ལ་མོ་ཚངས་པའི་སྐུ་རྟེན་
སྟག་རྩེ་རྫོང་ལ་མོ་བྱང་ཆུབ་ལྕོག་ཏུ་ཚངས་པ་དུང་གི་ཐོར་ཚུགས་ཅན་སྐུ་ཕེབས་བྱེད་སྲོལ་ཡོད། དེ་ནི་བོད་ཀྱི་ལྷ་ཁོག་ཞུགས་བྱེད་པའི་ནང་ནས་གྲགས་ཆེ་བ་ཞིག་དང་། ལོ་རྒྱུས་ཀྱང་ཅུང་རིང་བ་ཞིགརེད། ལྷ་དེ་ཁོག་ཞུགས་ཐོག་མར་ག་དུས་བྱུང་བའི་ལོ་རྒྱུས་ངེས་གསལ་ཡིག་ཆ་མ་རྙེད། ལ་མོ་ཚངས་པར་ཚེར་གསེབ་ཆོས་སྐྱོང་ཞེས་འབོད་སྲོལ་ཡང་འདུག་པ་དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ནང་ཚེར་གསེབ་ཆོས་སྐྱོང་ཞེས་འཁོད་པ་དང་། ལ་མོ་ཚངས་པ་ལྷ་གནས་མཐོ་བའི་གྲས་ཤིག་ཡིན་སྟབས་དེ་སྔའི་ས་གནས་སྲིད་གཞུང་ནས་གལ་ཆེའི་སྲིད་དོན་སྐོར་སོགས་ལ་ལུང་ཞུ་འབུལ་སྲོལ་ཡོད་ལ་པཎ་ཆེན་སྐུ་ཕྲེང་རིམ་པས་ཀྱང་བསྟེན་གསོལ་གནང་གི་ཡོད་འདུག ལ་མོ་ཚངས་པའི་སྐུ་བསྟེན་ལ་དེ་སྔའི་ས་གནས་སྲིད་གཞུང་གི་ཏྰ་བླ་མའི་གོ་གནས་ཡོད། སྐུ་བསྟེན་ནི་ཁྱིམ་རྒྱུད་ཀྱིས་བྱེད་དགོས་པས་ཁྱིམ་ཚང་ལ་ལ་མོ་གཞུང་རྐྱང་ཞེས་འབོད་ཀྱི་ཡོད། དུས་རབས་བཅུ་བདུན་པའི་ནང་ཀོང་པོ་ཞོ་ཁ་བླ་མ་སོགས་ཀྱིས་ཀོང་དམག་དབུས་སུ་དྲངས་སྐབས་དབུས་ཕྱོགས་ནས་ལ་མོ་ཚངས་པར་ལུང་ཞུ་ཕུལ་དོན་ཚངས་པས་ཀོང་དམག་ལ་དམུ་གབ་གཡོག་རྒྱུའི་ཁས་བླངས་ནས་ཀོང་དམག་གཉིད་དུ་ཡུར་བའི་ཤུལ་དུ་དབུས་དམག་གིས་མཚན་འགེབས་བརྒྱབ་སྟེ་ཀོང་དམག་ཚར་བཅད་པའི་བྱས་རྗེས་ལ་གཞུང་ནས་ལ་མོ་ཚང་ལ་གཞིས་ཆེན་བརྒྱད་དང་། གཞིས་ཆུང་བརྒྱད་གནང་སྟབས་གཞིས་ཀ་དང་མི་སེར་རྒྱ་ཆེ་ཙམ་ཡོད་ལ་སྙན་གྲགས་ཀྱང་ཆེན་པོ་ཆགས་པ་ཡིན་སྐད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།