རྩྭ་མཆོག་གྲོང་
རྩྭ་མཆོག་གྲོང་ (Kushinagar) ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གནས་ཡིན་པ་དང་། གནས་དེ་ནི་རྒྱ་གར་ཨུ་ཏྟར་པྲ་དེ་ཤའི་ (Uttar Pradesh) མངའ་ཁོངས་གོ་རཁ་པུར་ (Gorakhpur) ཟེར་བ་དེར་ཡོད། གཉན་ཡོད་ནས་ཕྱིན་ན་ཀི་ལོ་མི་ཊར་ ༢༣༩ ཙམ་གྱི་མཚམས་ན་ཡོད་པ་དང་། གནས་དེར་སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་ལ་སོགས་པའི་ཆོས་ཇི་སྙེད་ཅིག་བཀའ་སྩལ་ཏེ། གདུལ་བྱ་བགྲང་བ་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་ནས། སྐུ་དངོས་ཀྱི་གདུལ་བྱ་ཐ་མ་འདུལ་བའི་དུས་ལ་བབས་པར་གཟིགས་ནས་གྲོང་ཁྱེར་རྩྭ་ཅན་དུ་ཕེབས་ཏེ། པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་ནས་དྲི་ཟའི་རྒྱལ་པོ་རབ་དགའ་བདེན་པ་ལ་བཀོད། དེ་ནས་རྫིང་བུ་དལ་འབབ་ཀྱི་འགྲམ་ན་ཀུན་ཏུ་རྒྱུ་རབ་བཟང་ལོ་བརྒྱ་དང་ཉི་ཤུ་ལོན་པ་དགྲ་བཅོམ་པར་གྲགས་པ་ཞིག་ཡོད་པ་དེས། ཨུ་དུམ་ཝཱ་རའི་མེ་ཏོག་རྙིང་པ་སོགས་སྟོན་པ་མྱ་ངན་ལས་འདའ་བའི་རྟགས་མང་པོ་མཐོང་སྟེ། སྟོན་པ་མཇལ་བར་འདོད་ནས་ཀུན་དགའ་བོ་ལ་ལན་གསུམ་ཞུས་པའི་མཐར་སྟོན་པས་མཁྱེན་ཏེ། རབ་བཟང་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པར་བཀོད་པ་དང་། མགར་བའི་བུ་ཙུན་ད་ལས་བསོད་སྙོམས་ཀྱི་མཐའ་མ་བཞེས་ཏེ། སྟོན་པས་སྐུའི་སྟོད་གཡོགས་བསལ་ནས་དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ནི་རྙེད་པར་དཀའ་བས། དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ། །ཞེས་གསུངས་ནས་ཤིང་སཱ་ལ་ཟུང་གི་དྲུང་དུ་དབུ་བྱང་ཕྱོགས་སུ་བསྟན་ཏེ། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་ལྕགས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གདུལ་བྱ་ཐུན་མོང་བའི་ངོར་སྟོན་པ་མཆོག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གནས་ཡིན། དེང་སང་གནས་དེར་མཆོད་རྟེན་དཀར་ཟླུམ་ཞིག་དང་། དེའི་མདུན་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་ཚུལ་གྱི་རྣམ་པ་བསྟན་པའི་སྐུ་བརྙན་བཞུགས་པ་ཞིག་དང་། དེ་ནས་ཤར་ཕྱོགས་སུ་ཅུང་ཙམ་གྱི་སར་སྐུ་གདུང་བཞུགས་འབུལ་བྱས་པའི་གནས་འཁྲུལ་མེད་ཡིན་པར་མཆོད་རྟེན་ཧ་ཅང་ཆེ་བ་ཞིག་མཇལ་རྒྱུ་ཡོད། དེང་སང་གི་མིང་ལ་རཱམ་བྷཱར་ (Ramabhar) ཟེར་ཞིང་མདོ་ལས་གསུངས་པའི་གྱད་ཀྱི་དབུ་རྒྱན་བཅིང་བའི་མཆོད་རྟེན་ཞེས་པ་དེ་ཉིད་ཡིན། མཆོད་རྟེན་དེའི་ཤར་ཕྱོགས་སུ་ཡོད་པའི་མཆོད་རྟེན་ཆུང་ངུ་བརྒྱད་ཡོད་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྐུ་གདུང་བཞུགས་ནས་གདུང་རྟེན་རྣམས་ཆ་བརྒྱད་དུ་ཕྱེས་བའི་མཆོད་རྟེན་ཡིན་པར་གྲགས་སོ། །