ལ་དྭགས་ཆོས་འབྱུང་

ཡོང་ཁུངས་Wikipedia

ལ་དྭགས་ཆོས་འབྱུང་བསྡུས་པ། ལ་དྭགས་ཆོས་འབྱུང་བསྡུས་པ་ཞེས་པ་འདི་ནི་ལ་རྩེའི་གྲོགས་པོའི་རྩོམ་སྒྲིག་པས་སྐབས་འཕྲལ་དུ་སྦྱར་བའི་མིང་ཞིག་སྟེ། རྩོམ་མིང་ངོ་མ་ནི་"ལ་དྭགས་སུ་བསྟན་པ་དང་སྐྱེས་ཆེན་འགའ་ཡི་འབྱུང་རབས་"ཞེས་འབོད་ཅིང་། དགེ་ཚུལ་ངག་དབང་ཚེ་རིང་ཞེས་པས་བརྩམས་ཏེ། ༡༩༩༨ ལོའི་ལོ་འཁོར་གྱི་དེབ་ཅེས་པར་འཁོད་པའི་རྩོམ་ཡིག་གཉིས་པ་ཡིན།

ཐེངས་སྔོན་མར་ལ་དྭགས་ཀྱི་"ལོ་འཁོར་གྱི་དེབ་"ཅེས་པའི་དུས་དེབ་ངོ་སྤྲོད་མཚུངས་སུ་དེའི་ནང་རྩོམ་ཡིག་དང་པོ་བཀོད་པ་ན་དྲ་གྲོགས་དུ་མས་དུས་དེབ་དེའི་རྩོམ་ཡིག་མང་ཙམ་འགོད་པའི་རེ་སྐུལ་གནང་བ་ལྟར་འདིར་རྩོམ་ཡིག་གཉིས་པ་བཀོད་པ་ཡིན་ལ། དྲ་གྲོགས་རྣམས་ཀྱི་འདོད་མོས་ལྟར་མུ་མཐུད་ནས་འགོད་རྩིས་ཡིན།

"ལ་དྭགས་སུ་བསྟན་པ་དང་སྐྱེས་ཆེན་འགའ་ཡི་འབྱུང་རབས་"ཁ་བྱང་དུ་གསལ་བ་ལྟར། སྤྱིར་བཏང་གི་ཆོས་འབྱུང་གི་བརྗོད་བྱ་ལྟར་ལ་དྭགས་སུ་སངས་རྒྱས་ཀྱི་ཇི་ལྟར་དར་བ་དང་། བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་པའི་ཚུལ་ཉུང་བསྡུས་ཁ་གསལ་ཞིག་བཀོད་ཡོད་པ་དང་། བོད་ཀྱི་ཆོས་འབྱུང་དག་ཏུ་བོད་ཡུལ་ལ་རྒྱ་གར་གྱི་པཎ་གྲུབ་གང་དག་བྱོན་པ་བཀོད་ཡོད་པ་ལྟར། ལ་དྭགས་ཀྱི་ཡུལ་ལ་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་གང་དག་བྱོན་ནས་འགྲོ་དོན་ཇི་སྤེལ་ཡང་རྩོམ་ཡིག་འདིའི་ནང་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྩོམ་ཡིག་འདི་བརྩམས་ལོ་ ༡༩༧༨ ལོ་ནི་བོད་ལ་རིག་གནས་གསར་བརྗེ་མཇུག་བསྒྲིལ་མ་ཐག་ཡིན་སྟབས། བོད་དུ་ནང་ཆོས་ལ་གཏོར་བརླགས་ཐེབས་པ་མ་གཏོགས་སླར་གསོ་འབྱུང་བཞིན་པ་རྩོམ་པ་པོ་ལ་ཤེས་རྟོགས་ཆུང་ཞིང་། བོད་ཀྱི་བསྟན་པ་ཡང་དར་ཟེར་བའི་རྗོད་སྟངས་དེ་ཡང་ད་དུང་བྱུང་མེད་པའི་སྐབས་འདིར་རྩོམ་པ་པོ་འདིས་ལ་དྭགས་སུ་བསྟན་ཡང་དར་འབྱུང་རྒྱུའི་ཐུགས་འདུན་ཆེན་པོ་ཞིག་རྩོམ་ཡིག་འདིའི་མཇུག་ཏུ་འདི་ལྟར་བྲིས་ཡོད། "བསྟན་པ་སྔ་དར་རྒྱ་གར་ནས་བོད་ལ་བྱུང་། བསྟན་པ་ཕྱི་དར་སྟོད་མངའ་རིས་ཕྱོགས་དང་། བསྟན་པ་ཡང་དར་གསུམ་པ་ལ་དྭགས་བརྒྱུད། རྒྱ་གར་ནས་འབྱུང་ཐུབ་ཆེད། ཚང་མས་ཐབས་ཤེས་ཐུགས་སྨོན་སེམས་རྩེ་རྩེ་གཅིག་ནས་མཛད་དགོས།"