རླུང་རྟའི་ངོ་སྤྲོད

ཡོང་ཁུངས་Wikipedia

ང་ཚོ་བོད་ཀྱི་འཚོ་བའི་ཁྲོད་དུ་དམིགས་བསལ་ཅན་གྱི་རླུང་རྟ་ཞེས་པ་འདི་ནི། གནའ་དུས་སུ་རྒྱལ་མཚན་རྩེ་མོ་སོགས་ཆོས་ཡིག་ཁག་ཅིག་དང་གཟུངས་སྔགས་སོགས་ཀྱི་དབྱིངས་སུ།དབུས་ལ་རྟ་མཆོག་ནོར་བུས་མཚན་པའམ་གེ་སར་སོགས༌ དང་། དེའི་ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་བཀོད་ཡོད། རླུང་རྟའི་ལྷ་ལ་གསོལ་མཆོད་བྱེད་པའི་ཆོ་ག་ནི་སྔ་མོ་ནས་བོད་རང་དུ་གསལ་ཡོད་ ཀྱང༌། སྟག་སེང་ཁྱུང་འབྲུག་རྟ་མཆོག་དང་བཅས་པའི་རླུང་རྟའི་རི་མོ་འདི་དག་ག་དུས་བྱུང་ཚུལ་སོགས་གསལ་པོ་བཤད་རྒྱུ་མི་འདུག འོན་ཀྱང་དེ་དག་ནི་བོད་རང་དུ་བྱུང་ཞིང་དར་བའི་རི་མོ་ཐོག་མའི་གྲས་ཤིག་ཡིན་པ་ཨང་གསལ་རེད། ལྷག་པར་དེང་སྐབས་འཛམ་གླིང་གང་སར་བོད་དང་བོད་བརྒྱུད་ནང་བསྟན་ལ་འབྲེལ་བ་ཡོད་ན་རླུང་རྟ་ཡོད་པ་ཁྱབ་པ་ལྟ་བུ་བྱུང་འདུག།

ཐོག་མར་ཀླུང་རྟ་ཞེས་འབྲི་སྲོལ་ཡོད་སྐད་དང་། གོ་དོན་ནི། ཀླུང་ ཞེས་པ་ཀུན་ལ་ཁྱབ་པའི་བདག་ཉིད་ཅེས་པའི་དོན་དང་།རྟ་ཞེས་པ་ཅང་ཤེས་མགྱོགས་འགྲོའི་མིང་སྟེ་བགྲོད་པ་མྱུར་བའི་མཚོན་བྱེད་ཡིན། དེ་ཡི་རྟེན་འབྲེལ་ཁྱད་པར་ཅན་གྱིས་རླུང་རྟ་དར་བ་དང་།  བྱ་བ་ལམ་འགྲོ་ཡོང་བར་མཚོན། དབུས་སུ་རྟ་མཆོག་བཀོད་པ་དེས་ཉེས་པ་ནས་ལེགས་པའི་ལམ་དུ་བགྲོད་པ་དང་། རྟ་མཆོག་ནོར་བུའི་བརྒྱན་པ་དེས་སྐྱེ་འགྲོའི་རེ་འདོད་ཡོངས་སུ་འགྲུབ་པར་མཚོན། འོན་ཀྱང་ཕྱིས་སུ་རླུང་རྟ་ཞེས་འབྲི་ཐང་འགྱུར་བ་སོང་ཏེ། རླུང་གི་བཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་བྱུང་འདུག་པ་ནི། རླུང་རྟ་བར་སྣང་དུ་བསྐྱོད་ཅིང་འཕུར་བ་ལ་རླུང་གི་བྱེད་ལས་ལ་བརྟེན་དགོས་པར་སོང་འདི་ལྟར་འབྲི་སྲོལ་བྱུང་བ་མིན་འགྲོ། 
ཁ་ཅིག་གིས་སྡེ་བཞིའི་གཟུགས་བཀོད་དེས་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ཡིན་ཞེས་ཤོད་སྲོལ་ཡོད་ནའང༌། དངོས་དོན་ནི་འབྱུང་བཞི་མཚོན་བྱེད་དུ་གོ་ན་ལེགས་ཏེ།  ༡ སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་གི་ཁམས་སམ་རླུང་གི་ཁམས་མཚོན་པ་དང༌། ༢ སེང་གེ་རིར་གནས་པས་སའི་ཁམས་མཚོན། ༣ ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་དང༌། ༤ འབྲུག་རྒྱ་མཚོ་ན་གནས་པས་ཆུའི་ཁམས་མཚོན། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་བཅས་ཀྱིས་འབྱུང་བ་དང་དེའི་བྱེད་ལས་ཀྱི་མཚོན་དོན་གསལ་བར་བསྟན། 
  གནའ་དུས་སུ་སྟག་སེང་ཁྱུང་འབྲུག་ཅེས་འདི་འདྲ་ཞིག་བཀོད་སྲོལ་ཡོད་ཀྱང་། ཕྱིས་སུ་རྟེན་འབྲེལ་ལོག་པ་ཡིན་ནམ། ཡང་ན་རྨོང་དཔྱད་ཀྱིས་འབྲུག་ཅེས་པ་ཆུ་སྲིན་གྱི་རིགས་དེ་མཁའ་ལྡེང་ཞིག་ཡིན་ ཚོད་ཀྱིས་འབྲུག་ཐོག་དང་སེང་གེ་འོག་ཏུ་བཀོད་པ་དེང་སང་ས་ཁྱབ་རྡོ་ཁྱབ་རེད། ལོ་ཤས་སྔོན་ཁྲེང་ཏོའུ་དུ་རླུང་རྟ་དཔར་བསྐྲུན་དང་སྡེབ་ཚོང་མཁན་ཞིག་ལ་ཕྲན་ནས་གནས་ལུགས་འདི་བརྗོད་པས་ཁོས་ཐོག་མར་དྭང་དུ་བླངས་སོང་། འོན་ཀྱང་ཕྱིས་སུ་འགྱུར་བ་ཕྱིན་ཏེ། ཁོས་བཤད་རྒྱུར་བླ་རུང་གི་མཁན་པོ་ཞིག་གིས་འབྲུག་མཁའ་དབྱིངས་སུ་བཀོད་པ་འགྲིགས་འདུག་གསུངས། དེར་བརྟེན་སྔར་བཞིན་དཔར་བསྐྲུན་བྱེད་བཞིན་ཡོད་ཟེར།།