ལ་ཁ་
ལྷ་སའི་བྱང་ངོས་སུ་ཡོད་པའི་རི་རྒྱུད་དུ་ལྷ་ས་ནས་འཕན་པོར་འགྲོ་སའི་འགྲུལ་ལམ་ལ་ཁ་སྒོ་ལ་དང་། སྐམ་ལ། ཤར་ལ། དགའ་ལ་སོགས་ལ་འགོ་ཁ་ཤས་ཡོད་པ་ནས་དེ་སྔ་གཞུང་དོན་དུ་ལམ་ཡིག་འཁྱེར་ནས་འགྲོ་མཁན་རྣམས་སྒོ་ལ་བརྒྱུད་དེ་མ་གཏོགས་འགྲོ་སྲོལ་མེད། སྒོ་ལའི་ཤར་ངོས་ཀྱི་ཤར་ལ་བརྒྱབ་ན་འཕན་པོ་འཇོག་པོར་སླེབས་པ་དང་། སྒོ་ལའི་ནུབ་ངོས་ཀྱི་སྐམ་ལ་བརྒྱབ་ན་འཕན་པོ་མཁར་རྩེའི་ཁོངས་སུ་སླེབས་པ། སྒོ་ལ་བརྒྱབ་ན་འཕན་པོ་གླང་ཐང་དུ་སླེབས་ཀྱི་ཡོད། ཉང་བྲན་ཕུའི་དགའ་ལ་ཕུད། དེ་མིན་སྒོ་ལ་དང་། སྐམ་ལ། ཤར་ལ་སོགས་ཀྱི་བྱང་རྒྱུད་འཕན་པོ་ནས་ལྷ་སར་ཡོང་མཁན་ཚང་མ་སྒོ་ལའི་ལྟོ་ངོས་གཤམ་གྱི་གླིང་བུ་རྫོང་དུ་སླེབས་ཀྱི་ཡོད་སྟབས་ཁ་རྒྱུན་དུ་ཕུ་ཁ་ནས་བསྐོར་ནའི་མདའ་གླིང་བུ་རྫོང་ཞེས་གཏམ་དཔེ་ཡོད། དེ་བཞིན་ལྷ་ས་སྐྱིད་ཆུའི་ལྷོ་ངོས་སུ་ཡོད་པའི་སྦྲག་ལ་ཞེས་པ་དེ་ནི་ལྷ་ས་ནས་སྦྲག་ལ་དང་། ཕྲེང་འགོ(སྦྲག་དང་ཕྲེང་འགོ་གཉིས་དེང་སྐབས་ལྷོ་ཁ་ས་གནས་ཁོངས)སོགས་ལ་འགྲོ་སའི་འགྲུལ་ལམ་ཡིན། སྔོན་དུས་ལ་ཁ་ཁག་བརྒྱུད་དེ་འགྲོ་སྐབས་ལ་འགོར་ཇག་རྐུན་མང་བས་འགྲུལ་པར་འཕྲོག་བཅོམ་བྱས་རྐྱེན་ལམ་གྲོགས་དང་། མཚོན་ཆ་མེད་པར་འགྲོ་མཁན་ཧ་ཅང་ཉུང་ལ། ཁ་རྒྱུན་དུ་ཡང་ལ་ཁར་ཇག་པས་གང་བྱས། ཆུ་ཁར་མཉན་པས་གང་བྱས་ཞེས་བཤད་སྲོལ་ཡོད་པ་རེད། དམངས་གཙོའི་བཅོས་སྒྱུར་རྗེས་ལྷ་ས་ནས་འཕན་པོ་བར་གཞུང་ལམ་གསར་བསྐྲུན་གྱིས་རླངས་འཁོར་ཤར་བསྐྱོད་ཐུབ་སྟབས་སྒོ་ལ་སོགས་ཀྱི་ལ་ཁ་བརྒྱུད་འགྲོ་མཁན་ཡང་ཧ་ལམ་མེད་པ་ལྟ་བུར་གྱུར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།