རྩ་བའི་ཐ་སྙད་

ཡོང་ཁུངས་Wikipedia

མིང་གི་ཚོགས་པའི་མ་ལག་ནང་དུ་ཅུང་གཏན་འཇགས་ཡིན་པའི་སྲོག་ཤིང་ཞིག་ཡོད་པ་དེ་ནི་མིང་གི་ཚོགས་པའི་ཆ་ཤས་ཆེས་གཙོ་བོ་ཡིན་ལ། དེ་ལ་རྩ་བའི་ཐ་སྙད་ཟེར་བ་ཡིན། སྲོག་ཤིང་དེ་གྲུབ་པའི་རྩ་བའི་ཐ་སྙད་ལ་གྲངས་ཀ་མང་བོ་མེད་རུང་། ཧ་ཅང་གལ་ཆེ་བ་དེ་གསལ་བོ་རེད། དེའི་ནང་དོན་ཐོག་ནས་བཤད་ན་མིང་དེ་དག་གིས་མཚོན་པ་ནི་ཚང་མ་ཆེས་གལ་ཆེ་བའི་བྱ་དངོས་དང་བྱ་སྤྱོད། ངོ་བོ་བཅས་ཡིན་ཞིང་། མི་རྣམས་ཀྱིས་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱས་ན་མེད་དུ་མི་རུང་བ་ཞིག་རེད། དཔེར་ན། རྟག་པར་མཐོང་བའི་རང་བྱུང་སྣང་ཚུལ་གྱི་མིང་སྟེ། རི་དང་ཆུ། རླུང་། ཆར་བ། མེ། ཉི་མ། ཟླ་བ་ལ་སོགས་པ་ལྟ་བུ།

དམངས་ཡོངས་རང་བཞིན།[རྩོམ་སྒྲིག]

རྩ་བའི་ཐ་སྙད་དེས་མཚོན་པ་ནི་ཆེས་གལ་ཆེ་བའི་དོན་སྤྱི་ཡིན་ཞིང་། དེའི་ནང་དོན་མི་རེ་རེའི་འཚོ་བ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཆེ་བས། མིjདེ་གྲལ་རིམ་གང་ཡིན་རུང་། མི་དེ་ལས་རིགས་གང་ཡིན་རུང་། མི་དེའི་ལོ་ཆེ་ཆུང་གང་ཡིན་ནའང་། ཚང་མས་བཀོལ་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གྱིས། དེས་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཞིང་བཀོལ་སྤྱོད་ཀྱི་བྱུང་ཚད་ཆེས་མཐོ་བ་རེད།

གཏན་འཇགས་རང་བཞིན།[རྩོམ་སྒྲིག]

རྩ་བའི་ཐ་སྙད་དེས་མཚོན་པ་ནི་མིའི་རིགས་ཀྱི་འཚོ་བའི་ནང་གི་ཆེས་གལ་ཆེ་བའི་བྱ་དངོས་དང་དོན་སྤྱི་རེད། བྱ་དངོས་དང་དོན་སྤྱི་དེ་དག་གནའ་སྔ་མོ་ཡིན་ནའང་མེད་མི་རུང་བ་དང་། དེའི་འཕོ་འགྱུར་ཡང་ཤིན་ཏུ་དལ། དེར་བརྟེན་རྩ་བའི་ཐ་སྙད་བྱུང་བ་ཧ་ཅང་སྔ་ཞིང་གནས་པའི་དུས་ཡུན་ལྷག་པར་རིང་བས། སྐད་ཆའི་རྨང་གཞིར་གྱུར་བ་རེད། རྩ་བའི་ཐ་སྙད་ཅུང་གཏན་འཇགས་ཡིན་རུང་། ནམ་ཡང་མི་འགྱུར་བ་མ་རེད། སྐད་ཆའི་གོང་འཕེལ་དང་བསྟུན་ནས་དེ་ཡང་དལ་མོར་འགྱུར་གྱིན་ཡོད། འགྱུར་བའི་བརྒྱུད་རིམ་ནང་ལ་དེར་འདུས་པའི་མིང་གི་གྲངས་ཀ་ལ་འཕེལ་འགྲིབ་ཡོད་པ་དང་། གོ་དོན་ལ་འཕེལ་འགྱུར་བྱུང་ཡོད་ལ། གསར་རྙིང་བརྗེ་ལེན་བྱེད་པའི་གནས་ཚུལ་ཡང་བྱུང་ཡོད། རྩ་བའི་ཐ་སྙད་དེས་རྟག་པར་མིང་གི་ཚོགས་པའི་མ་ལག་གི་ཆ་ཤས་གཞན་དག་ནང་ནས་གྲུབ་ཆ་བླངས་ཏེ། རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་རེད།

འཕེལ་སྟོབས་རང་བཞིན།[རྩོམ་སྒྲིག]

རྩ་བའི་ཐ་སྙད་ལ་མིང་སྦྱོར་བའི་ནུས་པ་ཆེན་པོ་ཡོད། སྐད་ཆའི་ནང་གི་ཐ་སྙད་གསར་བ་ནི་གཙོ་བོ་རྩ་བའི་ཐ་སྙད་དེ་རྒྱུ་ཆ་བྱས་ནས་གྲུབ་པ་རེད། རྩ་བའི་ཐ་སྙད་ཀྱི་ཁྱད་ཆོས་ཀྱི་ཐོག་ནས་དེའི་གལ་ཆེ་བའི་རང་བཞིན་ཤེས་ཐུབ་པ་རེད། རྩ་བའི་ཐ་སྙད་ནི་མིང་གི་ཚོགས་པའི་རྨང་གཞི་ཡིན་ལ། མིང་གི་ཚོགས་པའི་གཞི་རྩའི་གནས་ཚུལ་ཐག་ཆོད་ཅིང་། ད་དུང་བརྡ་སྤྲོད་ཀྱི་གྲུབ་ཚུལ་དང་མཉམ་དུ་སྐད་ཆའི་ཁྱད་ཆོས་ཀྱི་ངོ་བོར་གྲུབ་པ་རེད། རྩ་བའི་ཐ་སྙད་ཀྱི་ཁྱད་ཆོས་གསུམ་ནི་ཕན་ཚུན་ཟུང་དུ་འབྲེལ་བ་རེད། མིང་ཞིག་རྩ་བའི་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་མིན་ནི་ཕྱོགས་གཅིག་ནས་བལྟ་མི་རུང་བར། ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས། མི་རིགས་སོ་སོ་རང་རང་གནས་པའི་རང་བྱུང་ཁོར་ཡུག་མི་འདྲ་བ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཆབ་སྲིད། དཔལ་འབྱོར། རིག་གནས་ཀྱི་འཚོ་བ་ཡང་གཅིག་འདྲ་མ་རེད། དེའི་རྒྱུ་མཚན་གྱིས་མི་རིགས་ཀྱི་སྐད་ཆ་སོ་སོའི་རྩ་བའི་ཐ་སྙད་ཀྱི་ནང་དོན་དང་ཁྱབ་ཁོངས་ལའང་ཁྱད་པར་ཡོད་པ་རེད།