ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་

ཡོང་ཁུངས་Wikipedia

ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ས་སྤྲེལ(སྤྱི་ལོ1908)ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་ཡབ་སངས་རྒྱས་སྐྱབས་དང་ཡུམ་སྒྲོལ་རིས་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་འཇམ་དབྱངས་ཞེས་གསོལ། སྐད་ཆ་སྨྲ་ཤེས་པ་ཙམ་ནས་ང་སོག་སྐོར་གནམ་ལྷ་ཚང་གི་ཡིན་ཟེར་བ་དང་། ཡོངས་འཛིན་གོང་མའི་ཉེར་སྤྱད་མ་འཁྲུལ་བར་ངོས་འཛིན་གནང་།

ཁོང་དགུང་ལོ་དྲུག་གི་སྟེང་དགོན་གསར་རྣམ་རྒྱལ་གླིང་དུ་གདན་སར་ཞབས་སོར་བཀོད་མ་ཐག་ནས་གང་སྣང་འཇའ་ཚོན་དང་། འོད་ཀྱི་རང་བཞིན་དུ་གཟིགས་པ་ཞིག་སང་གི་ཉིན་གུང་བར་མ་བསྡུས་གསུངས། འཕྲལ་ཀློག་སྦྱོར་གསུམ་དང་གཟབ་གཤར་བྲིས་སོགས་ལ་རིང་བོར་མ་ལོན་པར་བྱང་ཆུབ་པ་བྱུང་།

དགུང་ལོ་བརྒྱད་ཀྱི་སྟེང་དུ་ལ་མོ་གོང་ས་མཆོག་གིས་ཁོང་གི་ཡོངས་འཛིན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དཀར་ཐང་མར་ཁུའི་མཚོ་མོར་ཁྲིར་བཀོད། འདུལ་བ་འཛིན་པ་ལྡོང་མཁན་པོ་རིན་པོ་ཆེ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་མཁས་གྲུབ་རྒྱ་མཚོར་གསོལ། ཆོས་སྤྱོད་ཀྱི་སྐོར་དང་། མངོན་རྟོགས་རྒྱན། དབུ་མ་འཇུག་པ། འཇིགས་མེད་དབང་བོའི་ཆོས་ཀྱི་རྣམ་གྲངས་སོགས་ཐུགས་འཛིན་གནང་། ཁོང་གིས་བློར་བཟུང་བ་དག་གསལ་ཞིང་མ་འདྲེས་པས་མཇུག་ནས་ཕྱིར་ལྡོག་སྟེ་ཤར་མར་གསུངས་ཐུབ་གསུངས།

འདི་དུས་ནས་ཉིན་རེ་བཞིན་སྲད་རྣམ་བླ་མཆོད། གནས་བཅུ་སོགས་དང་། རྗེ་གསེར་ཁང་བའི་མཆོད་པའི་འདོན་སྒྲིག་ལྟར་ཕྱག་དང་མནྚལ་མཆོད་གཟུངས་ཡན་ལག་བདུན་པ་སོགས་དང་སྦྲགས་ནས། ཆུ་མཆོད་ཏིང་ཕོར་ལྔ་བརྒྱ་རེ་ཆག་མེད་གནང་བ། ཁོང་གིས་ངས་རྗེ་གསེར་ཁང་བའི་ཕྱག་ལེན་གྱི་མཆོད་པ་གཙང་མ་ཞིག་བྱིས་པའི་དུས་ནས་བྱེད་ཤེས་གསུངས། ཁྲི་ཀའི་ཨ་ལགས་ཕུན་ཚོགས་རྡོ་རྗེ་འཆང་ལས་སྔ་ཕྱིར་བདེ་གསང་འཇིགས་གསུམ། རྡོར་ཕྲེང་། མགོན་པོ་བཀའ་བཅུ་གསུམ་སོགས་ཟབ་ཆོས་མང་དུ་གསན།

དགུང་ལོ་བཅུ་དྲུག་སྟེང་ལ་མོ་གདན་ས་བདེ་ཆེན་ཆོས་འཁོར་གླིང་དུ་ཚོགས་སུ་ཞུགས། ཞྭ་ཁྲའི་ལྷ་རམས་པ་བློ་བཟང་དགེ་འདུན་དང་མཛོད་དགེ་ཚུལ་ཁྲིམས་དགེ་རྒན་དུ་བསྟེན་ནས། བསྡུས་གྲྭ་དང་། བློ་རྟགས། ས་ལམ་སོགས་ཀྱི་དཔེ་ཁྲིད་རྒྱུན་རིང་གསན། ཞོར་དུ་སུམ་རྟགས། ལཉྪ་སོགས་ཡིག་རིགས་སྣ་ཚོགས་འབྲི་ཚུལ་བསླབས་པས་དགུང་ལོ་དགུ་བཅུའི་སྐབས་སུ་སྙུག་ཁ་གང་འདོད་དུ་བསྐོར་ཐུབ་པ་ལྟ་བུའི་ཡོན་ཏན་ཐོབ།

གཅེན་སྒོ་མང་ཚང་གཤེགས་པས་རང་ཡུལ་དུ་ཕེབས་ཤིང་ཁོང་གི་གདུང་རུས་མཐོང་བས་སྐྱོ་ཤས་ཚད་མེད་པ་འཁྲུངས་ཏེ། བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སློབ་གཉེར་བྱ་འདོད་ཐུགས་ལ་འཁྲུངས་ཏེ། ཆུ་སྟོད་ཟླ་བར་ལྐོག་ཏུ་བྲོས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བསང་ཁོག་ཨ་ཁུ་ཐབས་མཁས་ཚང་དགེ་རྒན་དུ་བསྟེན།

ཐོས་བསམ་ནོར་བུའི་གླིང་གི་ཆོས་གྲྭར་ཞུགས། གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་རིགས་པ་སྨྲ་བའི་རྒྱན་དུ་གྱུར། གྲུབ་མཐའ་རྩ་བ། གྲུབ་མཐའ་རིན་ཕྲེང་། མདོ་སྡེ་རྒྱན། རྒྱུད་བླ་མ། དབུ་མ་རྩ་ཤེས། བསྡུས་གྲྭའི་མཐའ་དཔྱོད། ཕར་ཕྱིན། ལེགས་བཤད་སྙིང་བོ། ལེགས་བཤད་གསེར་ཕྲེང་གི་སྐབས་སོ་སོ། དབུ་མ་ལུང་རིགས་སྒྲོན་མེ་སོགས་གཞུང་མང་བོ་བློ་ལ་བྱང་བར་བཟུང་། རྗེ་ཐབས་མཁས་རྒྱ་མཚོ་དང་ས་དཀར་ཚུལ་ཁྲིམས་སོགས་ལས། བསྡུས་གྲྭ། བློ་རྟགས། སྡེ་བདུན། རིགས་རྒྱན། ཕར་ཕྱིན་དབུ་མ་སོགས་ལ་སྦྱངས། དགེ་བའི་བཤེས་གཉེན་བློ་བཟང་བསྟན་པའི་མདུན་ནས། སྙན་འགྲེལ་དབྱངས་ཅན་དགྱེས་གླུ། དནྜིའི་དགོངས་རྒྱན་དཔེར་བརྗོད་དང་། རྗེ་ཞྭ་དམར་བའི་དཔེར་བརྗོད་སོགས་ལ་སྦྱངས་པས་དབྱངས་ཅན་སྙུག་རྩེར་རྩེན་པ་ལྟར་སྙན་པའི་ངག་ལ་དབང་འབྱོར་བ་བྱུང་།

ཁོང་བླ་བྲང་དུ་ཕེབས་ནས་ཅུང་མ་འགོར་བར་ལ་མོ་བསྟན་འཛིན་ནོར་བུ་མཆོག་བླ་བྲང་དུ་ཕེབས་ནས། ཁོང་ལ་སློབ་གཉེར་ལ་རྟིང་བསྐུལ་དང་། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གཟིམ་ཁང་གི་ཉེ་སར་གྲྭ་ཤག་ཅིག་ཉོས་ཏེ། བཀའ་ཆོས་གསན་པའི་མཐུན་རྐྱེན་གང་མང་བསྐྲུན་པས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཐུགས་ཀྱི་སྲས་སུ་གྱུར་ཅིང་། སྔ་རྗེས་སུ་རྗེ་དེ་ཉིད་ཀྱིས་གཙོས་རྗེ་གུང་ཐང་བློ་གྲོས་དང་།ཡོངས་འཛིན་རྗེ་གྲགས་པ་རྒྱ་མཚོ། ཡོངས་འཛིན་འཇིགས་མེད་རྒྱ་མཚོ། རྗེ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་ལས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན།

ཁོང་གིས་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་སློབ་གཉེར་མཛད་པས་རིགས་པ་སྨྲ་བར་འགྲན་ཟླ་དང་བྲལ་བར་གྱུར། བླ་བྲང་བཀྲ་ཤིས་འཁྱིལ་དུ་འཛིན་གྲྭ་གཏུགས་སོགས་གང་དུའང་ཁོང་རིགས་ལུང་གཏོང་བའི་ཚེ་ན་ཀུན་གྱིས་དལ་ཅག་གེར་ཉན་པ་ཞིག་ཡིན། དགུང་ལོ་དགུ་བཅུ་ཙམ་དུའང་རིགས་ལུང་གཏོང་ཚེ་མི་འདྲ་བ་ཞིག་ཏུ་འགྱུར་ཞེས་སྐུ་མདུན་པ་དག་གིས་གསུངས། ཕར་ཕྱིན་སྟོན་མོའི་གཏོང་སྒོའི་ཆེད་དྷི་ཚ་བཀྲ་ཤིས་ཆོས་སྡིངས་བརྒྱུད་ནས་ཡུལ་དུ་ཕེབས་དུས་ལུང་རིགས་སྨྲ་བར་འགྲན་ཟླ་དང་བྲལ་བའི་ཆོས་སྡེ་དེར་དམ་བཅའ་བཞག་པར་རིགས་སྨྲ་བ་སུམ་བརྒྱ་ལྷག་འདུས་ནས་ནམ་གུང་བར་བརྩད་ཀྱང་། རིགས་པ་གང་ཡང་མ་སོང་བས་མཁས་པའི་གྲགས་པ་མདོ་སྨད་ཡུལ་དུ་ཁྱབ།

དགུང་ལོ་ཉེར་བརྒྱད་པ(སྤྱི་ལོ1935)ལོར་མང་རར་ཕེབས་ཏེ་ཤེལ་ལུང་བཞུགས་ཁྲི་གོང་མར་དགོན་པ་གསར་འདེབས་གནང་ནས་ཆོས་དང་འཇིག་རྟེན་གཉིས་ཀྱིས་བུ་བཞིན་དུ་སྐྱོང་བར་མཛད། དགུང་ལོ་སོ་གཅིག་པར་ལ་མོ་གོང་ས་མཆོག་སྤྲུལ་གྱི་དགེ་རྒན་དུ་བཞུགས། ལ་མོ་བདེ་ཆེན་དུ་ཕེབས་ནས་དབུ་མ་མན་གྱི་འཛིན་གྲྭ་ཀུན་ལ་བརྩི་བཞག་གི་རྒྱུགས་བཞག་ཅིང་། འཛིན་གྲྭ་འོག་མ་རྣམས་ལ་རྩོད་རྒྱུགས་ཀྱང་བླངས་པ་སོགས་ཀྱིས་འཆད་ཉན་འཕེལ། རྒྱུད་པ་གྲྭ་ཚང་གི་ཁྲིར་བཞུགས་པ་སོགས་ཀྱིས་ཆོས་སྡེ་དེ་ཉིད་དུ་བཤད་སྒྲུབ་ཀྱི་མེ་ལྕེ་སྦར།

དགུང་ལོ་བཞི་བཅུ་བར་འབྲུམ་ནད་ཆེན་པོ་ཞིག་ཕྱོགས་ཀུན་ཏུ་མཆེད་དྲགས་པས། རབ་རྒན་མང་འགག་མཚམས་ཁང་དུ་ལོ་མ་གྱོན་མ་རིགས་གསུམ་གྱི་བསྙེན་པ་གནང་བས། རིམས་ནད་ཀྱི་རྒྱུན་ཆད་པ་སོགས་ལས་བཞིའི་འཕྲིན་ལས་ལ་མངའ་འབྱོར་བའི་མཚན་མ་མང་དུ་བྱུང་།

སྐབས་དེ་དག་ཏུ་ཕྱོགས་སོ་སོར་རྐྱེན་ངན་པ་མང་དུ་བྱུང་ཡང་ཐར་ཤུལ་དགོན་དུ་སྐྱོན་ཅི་ཡང་མ་བྱུང་བར་དབྱར་གནས་ལྔ་མཆོད་ཆོས་ཐོག་སོགས་ལ་སྔར་བཞིན་བསྐྱངས། དགུ་བའི་ཉེར་གཉིས་ནས་གསུམ་པའི་སྒྲུབ་མཆོད་བར། བདེ་མཆོག་གི་ཆོ་ག་ཆ་ཚང་རེ་ཉིན་རེ་རེ་ནས་གསུངས་པའི་སྲོལ་ང་བརྒྱད་ལོའི་བར་དུ་བསྐྱངས།

དགུང་ལོ་ཞེ་དགུ་བ(སྤྱི་ལོ1956)ལོར་བཀྲ་མི་ཤིས་པའི་རྟགས་མང་དུ་བྱུང་བར་བརྟེན། ཡ་མ་རཱ་ཛ་ས་ཡ་བསྒྲུབས་ཏེ་འཇིགས་བྱེད་ཀྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཕུལ། བེ་རུ་མཁན་སྤྲུལ་སོགས་ལ་བཀའ་ཆོས་གནང་། ཟླ་དགུ་བའི་ནང་སྲིད་གཞུང་གིས་བཀོད་སྒྲིག་ལྟར་མི་དྲག་སྐོར་ཅིག་དང་ལྷན་དུ། པེ་ཅིང་། ཐེན་ཅིན། ནན་ཅིང་། ཧྲང་ཧེ་སོགས་སུ་ལྟ་སྐོར་གནང་།

དགུང་ལོ་ང་གཅིག་པ(སྤྱི་ལོ1958)ལོར་ཟླ་གཉིས་པའི་ཟླ་མཇུག་ཏུ་ཟི་ལིང་དུ་ཕེབས་ནས་བདུན་པའི་ཟླ་མཇུག་བར་སྤྱི་ཚོགས་བསྒྱུར་བཀོད་ཀྱི་ཐད་ལ་སློབ་སྦྱོང་བྱས་མཐར། བརྒྱད་པའི་ཚེས་མགོར་བཙོན་འཇུག་བྱས་ཏེ་ལོ་གསུམ་དང་ཟླ་ངོ་བཞི་ལ་ཟི་ལིང་གི་ཆུ་གློག་སྒྲིག་ཆས་བཟོ་གྲྭའི་བླ་མ་རུ་ཁག་ནས་ངལ་རྩོལ་བཅོས་བསྒྱུར་གནང་།

དགུང་ལོ་ང་བཞི་བ(སྤྱི་ལོ1961)ལོར་མཐར་བཙོན་གྲོལ་བྱས་ནས་རང་ཡུལ་དུ་ཕེབས། རྡོ་བིས་དགེ་བཤེས་རིན་པོ་ཆེའི་གསུང་འཕྲིན་བཞིན་སྤྲོ་བས་ངུར་སྨྲིག་བཞེས་ནས་ཚ་བོ་བློ་བཟང་དང་ལྷན་དུ་རབ་རྒན་དུ་ཉམས་བཞེས་འབའ་ཞིག་གནང་།

དགུང་ལོ་ང་ལྔ་བ(སྤྱི་ལོ1962)ལོར་མཚོ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་གྱི་མིང་ཙམ་འཛིན་དགོས་བྱུང་བས། དེར་ཕེབས་ནས་སྲིད་ཇུས་ལ་སློབ་སྦྱོང་བྱས། སྐབས་དེར་རྡོ་བིས་དགེ་བཤེས་ཚང་གིས་འཕྲིན་འགྲུལ་བྱས། དགུང་ལོ་ང་དགུ་བར་མཚོ་ལྷོ་ཁུལ་དུ་པཎ་ཆེན་རུ་ཁག་གི་ཉེས་མིང་བཀལ་ནས་འཐབ་རྩོད་བྱས་ཏེ་མང་ར་ཞང་ནས་དགག་རྒྱག་གི་ཚོགས་འདུ་འཚོགས། ཧོར་བན་སྐེ་ཐ་མ་ཟེར་བའི་གྲོང་སྡེར་བཞུགས་སུ་བཅུག ཉིན་མོར་ངལ་རྩོལ་དང་དགུན་མོར་འཐབ་རྩོད་སོགས་ཀྱིས་དུས་འདའ་བར་བྱས་པས་འོ་བརྒྱལ་གང་མང་མྱངས།

སྤྱི་ལོ1970ལོའི་ཟླ་གསུམ་པར་གཅིག་རྡུང་གསུམ་རྒོལ་གྱི་ལས་འགུལ་ནང་།དགུང་ལོ་རེ་གསུམ་བཞེས་པའི་ཁོང་ཡང་བསྐྱར་འཛིན་བཟུང་བྱས།རྫོང་གི་བཙོན་ཁང་དུ་ལོ་གཅིག་ལ་བཞུགས་པའི་རིང་བསྙེན་པ་མང་བོ་བཏང་། ཁོང་གིས་འདི་ལྟ་བུའི་བསྙེན་པ་གཏོང་ཐུབ་པ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་ཞེས་རྐྱེན་ངལ་ལམ་དུ་འཁྱེར་བའི་ཉམས་བཞེས་མཛད། དགུང་ལོ་རེ་ལྔ་བར་ཀ་མདོ་ཞིང་རར་ངལ་རྩོལ་བཅོས་བསྒྱུར་བྱས། ངལ་རྩོལ་གང་ཞིག་བྱས་ཀྱང་ཞིང་སྦྱོང་བའི་དམིགས་པ་ཁོ་ན་བྱས་ཏེ་བདག་གཞན་མཉམ་བརྗེའི་སེམས་བསྐྱེད་ལ་ཉམས་བཞེས་མཛད། རང་དབང་དང་བྲལ་བའི་སྐབས་དེ་དག་ཏུའང་སྟབས་འགྲིག་གིས་གཞན་ལ་དཔེ་ཁྲིད་དང་།བསླབ་བྱ་འབའ་ཞིག་གནང་། བསྟན་པ་དང་འགྲོ་བའི་ཆེད་དུ་བཙོན་ཁང་དུའང་གོ་རེས་དྲུག་ཅུ་བ་བཟོས་ཏེ་གསུངས་པ་ཆད་མ་མྱོང་གསུངས།

བདུན་ཅུ་དོན་གཉིས་པ(སྤྱི་ལོ1979)ལོར་བཙོན་གྲོལ་བྱས་ཏེ་འཁྲུངས་ཡུལ་དུ་བསྐྱལ། ལམ་རིམ་ཆུང་ངུའི་དཔེ་ཆ་ཞིག་ཕྱག་ཏུ་འབྱོར་བར་ལན་བདུན་ཅུ་དོན་བཞིར་གཟིགས། བྱང་ཆུབ་ལམ་གྱི་རིམ་པ་ཐུགས་དམ་གྱི་མཐིལ་དུ་གནང་། ཁོང་གང་དུ་ཕེབས་ན་དཔེ་གཟིགས་གནང་ཞིང་། དཔེ་ཆར་གཟིགས་རྒྱུ་མེད་ན་བདག་གིས་ཉི་མ་མི་ཆོད་གསུངས།

དགུང་ལོ་དོན་གསུམ་པ(སྤྱི་ལོ1980)ལོར་སྐུ་འབུམ་དུ་ཕེབས་ནས་ངུར་སྨྲིག་གི་རྒྱལ་མཚན་བཞེས། ཀུན་གཟིགས་པཎ་ཆེན་མཆོག་གིས་བཀའ་ཡིག་ཕུལ་སྟེ། བསྟན་པ་འཕེལ་རྒྱས་ཕྱོགས་ལ་གཟིགས་སྐྱོང་ནུས་ལྡན་མཛད་དགོས་ཞེས་གསུངས།

དགུང་ལོ་དོན་ལྔ་བ(སྤྱི་ལོ1982)ལོར་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ཆོས་སྒོ་ཕྱེས་ཏེ་ཆོས་ཀྱིས་བསྐྱངས། བསྟན་པ་ཡང་དར་གྱི་དབུ་བརྩམས་པ་ནས་སྐུ་གཤེགས་པའི་བར་དུ་བླ་བྲང་བཀྲ་ཤིས་འཁྱིལ་དང་། སྐུ་འབུམ་བྱམས་པ་གླིང་། བདེ་ཆེན་ཆོས་འཁོར་གླིང་། བཀྲ་ཤིས་འཁྱིལ་སོགས་མདོ་སྨད་ཀྱི་དགོན་སྡེ་ཕལ་མོ་ཆེ་དང་། སྡེ་བ་སོ་སོ། ཕྱོགས་སོ་སོར་བཀའ་ཆོས་གང་འདོད་དུ་གནང་སྟེ། ཆད་ལ་ཉེ་བའི་བསྟན་པའི་རྒྱུན་སླར་ཡང་གསོས།ཁོང་གཞན་ལ་བཀའ་ཆོས་གནང་བ་ལས་གཞན་ཐར་ཤུལ་དགོན་པར་བཞུགས་ཤིང་བཀའ་ཆོས་དང་དཔེ་ཁྲིད་གནང་། བསྙེན་སྒྲུབ། དཔེ་གཟིགས་བཅས་ཐུགས་དམ་འབའ་ཞིག་ལ་གཞོལ།

དགུང་ལོ་གྱ་དྲུག་པར་སྐྱ་སེར་མི་དྲག་བཅོ་ལྔ་ཙམ་ཕེབས་ནས་སྤྲུལ་སྐུ་ཐུགས་ཐག་གཅོད་ཕྱོགས་སྐོར་ལ་གྲོས་མོལ་གནང་། ཁོང་གི་དགོངས་པ་བཞིན་སྤྲུལ་སྐུ་མང་བོ་ཞིག་ཐུགས་ཐག་བཅད། ནམ་རྒྱུན་བཞིན་བསྒྲུབ་བྱ་མང་བོ་ལ་དགེ་ཚུལ་སློང་གི་དངོས་པོ་གནང་།

དགུང་ལོ་དགུ་བཅུ་བར་སྐུ་འབུམ་དུ་ལ་མོ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ཀྱི་ཟན་བསྒྲིལ་གནང་སྟེ་ཐུགས་ཐག་བཅད། སྐྱེལ་བསུ་རྒྱ་ཆེན་པོ་དང་བཅས་རྣམ་དག་ཁྲིམས་ལྡན་གླིང་ལ་བསུས་ཏེ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་གནང་ནས་བུ་བཞིན་དུ་ཆོས་ཀྱིས་བསྐྱངས།

དགུང་ལོ་གོ་བདུན་པ(སྤྱི་ལོ2004)ལོར་སྔར་བཞིན་བཀའ་ཆོས་གང་འདོད་དུ་གནང་། སྐུ་ཅུང་མ་བདེ་བས་ཞིང་ཆེན་མི་དམངས་སྨན་ཁང་ལ་ཕེབས་ཀྱང་ཕན་སྐྱེད་ཆེར་མ་བྱུང་། ཁོང་གིས་འཆི་བ་ལ་གྲ་སྒྲིག་མ་བྱས་ན་ངོ་ཚ་ཡིན། གྲ་སྒྲིག་བྱས་ནས་མ་འཆི་ན་ངོ་ཚ་མེད། ཚེས་བཅུ་དྲུག་ཉིན་ལ་ཐུགས་འདུན་གཏོང་ཞེས་གསུངས་ནས་གཤེགས་རྗེས་ཀྱི་བྱ་བ་མཐའ་དག་ཀྱང་ཐུགས་བཀོད་གནང་ནས་ནམ་རྒྱུན་བཞིན་ཉམས་བཞེས་ཆག་མེད་དུ་གནང་།

ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཡང་ནམ་རྒྱུན་བཞིན་ཉམས་བཞེས་གནང་ནས་ད་བདག་ཅུང་ཟད་ངལ་གསོ། དུས་ཚོད་གཅིག་ཙམ་ནས་དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོ་དང་ལ་མོ་མཆོག་སྤྲུལ་ལ་བརྡ་ཐོངས་ཞེས་ཐུགས་དམ་ལ་གཞོལ་ནས་དུས་ཚོད་དགུ་དང་སྐར་མ་བཅུ་བདུན་སྟེང་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

ཚེས་ཉེར་གཉིས་ཀྱི་ཐོ་རངས་དུས་སུ་སྐུ་གདུང་ཞུགས་ལ་སྦྱངས་པས་གདུང་རུས་རྣམས་ལས་རིལ་བུ་དང་ཡིག་འབྲུ་སྣ་ཚོགས་པ་དང་སྐུ་བརྙན་མང་བོ་རང་བྱོན་དུ་བབས་པ་སེར་ཕྲེང་སྤོས་འདྲེན་དང་བཅས་དཔེ་མཛོད་མཆོད་ཁང་གསུང་རབ་རིན་ཆེན་གླིང་དུ་བཞུགས་སུ་གསོལ་ལོ། །

མདོ་སྨད་བཀྲ་ཤིས་འཁྱིལ་བ་བཅས་ཡུལ་མདོ་སྨད་ཀྱི་དགོན་སྡེ་མི་སྡེ་བཅས་སེར་སྐྱ་ཕོ་མོ་མཐའ་དག་ཁོང་གི་སློབ་མར་མ་གྱུར་པ་མེད་པའི་ཚོད་དུ་སྣང་ཞིང་། གསུང་འབུམ་ཡང་དགོན་པའི་བཅའ་ཡིག་དང་རྣམ་ཐར། ལོ་རྒྱུས། བསླབ་བྱ། གསོལ་འདེབས་སྨོན་ཚིག་སོགས་པོད་བཞི་ཙམ་བཞུགས།