Jump to content

རྩེ་ཆེན་དགོན།

ཡོང་ཁུངས་Wikipedia

མཚན་རྒྱས་པར། ཐུབ་བསྟན་རབ་རྒྱས་གླིང་ཞེས་ཞུ། རྒྱལ་རྩེ་དཔལ་ཆོས་དགོན་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་ནུབ་ངོས་སུ་སོང་ན་རྩེ་ཆེན་གྲོང་ཚོ་ཞེས་པའི་རྒྱབ་རིར་དགོན་དེ་མཇལ་རྒྱུ་ཡོད། རྩེ་ཆེན་ཞེས་པ་ནི་བུ་མོ་སྣང་ས་འོད་འབུམ་འཁོར་བར་ཐུགས་ཞེན་ལོག་སྟེ་དགོན་པ་བསེ་བྲག་སྒྲུབ་སྡེར་ལྷ་ཆོས་གནང་བར་ཕེབས་རྒྱུར་ཐུགས་ཐག་བཅད། གནང་བས་རྗེས་སུ་ཟམ་པའི་མིང་ལའང་རྩེ་ཆེན་ཟམ་པ་དང་། དགོན་མིང་ལའང་རྩེ་ཆེན་དགོན་ཞེས་ཐོགས། དགོན་དེ་ནི་ཉ་དབོན་ཀུན་དགའ་དཔལ་གྱིས་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་ཚན་དུ་ཕྱག་བཏབ་གནང་མཛད། གྲངས་མེད་ཆེ་གྲྭ་ཚང་དང་། དབོན་དགའ། དུང་འཁོར། བཟོད་དཔལ། ཡོལ་དགའ། དགའ་ལྡན་པ། དཔོན་ཆོས་པ། སྒྲོལ་མ་ལྷ་ཁང་། བདེ་བ་ཅན་བཅས་གྲྭ་ཚང་དགུ་དང་། སྤྱི་གསོ་འམ་ཆོས་སྡེ་ཞེས་ཚོགས་ཆེན་གཅིག་བཅས་ཡོད། སྔོན་འདུ་ཁང་ཀ་བ་ཞེ་གཉིས་ནང་རྟེན་གཙོ་སྒྲོལ་མ་གསུང་བྱོན་སོགས་རྟེན་གསུམ་ཇི་སྙེད་དང་གྲྭ་ཚང་ཁག་ལའང་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་བླ་ཁག་དགུ་ཡོད་པ་ལས་དུང་འཁོར་དང་ཡོལ་དགའ་བུ་ལུགས་དང་། གྲངས་མེད་ས་ལུགས་ཡིན་པ་ལས་གཞན་རྣམས་དགེ་ལུགས་ཡིན། ཐོག་མར་དགེ་འདུན་༥༠༠སྐོར་ནས་རྗེས་སུ་དགེ་འདུན་༣༠༠ཙམ་གྱིས་བླ་ཁག་སོ་སོའི་འདོན་ཆོས་གྲུབ་མཐའ་ཁག་ཕྱག་བཞེས་མཛད་པ་ལ་ཚོགས་ཆེན་ལ་དགེ་ལུགས་ཕྱག་ལེན་མཛད་པ་དང་ལོ་ལྟར་བོད་ཟླ་༡༢ནང་གྲྭ་ཚང་སོ་སོའི་གར་འཆམ་ཡང་བསྐྱོན་སྲོལ་ཡོད། སྔར་རྒྱལ་རྩེ་དཔལ་ཆོས་དང་། རི་ཁྲོད། རྩེ་ཆེན་དགོན་བཅས་བསྟན་རྒྱས་གླིང་གི་ཁོངས་ཡིན། ད་ལྟ་སྔར་གྱི་རྩེ་ཆེན་དགོན་གྱི་འོག་ཏུ་གསར་བཞེངས་གནང་བའི་ནང་སྔོན་གྱི་ཐུབ་སྐུའི་སྐུ་སྨད་སྟེང་སྐུ་སྟོད་གསར་བཞེངས་གནང་བའི་ཐུབ་དབང་གི་སྐུ་བརྙན་དང་འབྲེལ་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས།