་ལབ་ཙེའི་ནང་བཞག་ཚར་རྗེས་དམུ་ཐག་འཐེན་པ་ཡིན། དེང་སང་གོས་སྣ་ཚོགས་ཀྱིས་དཀྲིས་བར་བྱེད་པའང་ཡོད། དེའི་རྗེས་རབ་གནས་བྱས་ཚར་རྗེས་ལྷ་བསང་གཏོང་བ་དང་། བསང་འབོད་བྱེད་པ། དུང་འབུད་པ། ཤོག་སྦག་རྒྱག་པ། ངག་ནས་ལྷ་རྒྱལ་ལོ་ཞེས་འབོད་ཞོར་རླུང་རྟ་གནམ་ལ་སྤུར་བ་སོགས་བྱེད་པ་ཡིན། རབ་གནས་བྱས་རྗེས། དགུང་ནས་བྱ་རྒོད་འཁོར་ན་དགྲ་ལྷ་འཁོར་བའི་ལྟས་དང་། ཆར་བ་བབས་ན་ཁྲུས་གསོལ་གནང་བའི་ལྟས། འཇའ་ཚོན་ཤར་ན་གཞི་བདག་དགའ་བའི་ལྟས་སུ་བཤད་ཚུལ་ཡོད། ལབ་ཙེའི་བསྟོད་ལུགས་ལའང་ཧ་ཅང་མང་མོད། འདིར་རགས་བསྡུས་ཙམ་བཤད་ན་ལབ་ཙེ་བསྟོད་པ་ནི་དུས་བཟང་སྐལ་བཟང་གི་ཉིན་མོ་ཞིག་ལ་གཏན་ཁེལ་བྱེད་པ་ཡིན། འདི་ལ་ས་གནས་རེ་རེ་མི་འདྲ་སྟེ། ལ་ལས་ལོ་གཅིག་ཏུ་ཐེངས་གཉིས་རེར་བསྟོད་པ། དགུན་གྱི་དུས་སུ་གནམ་ལོ་གསར་བའི་ཚེས་གཅིག་ལ་བསྟོད་པ་དང་ཚེ་གསུམ་ལ་བསྟོད་པ། ཚེ་ལྔ་ལ་བསྟོད་པ། ཚེས་བཅུ་ལ་བསྟོད་པ། ཚེས་བཅོ་ལྔ་ལ་བསྟོད་པ་སོགས་འདྲ་མིན་སྣ་ཚོགས་ཡོད། དབྱར་གྱི་དུས་ལ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་བསྟོད་པ་སོགས་ཡོད། ལབ་ཙེ་བསྟོད་པའི་ཉིན་དེར་སྐྱེས་པ་རྣམས་སྔ་མོ་ནས་མལ་ལས་ལངས་ཤིང་། རང་ལུས་གཙང་མར་བྱས་ཏེ་གོན་པ་གསར་བ་གྱོན་ཤིང་མདའ་ཤིང་དང་། དར་ལྕོག བསང་རྫས་སོགས་ཁྱེར་ཏེ་རང་གི་སྐྱེས་ལྷ་གནས་སར་ལབ་ཙེ་བསྟོད་པར་འགྲོ་བ་ཡིན། ལབ་ཙེ་བསྟོད་པར་མདའ་གྲི་མདུང་གསུམ་ལས་གཞན་སྟག་པའི་ཡལ་ག་དང་སྐྱེར་བ་སོགས་ཤིང་ཕྲན་རིགས་ལབ་ཙེའི་ནང་བསྟོད་པ་ཡིན། ཡིན་ཡང་དེང་གི་ཆར་སྟག་པ་དང་སྐྱེར་བའི་ཤིང་ཕྲན་རིགས་ལབ་ཙེའི་ནང་བསྟོད་པ་སྔོན་ལས་ཉུང་དུ་ཕྱིན་འདུག ལབ་ཙེའི་ནང་དུ་མདའ་མདུང་གྲི་གསུམ་སོགས་བཞག་ཚར་རྗེས་རྨུ་ཐག་གིས་དམ་པོར་འགྱིགས་པ་དང་རྨུ་ཐག་གི་མཚམས་རེར་མདུད་པ་དང་བལ་གྱི་ཙོར་ལོ་སྤྲད་པ་ཞིག་ཡིན། བཤད་ཚུལ་ལ་ལབ་ཙེར་རྨུ་ཐག་འཐེན་པ་ནི་དེར་གནས་པའི་གཞི་བདག་རྣམས་ལྷ་ཡུལ་དང་མི་ཡུལ་དུ་བགྲོད་བྱེད་ཀྱི་ཐེམ་སྐས་ཡིན་པར་བཤད། ས་ཆ་ལ་ལར་ལབ་ཙེ་བསྟོད་པའི་ཉིན་དེར་ཡུལ་དེའི་སྐྱེ་ཕོ་མོ་རྒན་གཞོན་ཐམས་ཅད་འཛོམས་ཏེ་ཉིན་གང་བོར་ཟས་གང་ཞིམ་གང་བཟང་བཟའ་ཞོར་གླུ་དང་གར་ལ་རོལ་ནས་སྤྲོ་གསེང་གཏོང་བའི་སྲོལ་ཡོད་དོ། །


ལབ་ཙེ་་བསྟན་པའི་ཕན་ཡོན་

[རྩོམ་སྒྲིག]

ལབ་ཙེ་བསྟད་པའི་ཕན་ཡོན་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས།“ རྒྱལ་བོའི་ལབ་ཙེ་རི་རྩེར་བརྩིགས། ། རྒྱལ་སྲིད་ཆོས་བཞིན་དར་བ་དང་། ། སྲིད་ཞི་ཕྱོགས་བཞིར་བསྟན་པར་མཛད། ། བཙན་པོའི་ལབ་ཙེ་གོང་ཁར་བརྩིགས། ། བཙན་ཕྱུག་འཕན་གསུམ་འཛོམས་པ་དང་། ། ཐབས་ཤེས་གཟི་དཔང་རྒྱས་པར་མཛད། ། རྨང་བོའི་ལབ་ཙེ་ཁེལ་ཀར་བརྩིགས། ། རྨང་བོའི་མི་རྒྱུད་གྲོལ་བ་དང་། ། མི་ནོར་ཟས་གསུམ་འཕེལ་བར་མཛད། ། ཡུག་པོའི་ལབ་ཙེའི་འཕྲང་ཁར་བརྩིགས། ། མི་ནད་ཡམས་ནད་ཆད་པ་དང་། ། བདེ་སྐྱིད་དགེ་བ་རྒྱས་པར་མཛད། ། ”ཅེས་གསུངས་པ་ལྟར་རོ། ། ཡང་《གཏེར་བུམ་སྦ་ཚུལ་དང་ལ་བརྩེ་བརྩིག་ཚུལ་ལག་ལེན་འདོད་དགུའི་དཔལ་འབྱོར་འབྱུང་བའི་གཏེར་ཆེན》ཞེས་པ་ལས། “ལ་བརྩེ་བརྩིག་པའི་ཕན་ཡོན་ནི། གོང་རྩིས་འཕྲུལ་གྱི་རྒྱལ་པོས། སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་ཚུལ་དར་བ་དང་། རྒྱལ་པོའི་སྐུ་ཚེ་རིང་བ་དང་། བློན་པོ་རྣམས་ཀྱི་ཁམས་བདེ་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། དམངས་རྣམས་ཀྱི་བུ་ཚ་འཕེལ་བ་དང་། དབུལ་བོ་རྣམས་ཀྱིས་ནོར་རྙེད་པ་དང་། རེས་སམ་དང་ན་ཚ་མེད་པར་འབྱུང་བ་དང་། ལོངས་སྤྱོད་འཕེལ་བ་སོགས་དང་། ཡུལ་མཁར་གསར་དུ་འཛིན་པ་དང་། ཞིང་གི་ལས་བྱེད་པ་དང་། དམག་དྲངས་པ་དང་། མདོས་གླུད་དང་། ཟོར་འཕེན་པ་དང་། བག་མ་བསུ་སྐྱེལ་བྱེད་པ་དང་། ཐོག་དང་སེར་བ་འགོག་པ་དང་། གསོ་བ་དང་སྒོམ་པ་དང་། སྒྲུབ་པ་དང་། ཉན་བཤད་བྱེད་པ་སོགས་པ་རྣམས་ཀྱི་དུས་སུ་ལ་བརྩེ་བརྩིགས་པར་གསུངས་སོ། །” སྤྱིར་ཆོས་ལུགས་ཀྱི་ཆོ་ག་གང་ལ་མཚོན་ཡང་དམིགས་ཡུལ་ཅི་ཡང་མེད་པར་སྒྲུབ་པ་ཞིག་གཏན་ནས་མིན་པར་མི་རྣམས་ཀྱི་རང་རང་གི་འདོད་དོན་གང་ཞིག་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་ཡིན། དེ་བཞིན་ལབ་ཙེ་བསྟོད་པ་འདིར་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་དེ། ལབ་ཙེར་མཆོད་པ་ནི་ས་དེའི་གཞི་བདག་གམ་ཡུལ་ལྷ་གང་ལ་མདའ་གྲི་མདུང་གསུམ་སོགས་ཀྱིས་མཆོད་པ་བཤམས་ཏེ་ཚེ་འདིའི་བྱ་བཞག་གང་ཞིག་འགྲུབ་པའི་ཆེད་ཡིན་ཏེ། དཔེར་ན། དེང་གི་དུས་སློབ་མ་རྣམས་ཀྱིས་འབྲིང་རྒྱུགས་དང་མཐོ་རྒྱུགས།དེ་ལས་གཞན་ལས་ཞུགས་སུ་རྒྱུགས་བདེ་བླག་ཏུ་འཕྲོད་ཆེད་དང་། ཚོང་བ་རྣམས་ཀྱིས་ཚོང་ལས་གཉེར་ནས་རྒྱུ་ཐོག་ཏུ་རྒྱག་པ། ཁྱིམ་ཚང་གི་དོན་ཆེན་འགྲུབ་པའི་ཆེད། བུ་རབས་ཚ་རྒྱུད་འཕེལ་བ། ཞིང་ལ་ལོ་ལེགས་འབྱུང་པ། ཕྱུགས་ཀྱི་འཕེལ་ཁ་དར་བ། གདོན་བགེགས་བར་ཆད་སེལ་བ། མདོར་ན་རྒན་པ་རྣམས་ཀྱི་ཚེ་ཐག་རིང་ཞིང་། གཞོན་པ་རྣམས་ཀྱི་བསམ་དོན་འགྲུབ་པའི་ཆེད་དུ་ཡིན་པ་ལས་ཚེ་ཕྱི་མའི་དོན་དུ་མིན་པ་ཤེས་དགོས་སོ། ། རྒྱུ་མཚན་ཡུལ་ལྷ་གཞི་བདག་ཆོས་སྐྱོང་སྲུང་མ་མང་པོ་ནི་འཇིག་རྟེན་པའི་ལྷ་ཡིན་པས་དེ་དག་ནི་སངས་མ་རྒྱས་པའི་རིགས་ཏེ། འཇིག་རྟེན་པ་ཟེར་དོན་ཡང་མཐོང་ལམ་ཙམ་ཡང་མ་ཐོབ་པས་ནའོ། ། དཔེར་ན་ལྷའམ་གཞི་བདག་ལྟ་བུའོ། ། ཡང་ན། མདོ་སྨད་ཕྱོགས་ཀྱི་རྨ་ཆེན་གངས་རི་ལྟ་བུའོ། ། རྗེ་ཙོང་ཁ་བ་དབུས་ལ་ཕེབས་དུས། ཨ་མྱེས་རྨ་ཆེན་གྱིས་རྟག་པར་ཕེབས་སྐྱེལ་མཛད་ཅིང་། རྗེ་བླ་མའི་གསོལ་ཐབ་པའི་རྣམ་པ་བཟུང་ནས་ལམ་རིང་བོར་ཁོང་ལ་བཞེས་པ་དང་འཚོ་བ་སྦྱར། དབུས་སུ་འབྱོར་རྗེས། ཨ་མྱེས་རྨ་ཆེན་གྱིས་རྟག་པར་རྗེ་བླ་མའི་སློབ་གཉེར་ལ་མཐུན་རྐྱེན་དང་སྡོངས་གྲོགས་མཛད། ཕྱིས་སུ། རྗེ་ཙོང་ཁ་བས་དགའ་ལྡན་དགོན་པ་ཕྱག་བཏབ་རྗེས། དགོན་པའི་ཕྱི་ལོགས་སུ་དེ་ལ་ལྷ་ཁང་བཞེངས་ཤིང་། མི་རྣམས་དེར་སོང་ནས་གསོལ་མཆོད་འབུལ་བ་ཡིན། ཅིའི་ཕྱིར་ཕྱི་ལོགས་སུ་བཞེངས་པ་ཡིན་ནམ་ཞེ་ན། དེ་ནི་ཁོ་རང་འཇིག་རྟེན་པའི་ལྷ་ཡིན་པའི་རྒྱུ་མཚན་གྱིས་ཡིན། དེའི་རྐྱེན་གྱིས་དགོན་པའི་ནང་དུ་འཛུལ་བའི་སྐབས་མེད་པ་རེད། ཁོ་རང་འཇིག་རྟེན་པའི་ལྷ་ཡིན་པས་མཆོག་གསུམ་གྱི་ཁོངས་སུའང་མི་གཏོགས་པ་ཡིན་ཞེས་བརྗོད། དེ་བས་འཇིག་རྟེན་པའི་ལྷ་སྟེ་ཡུལ་ལྷ་གཞི་བདག་ལ་ཚེ་འདིའི་འཕྲིན་ལས་བཅོལ་པ་ལས་སྒོ་གསུམ་གྱིས་ཕྱག་བྱས་ཏེ་མཐར་ཐུག་གི་སྐྱབས་གནས་སུ་འཛིན་མི་རུང་བར་གསུངས། དོན་དངོས་སུ་ཐོག་ལབ་ཙེ་བསྟོད་པ་ནི་མི་རང་ཉིད་དམ་ཡུལ་ལུང་ཞིག་གི་ཆེད་དུ་གང་དེའི་ཡུལ་ལྷ་གཞི་བདག་དེར་མཆོད་པ་བཤམས་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་རེད། སེམས་ཁམས་ཀྱི་ཆ་ནས་བཤད་ན་མི་སུ་ཞིག་གིས་ཡིད་ལ་བརྣགས་པའི་འདོད་དོན་གང་ཞིག་གི་སྨོན་ལམ་བཏབ་པ་ན། རང་ཉིད་ལ་སེམས་ཤུགས་དང་སེམས་ཁམས་སྙོམས་སྒྲིག་ཐད་ལ་ཕན་ནུས་ངེས་ཅན་ཞིག་ཐོན་པ་ཡིན། དཔེར་ན་མི་ཞིག་གིས་དོན་ཞིག་འགྲུབ་པར་སེམས་ཁུར་བྱེད་པ་དེར་ལྷ་བསང་བཏང་། བསང་འབོད་བྱས། ལབ་ཙེ་བསྟད། ཡུལ་ལྷ་གཞི་བདག་གང་དེར་སྨོན་ལམ་བཏབ་ཚར་ན་མི་དེའི་ཡིད་ལ་ད་ནི་རང་གིས་དད་པའི་ཡུལ་ལྷ་གཞི་བདག་དེས་བྱ་བཞག་གང་རྩོམ་པ་དེར་གྲོགས་དན་བྱའོ་སྙམ་པའི་འདུ་ཤེས་སྐྱེ་སྟེ་སེམས་ཁམས་བདེ་ལ་འབབ་ཐུབ་པ་ལྟ་བུའོ། ། བོད་ཀྱི་ལབ་ཙེ་རིག་གནས་ནི་གདོད་མའི་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་ཆོ་ག་ཕྱག་ལེན་གཞི་གཅིག་ཏུ་འདྲེས་པའི་རྣམ་པ་ཞིག་ཡིན་ཏེ། ཡུལ་དབུས་གཙང་ཕྱོགས་ནས་ཉམས་དམས་སུ་སོང་སྟེ་ངོ་བོ་གཞན་དུ་གྱུར་མོད། འོན་ཀྱང་མདོ་སྨད་ཀྱི་ཕྱོགས་སུ་ད་དུང་མ་ཉམས་པར་གནས་ཡོད། གཞན་ཡང་དུས་ཀྱི་འཕེལ་འགྱུར་དང་མི་རྣམས་ཀྱི་དཔལ་འབྱོར་འཚོ་བ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ལབ་ཙེའི་ནང་དུ་བསྟོད་པའི་མདའ་ཤིང་གི་ཚད་སྔོན་ལས་ཆེ་བ་དང་རྒྱུའི་ཆ་ནས་ཀྱང་རིགས་སྣ་ཚོགས་སུ་འགྱུར་བ་བྱུང་སྟེ། སྟག་པ་དང་སྐྱེར་བ་མདའི་ཚབ་བྱས་ཏེ་ལབ་ཙེ་བསྟོད་པ་ཉུང་དུ་ཆགས་པ་དང་། སྔོན་གྱི་བལ་དཀར་པོའི་རྨུ་ཐག་དེའང་ད་ལྟ་གོས་དང་ཐག་པ་སྣ་ཚོགས་ཀྱིས་ཚབ་བྱེད་པ་མང་དུ་སྣང་ལ། གཞན་ཡང་ས་ཆ་ལ་ལར་ལབ་ཙེ་དང་མདའ་ཤིང་གི་ཆེ་ཆུང་སོགས་འགྲན་བསྡུར་བྱེད་པ་ལྟ་བུའི་སྣང་ཚུལ་ཡང་འདུག་གོ །