ལ་དོན་རྣམས་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་གཞན་
དེ་ལྟར་བཤད་མ་ཐག་པའི་ལ་དོན་རྣམས་ལས། ན་ལ་གཉིས་འཇུག་ཚུལ་གཞན་ཡང་ཡོད་དེ། ན་ཡིག་ནི། དམིགས་ཀྱིས་འབྱེད་པ། རྒྱུ་མཚན་། རྒྱུ་མཚན་དོན་གྱིས་བསྟན་པ། ཚིག་ཕྱི་མའི་དོན་ཚིག་སྔ་མའི་བསྟན་བྱ་དང་འགལ་བར་སྟོན་པ། འོས་པར་དཀའ་བ་མཆོག་ཏུ་འཛིན་པ་དང་དེ་ལས་ལྡོག་པ། འགལ་དང་མི་འགལ་སྟོན་པ། སྨོན་པའི་གཞི་སྟོན་པ། ཐ་ཚོམ་གྱི་གཞི་རྣམས་ལ་ཡང་འཇུག་པ་ལས།
དང་པོ་དམིགས་ཀྱིས་འབྱེད་པ་ལ། གལ་འཛུགས་དང། གཞུང་འཛུགས་གཉིས་ཡོད་པའི་དང་བོ་ནི། དཔེར་ན། ཁོ་ལ་རིག་གནས་ཀྱི་ཡོན་ཏན་ལྡན་ཆེན་པོ་ནམ་མི་ལྡན། ལྡན་ན་སློམ་གྲྭ་ཆེན་མོའི་དགེ་རྒན་དུ་འོས། མི་དེ་མཁས་པ་ཡིན་ནམ་མིན། ཡིན་ན་ངས་སློབ་དཔོན་དུ་བསྟེན་དགོས། སང་ཉིན་ལམ་གྲོགས་ཨེ་ཡོད། ཡོད་གྲང་(?)ན་ཨེ་ཅག་འགྲོ། ལྟ་བུའོ། གཞུང་འཛུགས་པ་ནི། དངོས་སུ་ན། མདོར་ན། མདོ་རྩ་བཤད་ན། མདོ་དོན་བཤད་ན། ལྟ་བུ་གཞུང་དོན་ཁྱད་པར་དུ་བཏོན་ནས་དམིགས་འབྱེད་པའོ། དམིགས་ཀྱིས་འབྱེད་ཅེས་པ་ནི་དམིགས་ཀྱིས་བསལ་བའི་དོན་ཡིན་པས། དགར་བ་དང་དོན་གཅིག་ཡིན་པར་གསུངས།
གཉིས་པ་རྒྱུ་མཚན་ནི། དཔེར་ན། རྒྱུ་རྐྱེན་གྱིས་བྱས་ན། མི་རྟག་ལྟ་བུ་དང་། རྒྱུ་ཡོད་པ་ན་འབྲས་བུ་འབྱུང་ལྟ་བུ་ཚེ་སྐབས་ལའང་འཇུག་གོ།
གསུམ་པ་རྒྱུ་མཚན་དོན་གྱིས་བསྟན་པ་ནི། དཔེར་ན། གཞན་ལ་གནས་དེར་དུ་བ་མེད་པར་སྒྲུབ་པ་ལ་དངོས་སུ། འདིར་མེ་མེད་ན་དུ་བ་ཇི་ལྟར་ཡོད་ཅེས་བརྗོད་པ་ལྟ་བུ་སྟེ། ན་ཡིག་གིས་དུ་བ་ཡོད་པར་མེ་ཡོད་པའི་རྒྱུ་མཚན་དོན་གྱིས་སྟོན་པའོ།
བཞི་བ་ཚིག་ཕྱི་མའི་དོན་ཚིག་སྔ་མའི་བསྟན་བྱ་དང་འགལ་བར་སྟོན་པ་ནི། འདི་སྔོན་སློབ་སྦྱོང་ལ་མི་དགའ་བ་ཞིག་ཡིན་ན། ད་ནི་སློབ་སྦྱོང་ལ་ཤེན་ཏུ་སྤྲོ་བ་ཞིག་ཏུ་འགྱུར་འདུག་གོ། འདི་སྔོན་བླུན་པོ་ཞིག་ཡིན་ནའང་། ད་མཁས་པར་གྱུར་འདུག། གང་དུ་མཚེའུ་ཡོད་པ་དེ་ན་ཆུ་ཡོན་པ་ཡིན་ན། ཐང་འདི་ནི་ཆུས་དབེན་པའི་ཐང་ངོ་། ལྟ་བུའོ།
ལྔ་བ་འོས་པར་དཀའ་བའམ་མི་འོས་པ་མཆོག་ཏུ་འཛིན་པ་ནི། དཔེར་ན། མཁས་པས་ལོག་བཤད་བྱེད་ན། བླུན་པོས་ལྟ་ཅི་སྨོས་ལྟ་བུ་སྟེ། སྔ་མ་འོས་པའི་ཚིག་གིས། ཚིག་ཕྱི་མ་དེའི་དོན་ངེས་པར་བྱེད་པས་ན། ཕྱི་ཚིག་ངེས་པར་འབྱེད་པའང་ཟེར། མཁས་པས་ལོག་བཤད་བྱེད་པ་ཤིན་ཏུ་མི་འོས་པར་འཛིན་པ་ལ། མི་འོས་པ་མཆོག་ཏུ་འཛིན་པ་ཞེས་བཏགས་པ་ཡིན། དེ་ལས་ལྡོག་པ་སྔ་མ་འོས་པའི་ཚིག་གིས་། ཕྱི་མའི་ཚིག་དོན་ངེས་པར་བྱེད་པ་ནི། བླུན་པོས་ཡི་གེ་ཤེས་ན་མཁས་པས་ལྟ་ཅི་སྨོས་ལྟ་བུའོ།
དྲུག་པ་འགལ་དང་མི་འགལ་སྟོན་པ་ནི། དཔེར་ན། གསེར་ཡིན་ན་ར་གན་མིན། དངུལ་ཡིན་ན་ཞ་ཉེ་མིན། རྟག་པ་ཡོན་ན་མི་རྟག་པ་ནི་ཡོན་པ་མིན། ལྟ་བུ་སྟེ། རྟག་མི་རྟག་གཉིས་འགལ་བར་སྟོན་ཅིང་། མི་རྟག་པ་ཡོད་པ་དང་། རྟག་པ་མེད་པ་གཉིས་མི་འགལ་བར་སྟོན་པས་ན། འགལ་དང་མི་འགལ་ཞེས་བརྗོད་པར་གསུངས།
བདུན་པ་སྨོན་པའི་གཞི་ནི། དཔེར་ན། བདག་མཁས་པར་གྱུར་ན་ཅི་མ་རུང་། ལྟ་བུའོ།
བརྒྱད་པ་ཐེ་ཚོམ་གྱི་གཞི་ནི། དཔེར་ན། སྐད་ཆ་དེ་བཤད་ན་འགྲིག་གམ་མི་འགྲིག ངས་སློམ་སྦྱོང་ཧུར་བརྩོན་བྱས་ན་མཁས་པར་འགྱུར་རམ་མི་འགྱུར། ལྟ་བུའོ།
ལ་ཡིག་ལྷག་བཅས་ལ་འཇུག་པ་ཡོད་དེ། དཔེར་ན། ནང་དུ་འགྲོ་ལ་ཟས་ཟ། ལྟ་བུའོ།