Jump to content

རྫུན་པ་

ཡོང་ཁུངས་Wikipedia

རྫུན་པ་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་དུ་ཆོས་ཐམས་ཅད་ཀྱི་སྣང་ཚུལ་དང་གནས་ཚུལ་གྱི་ཁྱད་པར་བརྗོད་པར་སྤྱོད་པའི་ཐ་སྙད་གལ་ཆེན་ཞིག་ཡིན། འདི་ནི་ཕལ་ཆེར་དབུ་མའི་ལུགས་ཀྱི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་རྣམ་གཞག་གི་ནང་དུ་གཙོ་བོར་བཀོལ་སྤྱོད་བྱེད་པ་ཞིག་ཡིན།

མཚན་ཉིད།

[རྩོམ་སྒྲིག]

རྫུན་པ་ཞེས་པའི་སྒྲ་འདི་ནི་བདེན་པ་ལས་ལྡོག་པའི་དོན་དུ་སྤྱོད་ཅིང་། ཆོས་ཅིག་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་གནས་སྟངས་ལ་གོ་དགོས། དཔེར་ན་སྒྱུ་མ་དང་རྨི་ལམ་ལྟ་བུ་སྣང་ཡང་མི་བདེན་པའི་དོན་དུ་འཇུག་པ་ཡིན།

ནང་དོན།

[རྩོམ་སྒྲིག]

རྫུན་པ་ཞེས་པའི་ཐ་སྙད་འདི་ནི་དབུ་མའི་ལྟ་བའི་ངང་ནས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོན་པའི་གཙོ་བོའི་རྣམ་གཞག་ཅིག་ཡིན། "དེས་ན་ཉོན་མོངས་པ་འདི་དག་ནི་རང་བཞིན་གྱིས་གྲུབ་པ་ལྟར་སྣང་ནའང་རང་བཞིན་གྱིས་གྲུབ་པས་སྟོང་པ་སྔགས་རྫས་སོགས་ཀྱི་སྟོབས་ལས་མེད་བཞིན་དུ་ཨ་སྣང་བའི་སྒྱུ་མ་དང་འདྲ་བའི་བརྫུན་པ་ཡིན་པ་དེའི་ཕྱིར།"[] ཞེས་རྫུན་པ་དང་སྒྱུ་མའི་དཔེ་སྦྲགས་ནས་བསྟན་ཡོད།

དབྱེ་བ།

[རྩོམ་སྒྲིག]

རྨི་ལམ་ལྟ་བུའི་རྫུན་པ། "རྨི་ལམ་ལྟ་བུའི་གཟུགས་མ་དཔྱད་པའི་ཚེ་ན་ཚུགས་ཐུབ་པ་ལྟར་སྣང་ཞིང་དཔྱད་པའི་ཚེ་རང་བཞིན་གྱིས་གྲུབ་པ་མེད་པ་ལ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཆགས་"[]ཞེས་བ་ལྟར་རྨི་ལམ་གྱི་སྣང་བ་ལྟ་བུར་གསལ་པོར་སྣང་ཡང་དངོས་སུ་ཡོད་པ་མ་ཡིན་པའི་རྫུན་པ་ལ་གོ །

སྒྱུ་མ་ལྟ་བུའི་རྫུན་པ། "འདི་ནི་སྒྱུ་འདྲ་སྟེ། དཔེར་ན། སྒྱུ་མ་ནི་དེའི་རྣམ་པས་སྟོང་ཡང་སྔགས་དང་སྨན་གྱི་མཐུ་ལས་རྐྱེན་འདི་ཙམ་གྱིས་དེ་ཁོ་ན་ཉིད་དུ་མེད་ཀྱང་། གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་"[]ཞེས་སྒྱུ་མ་ལྟར་སྔགས་དང་རྫས་ཀྱི་མཐུས་བསྐྱེད་པའི་སྤྲུལ་པ་ལྟ་བུར་སྣང་ཡང་དེར་མ་གྲུབ་པའོ། །

ཀུན་རྫོབ་ཀྱི་རྫུན་པ། རྣམ་དཔྱོད་ཀྱིས་དཔྱད་ནས་མ་གྲུབ་ཀྱང་ཐ་སྙད་དུ་གྲགས་པའི་ཆོས་ཐམས་ཅད་ལ་གོ །"འོ་ན་ཅི་ཞིག་འགོག་ཅེ་ན། འདིར་ནི་སྔུག་བསྔལ་གྱི་རྒྱུར་གྱུར་པ་དངོས་པོ་ཀུན་ལ་དེར་ཞེན་གྱི་བདེན་པར་རྟོག་པ་བཟློག་བྱ་ཡིན་ནོ། །"[]ཞེས་གསུངས་པ་ལྟར་ཀུན་རྫོབ་དུ་སྣང་བའི་ཆོས་ཀུན་རྫུན་པར་བཞེད།

རྩོད་སྤོང་།

[རྩོམ་སྒྲིག]

ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་རྩོད་པ། རྒོལ་བ་འགས་ཀྱིས་གལ་ཏེ་ཐམས་ཅད་རྫུན་པ་ཡིན་ན་ཀུན་རྫོབ་ཏུ་ཡང་འགྲུབ་མི་དགོས་སམ་ཞེས་རྩོད་ན། ལན་ནི། "འཇིག་རྟེན་པ་གཙང་བདེ་རྟག་སོགས་སུ་ ཞེན་པ་ལ་ལྟོས་ནས་དེ་ཉིད་མཐོང་བར་བཞེད་པ་ཙམ་ཡིན་པའི་ཕྱིར།"[] ཞེས་གསུངས།

ཚད་མ་རྫུན་པའི་རྩོད་པ། "གལ་ཏེ་འཇལ་བྱེད་རྫུན་པ་ཡིན་པས་གཞལ་བྱ་མི་འགྲུབ་ན་དབུ་མ་པ་ཁྱོད་འཇལ་བྱེད་ཀྱི་ཤེས་པ་ཚད་མའང་དོན་དམ་པར་ཚད་མར་གྲུབ་པ་མིན་ན། དེས་གཞལ་བའི་གྲུབ་པའི་མཐའ་རྣམ་པར་བཞག་པའང་རྫན་པར་མི་འགྱུར་རམ།"[] ཞེས་ཚད་མ་ཡང་རྫུན་པ་ཡིན་ན་སྟོང་ཉིད་ཀྱང་མ་གྲུབ་པར་འགྱུར་རོ་ཞེས་རྩོད།

བསོད་ནམས་ཀྱི་རྩོད་པ། "དཔེར་ན་ཁྱེད་སེམས་ལྡན་དུ་བདེན་པའི་སངས་རྒྱས་ལ་མཆོད་པས་ཇི་ལྟར་འབྲས་བུ་བསོད་ནམས་བདེན་པ་འབྱུང་བར་འདོད་པ་བཞིན་དུ། ངེད་ཀྱང་བརྫུན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་བརྫུན་པ་འབྱུང་བར་འདོད་པ་ལ་སྐྱོན་མེད་དོ། །"[]ཞེས་སྣང་བ་རྫུན་པ་ཡིན་ན་བསོད་ནམས་ཀྱང་མི་འབྱུང་ཞེས་པའི་རྩོད་པ།

བསྡུས་དོན།

[རྩོམ་སྒྲིག]

རྫུན་པ་ཞེས་པ་ནི་ནང་པའི་ཆོས་ལུགས་ཁོངས་སུ་གཏོགས་པའི་གལ་ཆེ་བའི་ཐ་སྙད་ཅིག་སྟེ། དབུ་མའི་ལུགས་ནས་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཡང་དོན་དམ་དུ་མ་གྲུབ་པའི་རང་བཞིན་ལ་གོ་དགོས། འདི་ནི་རྨི་ལམ་དང་སྒྱུ་མ་ལྟ་བུའི་དཔེས་གསལ་འདེབས་བྱས་ཏེ། སྣང་ཡང་མི་བདེན་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་བརྗོད་པར་སྤྱད། རྫུན་པའི་རང་བཞིན་རྟོགས་པ་ནི་བདེན་འཛིན་གྱི་གཉེན་པོ་ཡིན་ཞིང་། སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཐབས་སུ་གསུངས། དེའང་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་ཀྱི་རྣམ་གཞག་གི་ནང་དུ་གོ་དགོས་པ་ཞིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་གྲངས། 341
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས། 256
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས། 346
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་གྲངས། 545
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས། 256
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་གྲངས། 631-632
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། 158