Jump to content

རྩ་ཐང་བུ་མོ།

ཡོང་ཁུངས་Wikipedia

རྩ་ཐང་གི་ལྷ་མོ།

[རྩོམ་སྒྲིག]

རྩོམ་པ་པོ། དཔལ་དོན་གྲུབ་རྒྱལ། རང་གྲོལ།

གཅིག

སྔོ་བསངས་མཁའ་ལ་ཁྲི་གདུགས་ཉི་མ་ཤར། །

བར་སྣང་དབྱིངས་སུ་བྱ་རྒྱལ་རྒོད་པོ་ལྡིང་། །

ནེའུ་གསིང་ཚལ་ན་མེ་ཏོག་ལྡིང་ཁང་བཀྲ། །

བུང་བ་གཞོན་ནུའི་དར་དིར་དབྱངས་ལམ་ནས། །

ཕྱེ་ལེབ་སྒེག་མོས་གར་སྟབས་ལིང་ལིང་བསྒྱུར། །

ངང་ངུར་མགྲིན་རྔ་སིང་སིང་བརྡུངས་པའི་མོད། །

མཚེའུའི་གཉེར་མ་ཤིག་ཤིག་འགུལ་བར་བྱེད། །

ན་བུན་ལང་ལོང་འཐིབས་པའི་རྫ་རི་ལས། །

དྭངས་ཤིང་བསིལ་བའི་རྗ་ཆུ་ལྷུང་ལྷུང་འབབ། །

ཐག་རིང་རྒྱང་གི་སྤང་གཤོང་མཛེས་པའི་གཞིར། །

ཤ་རྐྱང་མ་བུ་དགའ་བའི་རྐང་བྲོ་བརྡུངས། །

སྟོད་ཀྱི་སུ་རུ་རོག་པའི་གསེབ་གསེབ་ཏུ། །

རི་དྭགས་དགོ་བའི་ཁྱུ་རྣམས་བག་ཕེབས་རྒྱུ། །

ཨེ་མ་འདི་ལྟའི་དགེ་མཚན་བྱེ་བའི་གནས། །

གངས་ཅན་མདོ་སྨད་ས་ཡི་ཐིག་ལེ་སྟེ། །

བྲག་དཀར་གནམ་རྫོང་སྙན་གྲགས་དབྱར་སྐྱེས་རྔ། །

བརྡུངས་པ་མེད་པར་གོ་ལའི་ཁྱོན་ལ་འགེངས། །

གཟུགས་བྱད་མཛེས་ལ་ལང་ཚོའི་དཔལ་གྱིས་སྙེམས། །

བཅུ་དྲུག་ལང་ཚོའི་ཆ་ཤས་དཔལ་གྱིས་སྙེམས། །

སྐལ་བཟང་མཚན་འཛིན་གཞོན་ནུ་སོ་སྒོ་ཅན། །

གནམ་རྫོང་ཐང་ན་ལུག་ཁྱུ་འཚོ་ལ་རིངས། །

ཨེ་མ་ལ་ཧོ་བྲག་དཀར་གནམ་གྱི་རྫོང་། །

ས་སྟེང་དགེ་མཚན་མ་ལུས་ཁྱོད་ལ་ལྡན། །

ལྷ་ཡི་བདེ་སྐྱིད་མ་ལུས་ཁྱོད་ལ་ལྡན། །

ཀླུ་ཡི་ལོངས་སྤྱོད་རྣམས་ཀྱང་ཁྱོད་ལ་རྒྱས། །

དེ་ལྟ་ན་ཡང་གཞོན་ནུ་སྐལ་བཟང་ནི། །

རང་སེམས་མཐུན་པའི་གྲོགས་དང་མ་འཕྲད་པས། །

རྩ་ཐང་དགེ་མཚན་མ་ལུས་ཁྱོད་ལ་རྒྱས། །

སྐྱོ་བའི་གླུ་ཆུང་ལེན་ཞིང་ལེན་ཞིང་སྨྲེང་།

ཀ་ཡེ་གསོན་དང་གཞོན་ནུ་སོ་སྒོ་ཅན། །

སེམས་པ་མ་སྐྱོ་ཐུགས་བློ་བདེ་བར་མཛོད། །

སུམ་རྩེན་ལྷ་ཡི་བུ་མོ་མཛེས་མ་ཞིག །

རིང་མིན་ཁྱོད་ཀྱི་ཁྱིམ་ཐབ་བགྱིད་པར་འོང་། །

གཟུགས་མེད་སྒྲ་ཞིག་རྣ་བར་ལྷུང་མ་ཐག །

གཞོན་ནུ་ཡ་མཚན་ཅི་ཡིན་ཆ་མ་མཚལ། །

ཧ་རེ་ལས་ཏེ་རི་ཞིག་ཧད་དེ་ལུས། །

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་ན། །

དྲི་བཞོན་བུ་མོའི་ལུང་བསྟན་ཡིན་པ་ཤེས། །

གློ་བུར་མཁའ་ལས་སྦྲང་ཆར་ཟིམ་ཟིམ་བབས། །

བར་སྣང་དབྱིངས་སུ་དབང་པོའི་གཞུ་རིས་བཀྲ། །

མཚར་སྡུག་ལྟ་བས་མི་ངོམས་ལྷ་མོ་ཞིག །

དབང་གཞུའི་རྟ་ལ་བཅིབས་ཏེ་འཛུམ་མེར་བྱུང་། །

སྐལ་བཟང་མིག་ལ་དུང་པའི་མཆི་མ་འཁྲིགས། །

སྐལ་བཟང་ཡིད་ལ་དགའ་བདེའི་དཔལ་གྱིས་ཁྱབ། །

བསྐལ་བ་དེ་འདྲ་བྱུང་ན་དགའ་བ་ལ། །

ཞེས་མཛེས་མ་མཁའ་ལས་བབས་པའི་ལེའུ་སྟེ་དང་པོོའོ། །

གཉིས་པ།

དྲི་གཞོན་བུ་མོའི་ལུང་བསྟན་མངོན་གསུམ་སུམ་གྲུབ། །

སྐལ་བཟང་རེ་བའི་འབྲས་བུ་དེ་རིང་སྨིན། །

ལྷ་མོར་མཇལ་བའི་གོ་སྐབས་དངོས་སུ་ཐོབ།།

དེའི་ཕྱིར་གཞོན་ནུས་སྤོབས་པ་ཆེར་བསྐྱེད་དེ། །

ལྷ་ཡི་བུ་མོ་དྲི་བའི་གཏམ་འདི་གླེང་། །

ཀ་ཡེ་གསོན་དང་མཚར་སྡུག་ལང་ཚོ་ཅན། །

དབང་པོའི་གཞུ་ལ་བཅིབས་པའི་མཛེས་མ་ཁྱོད། །

བཞིན་ལེགས་སྐྱེས་འབྲས་སྲིད་ན་འགྲན་ཟླས་དབེན། །

བཙས་མིན་བཞེངས་པའི་ལྷ་ཡི་སྐུ་དང་མཚུངས། །

ལྷ་བཟོ་མཁས་པས་གསེར་ལས་བརྡུངས་པ་འདྲ། །

རིན་ཆེན་རྒྱན་ཆའི་ཕྲ་ཚོམ་བཏབ་པ་འདྲ། །

དཔྲལ་བའི་དབྱེས་ནི་ཆེ་ཞིང་ཟླུམ་པ་དང་། །

སྨིན་དཀྱུས་རིང་པོ་རྒོད་ཀྱི་གཤོག་པ་འདྲ། །

མིག་འབྲས་ཟུང་ནི་ཆུ་ཤེལ་མེ་ལོང་བཞིན། །

དུས་གསུམ་རྗེན་པར་གཟིགས་པའི་གཟི་འོད་འབར། །

ལྷ་མོཁྱོད་ཀྱི་དབང་པོ་རྣམ་ལྔ་ནི། །

སྐྱེས་པ་མི་འདྲ་བྲིས་པའི་རི་མོ་འདྲ། །

རི་མོ་མཁན་གྱིས་པིར་གྱིས་བྲིས་པ་འདྲ། །

སྣ་ཡི་གཟེངས་ནི་ཅུང་ཟད་མཐོ་བ་དང་། །

མཆུ་ཡི་འདབ་མ་དཀར་ལ་དམར་མདངས་ཆགས། །

མགུལ་དུ་འཕྱང་བའི་མེ་ཏོག་དོ་ཤལ་དེ། །

སླས་པ་མི་འདྲ་རང་བྱུང་སྐྱེས་དང་མཚུངས། །

ཁྱོད་ནི་སྐྱེད་མོས་ཚལ་གྱི་པད་མོ་བཞིན། །

འཇིག་རྟེན་བུ་མོ་རྣམས་ཀྱི་གཙུག་རྒྱན་འདྲ། །

ཁྱོད་ནི་རྒྱུ་སྐར་ཁྲོད་ཀྱི་ཉ་ཟླ་བཞིན། །

འཛམ་གླིང་མཛེས་མའི་ཡོན་ཏན་མ་ལུས་ཚང་བ་ཁྱོོད། །

ལྷ་ཀླུ་དྲི་ཟ་མི་སོགས་སུའི་སྲས་མོ། །

མཛེས་མ་ཁྱོད་ཀྱི་རིགས་རུས་ཆོ་འབྲང་སོགས། །

མ་གསང་དྲང་པོའི་གཏམ་ཞིག་བདག་ཞ་སྨྲས། །

དེ་ཐོས་མཛེས་མ་དབང་གཞུའི་རྟ་ལས་བབས། །

སྨིན་དཀྱུས་རིང་པོ་ལྷེམ་ལྷེམ་འགུལ་བ་དང་། །

གདོང་ནི་གསར་འཁྲུངས་པད་མོ་འཛུམ་པ་བཞིན། །

དུང་པའི་སྐད་ཀྱིས་མཆིད་ཚིག་འདི་ལྟར་སྨྲས། །

ཀ་ཡེ་ཚུར་ལ་གསོན་དང་འཇིག་རྟེན་མི་ཡུལ་གཞོན་ནུ། །

ལང་ཚོའི་དཔལ་གྱིས་སྙེམས་པའི་གཟུགས་མཛེས་ཡོད་འོང་གི་ཕོ་གསར། །

ང་ནི་འདི་ནས་མ་ཡིན་སྟེང་ཕྱོགས་ལྷ་ཡུལ་ནས་ཡིན་ཏེ། །

སུམ་རྩེན་བདག་པོ་བཞུགས་པའི་རྣམ་རྒྱལ་ཕ་བྲང་གི་ཡིན་ནོ། །

བུ་མོའི་ཕ་ཡི་མིང་ལ་ཚངས་པ་སེར་པོ་ཞེས་བྱ་སྟེ། །

བུ་མོའི་མ་ཡི་མཚན་ལ་དབྱངས་ཅན་ལྷ་མོ་རང་བྱའོ། །

བུ་མོ་བདག་གི་མིང་ལ་ཀུན་དགའ་ལྷ་སྐྱིད་ཅེས་ཟེར་རོ། །

སྟེང་ཕྱོགས་ལྷ་ཡིན་ཡུལ་ན་བདེ་སྐྱིད་མེ་པ་ནི་མིན་ནོ། །

འཇིག་རྟེན་མི་ཡི་ཡུལ་གྱི་སྙན་པའི་གྲགས་པ་དེ་ཐོས་པས། །

དེ་རིང་བཀྲ་ཤིས་ཉིན་མོར་རྒྱལ་ཁམས་ལྟད་མོ་ལ་འོངས་སོ། །

འཇིག་རྟེན་མི་ཡི་ཡུལ་དུ་དགེ་མཚན་གསར་པ་ཡིས་ཁེངས་འདུག །

སྔོན་ཆད་མཐོང་ཐོས་མེད་པའི་དཔལ་གྱི་ཡོན་ཏན་འདི་མཐོང་བས། །

བུ་མོའི་སེམས་ཀྱི་འདུན་པ་འཇིག་རྟེན་མི་ཡུལ་ལ་ཤོར་སོང་། །

བུ་མོའི་སྔོན་ལས་བཟང་པས་གཞོན་ནུ་ཁྱེད་རང་དང་མཇལ་བྱུང་། །

དེ་སྐད་གསུང་བཞིན་མཛེས་མའི་མིག་གི་མདའ། །

འཁྱོག་པ་མེད་པར་གཞོན་ནུ་དེར་འཕངས་པས། །

ཕ་གསར་བཞིན་རས་ཉ་ཟླའི་དཀྱིལ་འཁོར་གྱི །

རི་དྭགས་མིག་ཅན་སྐྱེངས་ཏེ་འབྲོ་རུ་དོགས། །

འོན་ཀྱང་མཛའ་བརྩེའི་མདུད་རྒྱ་དམ་པོ་ཡིས། །

ཡིད་ཀྱི་དབང་པོ་ལྷན་དུ་སྦྲེལ་བའི་ཕྱིར། །

ཕོ་གསར་སླར་ཡང་སྤོབས་པ་ཆེར་བསྐྱེད་དེ། །

མཛེས་མའི་གདོང་ལ་འཛུམ་གྱིས་ལྟ་དགོས་བྱུང་། །

ཨེ་མ་འཇིག་རྟེན་སྲིད་པའི་སྣང་བ་ཡི། །

དབང་དུ་གྱུར་པའི་འདོད་ལྡན་ཕོ་མོ་གཉིས། །

ཕན་ཚུན་དུང་པའི་རྗེས་སུ་མངོན་ཆགས་པས། །

ཕན་ཚུན་མགུལ་ནས་ཡང་དག་འཁྱུད་པར་རྩོམ། །

དེར་ཡང་མཛའ་བས་འཁྱུད་པའི་སྙིང་གྲོགས་ཟུང་། །

དགའ་བདེར་རོལ་བའི་འདོད་པས་མ་ཚིམས་ཀྱང་། །

པད་མོར་རྩེན་པའི་ཉི་མ་གཞོན་ནུ་ཡང། །

སྐྱེངས་པའི་ཚུལ་གྱིས་ནུབ་རིའི་ཕག་ཏུ་བྲོས། །

ཞེས་ལྷ་མོའི་དང་སྐལ་བཟང་གཉིས་སྣང་བ་མཐུན་པའི་ལེའུ་སྟེ་གཉིས་པའོ། །

གསུམ་པ།

ཉ་རྒྱས་འོད་ཀྱི་ཟུམ་པའི་པད་མོ་ཡི་མཛེས་མའི། །

གདུང་བ་སེལ་ཕྱིེར་རྟ་བདུན་དབང་པོ་ཡི་གཞོན་ནུ། །

མཚམས་སྤྲིན་གསར་པའི་གདེངས་ཀ་མཐོན་པོ་ཡི་ཁྲི་ལས། །

འཛུམ་པའི་འོད་ཀྱི་ཚེམས་ཕྲེང་མུལ་མུལ་བགད་བྱུང་། །

ལྷ་མོ་མཛེས་མའི་བརྩེ་དུང་ཇེ་ཟབ་ཏུ་གྱུར་སོང་། །

གསར་དུ་འགྲོགས་པའི་ཁྱི་ཤུག་ལྷ་མི་དེ་གཉིས་པོ། །

གཏན་དུ་མི་འབྲས་ཚེ་གང་སྙིང་གྲོགས་ཀྱི་བརྡ་ལ། །

མཛེས་མའི་མགུལ་དུ་འཕྱང་བའི་མེ་ཏོག་གི་དོ་ཤལ། །

སྐལ་བཟང་དགའ་བའི་རྟགས་ལ་ལེགས་སྐྱེས་སུ་ཕུལ་ཅིང་། །

ཕོ་གསར་མཁྲིག་མར་མཛེས་པའི་བ་སོ་ཡི་གདུ་གུ །

མཛེས་མའི་བློ་གཏད་བཅོལ་སའི་དཔང་པོ་རུ་ཕུལ་སོང་། །

རྩྭ་ཐང་དགེ་མཚན་གསར་པའི་དཔལ་ཡོན་དེ་མཐོང་ནས། །

ལྷ་མོའི་སེམས་ལ་ངོ་མཚར་འཆར་སྣང་གིས་ཁེངས་ཏེ། །

ཚེ་གང་གཏན་གྱི་གྲོགས་ལ་མཆིད་ཚིག་འདི་དྲིས་པ། །

ཀ་ཡེ་གསོན་དང་ཚེ་གང་གཏན་གྱི་གྲོགས། །

ཤར་གྱི་ཕྱོགས་ན་བརྗིད་ཆགས་དངོས་པོ་ཞིག །

གནམ་གྱི་ཀ་བ་ལྟ་བུར་འགྱིང་པ་ལ། །

རིན་ཆེན་དངུལ་གྱིས་རྩེ་མོ་བརྒྱན་པ་འདྲ། །

དངོས་པོ་དེ་ཡི་མིང་ཇི་སྐད་ཟེར། །

ཧེ་ཧེ་བདག་གི་སྙིང་གྲོགས་ཚུར་གསོན་དང་། །

གོང་མ་ལྷ་ཡི་ཡུལ་དུ་བཞུགས་བཞུགས་ནས། །

གངས་རི་དཀར་པོ་མ་མཐོང་ངོ་མཚར་ཆེ། །

ཤར་གྱི་ཕྱོགས་ན་ཀྲོང་ངེར་འགྱིང་པ་དེ། །

གནམ་གྱི་ཀ་བ་མ་ཡིན་ལྷུན་པོ་རེད། །

གངས་དཀར་ཕྱོགས་ལས་རྣམ་རྒྱལ་བྱ་བ་རེད། །

དེ་ཡི་རྩེ་མོར་འོད་མདངས་འཚེར་བ་ནི། །

དངུལ་དཀར་མ་ཡིན་ཁ་བ་བསགས་པ་ལགས། །

ཧ་ཧ་གསོན་དང་ཚེ་གང་གཏན་གྱི་གྲོགས། །

ལྟད་མོ་འདི་འདྲ་མཐོང་བ་ངོ་མཚར་ཆེ། །

ལྷ་ཡི་ཡུལ་ན་གངས་རི་ཟེར་བ་མེད། །

ཕྱོགས་ལས་རྣམ་རྒྱལ་ཟེར་བ་དེ་བས་མེད། །

ད་དུང་གསོན་དང་འདྲི་རྒྱུ་འདི་འདྲ་རེད། །

རྟ་འགྲིན་དམར་པོ་ཁྲོས་འདྲའི་ང་རོ་སྒྲོག །

ཁྱབ་འཇུག་བཞོན་པ་ལྟ་བུའི་བང་རྩལ་ལྡན། །

ཡུད་ཙམ་ཞིག་ལ་དཔག་ཚད་བརྒྱ་བགྲོད་པའི། །

དངོས་པོ་འདི་ཡི་མིང་ལ་ཇི་སྐད་ཟེར། །

ཀྱེ་ཀྱེ་བདག་གི་གྲོགས་ཚུར་གསོན་དང་། །

རྟ་འགྲིན་ཁྲོས་འདྲའི་ངར་སྐད་སྒྲོག་པ་དང་། །

ཁྱབ་འཇུག་བཞོན་པའི་བང་རྩལ་ལྡན་པ་དེ། །

ཚན་རིག་འཕྲུལ་ལས་བྱུང་བའི་ལྕགས་གླང་སྟེ། །

ལྗིད་ཚད་རྒྱ་མ་ཁྲི་ཡི་ཁུར་པོ་ཐེག །

བརྒྱུགས་ན་ལེ་དབར་སྟོང་གི་ས་ཡང་ཆོད། །

ཨེ་མ་མ་ཧོ་འདི་འདྲའི་ང་མཚར་ཅན། །

ལྷ་ཡི་ཡུལ་དུ་ཚན་རིག་མི་དར་ལ། །

ལྕགས་ཀྱི་གླང་པོ་ཟེར་བ་དེ་བས་མེད། །

རྩྭ་ཐང་གསར་པའི་དགེ་མཚན་དེ་མཐོང་ནས། །

ལྷ་མོའི་མིག་གི་དབང་པོ་རྣམ་པར་འཁྲུལ། །

དེ་དང་ནགས་དང་སྤང་ལ་སོགས་པ་དྲིས། །

སྦྲ་དང་ཐབ་དང་གོམས་གཤིས་ལ་སོགས་དྲིས། །

ཤ་དང་མར་དང་ཐུད་སོགས་བཟའ་ཚུལ་དྲིས། །

ཞོ་དང་འོ་མ་སོགས་གཏུང་ཚུལ་དྲིས། །

རྟ་དང་ནོར་ལུགས་ལ་སོགས་འཚོ་ཚུལ་དྲིས། །

དྲིས་པའི་ལན་རྣམས་དྲང་པོར་སྨྲས་པ་ཡིས། །

ནམ་མཁའི་ལྷ་མོ་ཡིད་སེམས་རབ་ཏུ་འགུལ། །

ཀུང་ཧྲེའི་སློབ་གྲྭའི་ནང་དུ་སླེབས་པ་ནི། །

སློབ་མས་ཀློག་འདོན་བྱེད་པའི་སྐད་དེ་ཐོས། །

ལྷ་མོ་ངོ་མཚར་སྐྱེས་ཏེ་ཅི་ཡིན་དྲིས། །

སྐལ་བཟང་དགའ་བའི་མོད་ལ་ལན་བྱིན་པས། །

ལྷ་མོ་མོས་པའི་མིག་ལ་མཆི་མ་འཁོར། །

ལྷ་ཡི་ཡུལ་ན་སློབ་གྲྭ་གང་ན་ཡོད། །

རིག་གནས་སྦྱོང་བའི་བསྐལ་བ་དེ་བས་དབེན། །

མི་ཡུལ་བདེ་སྐྱིད་ལམ་ལ་འགོད་བསམ་ན། །

རིག་གནས་ཤེས་བྱ་མེད་ན་ག་ལ་རུང་། །

དེའི་ཕྱིེར་ཉི་མ་དེ་རིང་ནས་བཟུང་སྟེ། །

བདག་ཀྱང་མི་ཡུལ་སློབ་གྲྭ་འདིར་འགྲིམས་ནས། །

རྩྭ་ཐང་འཛུགས་སྐྲུན་བྱེད་པར་འབད་སྙིང་འདོད། །

དེ་ནས་བཟུང་སྟེ་ཁྱོ་ཤུག་གཞོན་ནུ་གཉིས། །

མཛའ་བརྩེའི་སྲད་བུས་ལྷན་དུ་སྦྲེལ་བ་ལྟར། །

སྐྱིད་ཀྱི་འཇིག་རྟེན་འཚོ་བ་རོལ་བཞིན་པར། །

འབྱོར་ཕྱུག་ཕ་ཡུལ་བསྐྲུན་ལ་བྲེལ་བར་གྱུར། །

ཅེས་ལྷ་མོ་དང་སྐལ་བཟང་གཉིས་ཀྱིས་དྲི་བ་དྲིས་ལན་བྱེད་པ་དང་མི་ཡུལ་གྱི་འཚོ་བར་རོལ་ བའི་ལེའུ་གསུམ་པའོ། །