རྩ་ཆུའི་དཀའ་འགྲེལ་

ཡོང་ཁུངས་Wikipedia

༄༅། །རྩ་ཆུའི་དཀའ་འགྲེལ་རེག་མཐོང་གསལ་བར་འཆར་བའི་ནོར་བུ་ བཻཌཱུརྱའི་མེ་ལོང་ཞེས་བྱ་བ་བཞུགས་སོ།། ༄༅། །ཨོཾ་ཨ་ཐཱ། གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་ལ་བྱིན་གྱིས་རླབས་ཤིང་རྗེས་སུ་བཟུང་བར་མཛད་དུ་གསོལ། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་མདོ་བཞིའི་ཡ་གྱལ་བརྟག་པ་རྩ་ཆུའི་མདོའི་དཀའ་གནད་འགའ་ཞིག་སྔོན་བྱོན་མཁས་པའི་གསུང་གི་མན་ངག་ལ་བརྟེན་ནས་ཅུང་ཟད་འགྲེལ་བའི་ལས་ལ་འཇུག་པར་བྱའོ། ། རྒྱུད་ལས་གསུངས་པའི་རྩ་ཆུའི་བརྟག་ཐབས་འདི་ལྟ་བུ་ནི་འཛམ་གླིང་གི་གསོ་རིག་གཞན་ལ་མེད་པར་མངོན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་པ་ནི། གཞུང་གཞན་དུ་མེད་པས་འཛམ་གླིང་ན་སྨན་དཔྱད་ཀྱི་གཞུང་ལ་རྒྱུད་བཞི་ལས་མཆོག་ཏུ་གྱུར་པ་མི་སྲིད་པ་འདུག་ཅིང་། ཁྱད་པར་བོད་ཀྱི་ཡུལ་དུས་དང་འཚམས་པ་འདིའི་བཀའ་དྲིན་གཞལ་དུ་མེད་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ་། །ཞེས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་དུ་བཤད་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་གསུངས་སོ། ། རྩ་བརྟག་ཐབས་ལ་སྤྱི་དོན་བཅུ་གསུམ་བསྟན་དགོས་པའི་རྒྱུ་མཚན་ནི། གནད་ཀྱི་ལྡེ་མིག་ལས། དང་པོ་སྔོན་འགྲོའི་ཟས་སྤྱོད་མ་ངེས་ན། ཟས་སྤྱོད་ཀྱིས་བསྒྱུར་ནས་ནད་མེད་ཀྱང་ནད་ཅན་གྱི་རྩར་འཁྲུལ། གཉིས་པ་བལྟ་དུས་མ་ངེས་ན། དུས་སྤྱོད་ཟས་ཀྱིས་བསྒྱུར་ནས་རྩ་ཇི་བཞིན་མི་གསལ། གསུམ་པ་བལྟ་གནས་མ་ངེས་ན། དོན་སྙིང་དང་ཉེ་རིང་འཚམ་མ་འཚམ་གྱི་རྩའི་སྐྱོན་ཡོན་མི་ཤེས། བཞི་པ་མནན་ཚད་མ་ངེས་ན། བལྟ་རྩའི་གནས་ལུགས་དང་མཐུན་པའི་མནན་ཆེ་ཆུང་དགོས་པའི་གནད་མི་རྟོགས། ལྔ་པ་བལྟ་ཚུལ་མ་ངེས་ན། དོན་སྣོད་གནས་ལུགས་དང་མཐུན་པའི་རྩའི་གསང་གནད་མི་ཤེས། དྲུག་པ་ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་མ་ངེས་ན། ནད་མེད་དང་ནད་ཅན་དབར་གྱི་ལ་ཤན་མི་འབྱེད། བདུན་པ་དུས་བཞིའི་རྩ་ལ་ཁམས་ལྔའི་འབྱུང་བ་དང་སྦྱར་བའི་བརྩི་ཐབས་མ་ངེས་ན། ཕྱི་ནང་སྣོད་བཅུད་ངོ་བོ་བདག་གཅིག་ཏུ་འབྲེལ་བའི་དོན་མི་རྟོགས། བརྒྱད་པ་ངོ་མཚར་རྩ་བདུན་མ་ངེས་ན། རིག་གནས་གཞན་ལས་ཁྱད་དུ་འཕགས་པའི་རྒྱུད་ཀྱི་ཆེ་བ་མི་མངོན། དགུ་པ་ནད་ཅན་དང་ནད་མེད་ཀྱི་རྩའི་འཕར་གྲངས་ཀྱི་ཚད་མ་ངེས་ན། ནད་ཡོད་མེད་ཀྱི་ངེས་ཤེས་མི་རྙེད། བཅུ་པ་ནད་སྤྱི་དང་བྱེ་བྲག་གི་རྩའི་མཚན་ཉིད་མ་ངེས་ན། ནད་ངོས་འཛིན་ཚུལ་བཞིན་དུ་བྱེད་མི་ཐུབ། བཅུ་གཅིག་འཆི་རྩ་གསུམ་གྱི་མཚན་ཉིད་མ་ངེས་ན། འཚོ་འཆི་ཁ་དམར་གདགས་མི་ནུས་པའམ་ཁ་དམར་གདགས་ན་ལོག་པར་འགྲོ། བཅུ་གཉིས་གདོན་རྩའི་མཚན་ཉིད་མ་ངེས་ན། ཀུན་བརྟག་དང་། ཡོངས་གྲུབ་ནད་ཀྱི་དབྱེ་བ་མི་འབྱེད། བཅུ་གསུམ་བླ་རྩའི་བརྟག་ཐབས་མ་ངེས་ན། ཚེ་རིང་ཐུང་གི་ངེས་གསང་མི་རྟོགས། །ཞེས་གསུངས་སོ། ། བརྡ་སྦྱོར་གྱི་གོ་དོན་ནི། རིན་ཆེན་སྒྲོམ་བུ་ལས། བརྡ་སྦྱོར་ནི། གང་བརྟག་བྱའི་གཞི་ལ་ཡོད་པའི་ཆོས་རྣམས་རྟོགས་པ་པོས་ཚུལ་བཞིན་དུ་གོ་བར་བྱེད་པའི་ཐབས་སྟོན་པ་ལ་བྱའོ། །ཞེས་དང་། ལག་ལེན་གསལ་བྱེད་ལས། བརྡ་ནི་དེ་ལ་ཡོད་པའི་ཆོས། སྦྱོར་བ་ནི་གོ་བར་བྱེད་པ་སྟེ། ཇི་ལྟར་གནས་པའི་ཚུལ་རྟོགས་པར་བྱེད་པའོ། །ཞེས་གསུངས་སོ། ། རྩ་བརྟག་བྱེད་སྨན་པའི་མཚན་ཉིད་ནི། རིན་ཆེན་སྤུངས་པ་ལས། བརྟག་བྱེད་སྨན་པའི་མཚན་ཉིད་ནི། །སྨན་པ་དར་མ་ཁམས་སྙོམས་པའི། །སྲོག་འཛིན་རླུང་གིས་འབྱིན་པའི་དབུགས། །རང་བབ་སོ་ན་བཞག་པ་དེ། །སྣ་སྒོར་རང་སོར་བཅུ་དྲུག་རྒྱུ། །དེ་ནས་སླར་ཡང་ནང་དུ་འཇུག །འདི་ནི་ཐ་མལ་ནད་མེད་ཀྱི། །དབུགས་ཀྱི་རིང་ཐུང་ལྡང་ཚད་ཡིན། །དེ་ལས་ཐུང་ན་ཚ་བ་དང་། །རིང་གྱུར་གྲང་བའི་ནད་ཀྱི་རྟགས། །དེ་འདྲའི་ཕྱོགས་སུ་མ་ལྷུང་བའི། །སྨན་པས་རྩ་ལ་བརྟག་པར་བྱ། །ཞེས་དང་། ཟླ་བའི་རྒྱལ་པོ་ལས། སྨན་པ་གཉིད་ལོག་ཆང་མ་འཐུང་། །ལས་དྲག་སྨྲ་བ་མ་བྱས་ཤིང་། །མྱ་ངན་མ་གདུང་སེམས་བདེ་དང་། །ནད་ཀྱི་མ་བཏབ་ལུས་བདེ་དང་། །བུད་མེད་ལྷན་ཅིག་གནས་པ་སྤང་། །ཁམས་གསལ་བས་ནི་བལྟ་བར་བྱ། །ཞེས་གསུངས་སོ། ། འཕྲིན་པ་ནི། མཁྲིག་མའི་བལྟ་རྩར་ཆ་འཕྲིན་བརྒྱུད་སྤྲོད་བྱེད་མཁན་ཆེད་དུ་མངགས་པའི་བང་མི་ལྟ་བུར་དཔེར་བཞག་པ་ཞིག་སྟེ། ལག་ལེན་གསལ་བྱེད་ལས། འཕྲིན་པ་ནི། བལྟ་རྩ་ཡིན་པའི་ཕྱིར་ཏེ། དཔེར་ན་དངོས་སུ་འཕྲད་པར་མ་གྱུར་པ་འཕྲིན་པས་གོ་དོན་འཕྲོད་པར་བྱེད་པ་ལྟར། ནད་དང་གཞན་ཡང་བརྟག་པར་བྱ་བ་ཇི་སྙེད་པ་རླུང་ཁྲག་ལ་གསལ་བའི་འཕྲིན་བརྡ་སྦྱོར་བས་རྩ་ནི་འཕྲིན་པ་ཡིན་ནོ། །ཞེས་གསུངས་སོ། ། རྩའི་ངེས་ཚིག་ནི། བདུད་རྩི་ལྷུང་བཟེད་ལས། རྩ་ནི་རྩ་བ་འབྲེལ་བས་རྩ། །བསྐྱེད་པའི་རྩ་ཡང་རྩ་ཡིན་ཏེ། །གནས་པའི་རྩ་ཡང་རྩ་ཉིད་ཡིན། །འཆི་བའི་རྩ་ཡང་ཕལ་ཆེར་རྩ། །ཞེས་གསུངས་སོ། ། སྔོན་འགྲོ་ནི། ལས་གང་བྱེད་པའི་དངོས་གཞིའི་སྔོན་དུ་འགྲོ་དགོས་པའི་སྟ་གོན་ལ་བྱའོ།། ཐ་མལ་བ་ནི། ཟླ་ཟེར་ལས། ཐ་མལ་པ་ནི། རང་བཞིན་གནས་པ་སྟེ། གཞན་དུ་མ་གྱུར་པ་ལ་བྱ་ལ། གཞན་དུ་གྱུར་པ་ནི། ནད་འཁྲུགས་ཤིང་གནོད་པར་གྱུར་པ་ལ་བྱའོ། །ཞེས་དང་། སྙིང་པོ་བསྡུས་པ་ལས། ནད་ནི་ཉེས་པ་མི་སྙོམས་ཡིན། །ཉེས་པ་སྙོམས་པ་ནད་མེད་ཉིད། །ཅེས་དང་། ཟླ་ཟེར་ལས། ཉེས་པ་རྣམས་སྙོམས་ཤིང་རང་གི་རང་བཞིན་ལས་མི་འགྱུར་བ་མཉམ་པར་གྱུར་པ་དེ་ནི། ནད་མེད་པ་ཉིད་ཅེས་བྱ་སྟེ། ཐ་མལ་པར་རང་བཞིན་དུ་གནས་པ་ཞེས་བྱའོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། འབྱུང་བ་ཆེན་པོ་རྣམས་ཀྱི་ཁམས་སྙོམས་པ་ནི། ནད་མེད་པ་ཡིན་ནོ། །ཞེས་གསུངས་སོ། ། མ་བུ་དགྲ་གྲོགས་འབྱུང་བ་བརྟག་ལ་རྩི་ཞེས་པའི་རྩི་ནི། བརྩི་ཡི་ད་ལྟ་བའོ། ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ། ཞེས་པའི་གོ་དོན་གསལ་བྱེད་ཀྱི་མན་ངག་ནི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་དྭགས་པོའི་སྨན་པ་ལྷུན་གྲུབ་རྡོ་རྗེར་དྲིས་ལན་གདམས་ངག་འདི་ལྟར་གནང་བ་སྟེ། དང་པོ་ནད་ཀྱི་བྱུང་ཚུལ་ནི། །འབྱུང་བ་བཞི་པོ་ཆ་མི་སྙོམས། །དེ་ལ་བརྟེན་ནས་ཉེས་གསུམ་འཁྲུགས། །ཉེས་གསུམ་འཁྲུགས་པས་ནད་ཅན་འགྱུར། །དང་པོ་འབྱུང་བཞི་ཆ་སྙོམས་ན། །ཉེས་གསུམ་འཁྲུགས་པ་ག་ལ་སྲིད། །ཉེས་གསུམ་མ་འཁྲུགས་ནད་མི་འབྱུང་། །ནད་ཅན་ནད་མེད་ངོས་འཛིན་ཡིན། །ཞེས་དང་། སོ་སོའི་སྐྱེ་བོ་གཞིར་བཞག་ལ། །མ་རིག་ནད་བྲལ་ཡོད་མ་ཡིན། །རིང་རྒྱུའི་དབང་བྱས་ནད་བྲལ་མེད། །ཉེ་རྒྱུའི་དབང་བྱས་ནད་བྲལ་ཡོད། །དེས་ན་དྲང་སྲོང་མཁས་རྣམས་ཀྱིས། །ངོ་མཚར་རྩ་བདུན་གསུངས་པ་ཡང་། །ཉེ་རྒྱུའི་དབང་དུ་བྱས་ནས་གསུངས། །རིང་རྒྱུའི་དབང་དུ་བྱས་པ་མེད། །ཅེས་གསུངས་སོ། ། གདགས་ནི། དོན་ལ་མིང་སྦྱར་བའི་མ་འོངས་པའོ། ཡེ་འདྲོག་ནི། ལུས་ཀྱི་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་ལ་གནས་པའི་ལྷ་འདྲེ་གཞི་མཐུན་སུམ་བརྒྱ་དྲུག་ཅུ་ལ་བྱ་སྟེ། ལེགས་བཤད་གསེར་སྙེ་ལས། ཡེ་འདྲོག་ནི། ཡེ་ནས་ལུས་ལ་ལྷན་སྐྱེས་སུ་འགྲོག་པས་ཡེ་འགྲོག་ཅེས་ཀྱང་བྱ། ངོ་བོ་ལུས་ཀྱི་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་ས་བོན་དང་ཡི་གེའི་ཚུལ་དུ་གནས་པའི་དོན་དམ་སྒྲིབ་བྲལ་དབང་དུ་ལྷ་དང་། གློ་བུར་ཉོན་སྒྲིབ་དབང་དུ་འདྲེར་བྱེད་པའི་ལྷ་འདྲེ་གཞི་མཐུན་སུམ་བརྒྱ་དྲུག་ཅུ་རྣམས་སོ། །ཞེས་གསུངས་པས་སོ། ། རིམ་གྲོ་ནི། རྒྱལ་བའི་བཀའ་ཀློག་པ་དང་། གསང་སྔགས་གསར་རྙིང་གི་ཡི་དམ་གང་རུང་སྒོ་ནས་ཞི་རྒྱས་དབང་དྲག་གི་ཆོ་ག་བྱས་པ་ལྟ་བུའོ། ། འབོགས་ནི། གདམས་ངག་སོགས་གཞན་ལ་འདི་དང་འདིའོ་ཞེས་གསལ་བར་བཤད་པའི་དོན་ནོ། ། ཉལ་པོ་ནི། འཁྲིག་པ་སྤྱོད་པའི་གབ་མིང་སྟེ། ཟླ་ཟེར་ལས། ཉལ་པོ་ནི། མཁྲིག་པ་སྤྱོད་པའོ། ཞེས་གསུངས་སོ། ། སེམས་ལས་ནི། བྱ་བའི་ལས་ལ་བློ་སེམས་འཇུག་པའི་དོན་ཏེ། ཟླ་ཟེར་ལས། སེམས་ལས་ནི། དངོས་པོ་རྣམས་ཡིད་ལ་དྲན་པའོ། ཞེས་དང་། སེམས་ལས་ནི། ཡུལ་རྣམ་པ་དུ་མ་ལ་དཔྱོད་པའོ། ཞེས་དང་། སེམས་ལས་ནི། ཡུལ་རྣམ་པ་དུ་མ་ལ་སྤྱོད་པའོ། ཞེས་གསུངས་སོ། ། འདུ་བ་རྣམ་གསུམ་ནི། རླུང་མཁྲིས་བད་ཀན་གསུམ་གྱི་བསྡུས་མིང་སྟེ། སྙིང་པོ་བསྡུས་པ་ལས། རླུང་དང་མཁྲིས་པ་བད་ཀན་གསུམ། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །ཞེས་དང་། འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་དང་། རླུང་མིན་མི་ན་མཁྲིས་མི་ཚ། །མེད་དེ་བད་ཀན་མེད་མི་སྐྲང་། །ཞེས་དང་། སྐྱེས་བུ་མེ་ལྷས། གཟེར་ཟུག་ཆེ་བ་ཐམས་ཅད་མཁྲིས་པ། ལྕི་ཞིང་འཐིབས་པ་ཐམས་ཅད་བད་ཀན། འགྱུར་ལྡོག་ཆེ་བ་ཐམས་ཅད་རླུང་། །ཞེས་དང་། དར་མགོན་ཟིན་ཏིག་ལས། རླུང་ནི་སྣ་འདྲེན་རྒྱུས་ཅན་མི་དང་འདྲ། །མཁྲིས་པ་གསོད་བྱེད་སྡིག་ཅན་རྒྱལ་པོ་འདྲ། །བད་ཀན་ཞི་བྱེད་རྒྱུ་ངན་བློན་པོ་འདྲ། །ཞེས་གསུངས་པས་སོ། ། གློ་བུར་ནི། སྔར་མེད་གསར་བྱུང་གི་དོན་ནོ། ། བལྟ་དུས་མཁའ་ལ་ཉི་ཤར་ནི། རི་མཐོན་པོར་ཉི་མ་ཤར་བའི་དུས་ཙམ་ལ་བྱ་སྟེ། གསེར་འཕྲེང་ལས། རི་བོས་གསེར་ཞྭ་གྱོན་དུས་བརྟག །ཅེས་གསུངས་པ་ལས་ཤེས་ནུས་སོ། ། ཀླུངས་ནི། སྤྱི་ཆུ་ཀླུངས་དང་ནགས་ཀླུངས་ལྟ་བུ་ཤིན་ཏུ་རྒྱས་པའི་དོན་ལ་འཇུག་ནའང་སྐབས་འདིར་རི་ཐང་གི་ནང་ཚན་ཐང་ལ་གོ་དགོས་སོ། ། གདགས་སྲིབས་ནི། ལྡོག་ཟླའི་དོན་གཉིས་སྟོན་པར་བྱེད་པའི་མིང་སྟེ། གདགས་ཉིན་མོ་དང་། སྲིབས་མཚན་མོ། གདགས་གཡས་ཕྱོགས་དང་། སྲིབས་གཡོན་ཕྱོགས། གདགས་ཉིན་ངོས་དང་། སྲིབས་བྱང་ངོས། གདགས་ཕྱི་དབུགས་དང་། སྲིབས་ནང་དབུགས། གདགས་དོན་ལྔ་དང་། སྲིབས་སྣོད་དྲུག གདགས་སོར་མོའི་ཡར་ཟུར་དང་། སྲིབས་སོར་མོའི་མར་ཟུར། གདགས་སྨན་པ་དང་། སྲིབས་ནད་པ། གདགས་ཚ་བ་དང་། སྲིབས་གྲང་བ་སོགས་ལ་འཇུག་པས་སྐབས་ཐོབ་སོ་སོར་གོ་བར་བྱ་དགོས་སོ། ། དབུགས་སྙོམས་ནི། ཚ་གྲང་རྐྱེན་གྱིས་མ་བསྒྱུར་བའི་དབུགས་འབྱིན་རྔུབ་ཀྱི་ཁུག་པ་རང་བབ་ཏུ་གནས་པ་ལ་བྱའོ། ། རྩ་བལྟ་བའི་དུས་ཁྱད་ཆོས་དྲུག་ལྡན་ནི། ཟས་སྤྱོད་སོགས་རྐྱེན་གཞན་གྱིས་མ་བསྒྱུར་བར་ནད་ཅན་ནད་མེད་གང་གི་རྩ་རང་བབ་སོ་ན་གནས་པའི་དུས་ཁྱད་ཆོས་དྲུག་ལྡན་ལ་བྱ་སྟེ། སྟོང་ཐུན་ངེས་ཤེས་སྒོ་འབྱེད་ལས། སྨན་པ་མཁས་པས་རྩ་བལྟ་ཚེ། །ཁྱད་ཆོས་དྲུག་ལྡན་དུས་སུ་བརྟག །སྲིབས་ནུས་གྲང་ཁམས་མི་བསྐྱེད་ཕྱིར། །ནམ་མཁར་ཉི་ཤར་དུས་སུ་བརྟག ། གདགས་ནུས་དྲོད་ཁམས་མི་བསྐྱེད་ཕྱིར། །ཉི་ཟེར་ཀླུངས་མ་ཕེབས་དུས་བརྟག །ཚ་རྩའི་མངོན་ཚུལ་མི་འབྱུང་ཕྱིར། །གཏམ་སྨྲ་དབུགས་མ་རྒོད་དུས་བརྟག །གྲང་རྩའི་མངོན་ཚུལ་མི་འབྱུང་ཕྱིར། །ཁ་སྣར་རླུང་མ་ཕོག་དུས་བརྟག ། ལུས་འགུལ་རྩ་ཡི་རྒྱུད་འཁྲུགས་པས། །མ་འགུལ་ལུས་མལ་གནས་དུས་བརྟག །ཟས་ཀྱི་ནུས་པས་རྩ་རྒྱུད་འགྱུར། །དེ་ཕྱིར་ཟས་མ་ཟོས་དུས་བརྟག །དེ་ལྟར་གདགས་སྲིབས་དབུགས་སྙོམས་ཤིང་། །སྐྱོན་མེད་རྩ་མལ་གནས་པའི་དུས། །བརྟག་ཚེ་ནད་ཅན་ནད་མེད་ཀྱི། །འཁྲུལ་མེད་ཁ་དམར་གདགས་པར་ནུས། །ཞེས་གསུངས་སོ། ། རྩའི་བལྟ་གནས་ཀྱི་བཞེད་སྲོལ་མི་འདྲ་བ་ནི། གསང་ཏིག་སྒྲོན་མེ་ལས། མཁྲིག་མའི་གཉེར་མ་རིང་པོ་ནས། །ཚོན་གང་འཇལ་བའི་འོག་ཏུ་བལྟ། །སོར་མོ་སྡེ་གསུམ་མགོ་བོ་ནི། །ཚོན་དང་ཀན་དང་ཆག་དང་གསུམ། །མཛུབ་མོ་ཚོན་ལ་གུང་མོ་ཀན། །སྲིན་ལག་ཆག་ཏུ་ཤེས་པར་བྱ། །ཞེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། མཁྲིག་མའི་གཉེར་མ་རིང་པོ་ནས། །མཐེབ་ཚོན་(སོར་མོ་གསུམ་པོས་)བཅལ་བར་མཉམ་པར་མནན། །དེ་ལ་རྒྱུན་རྩ་དགྲ་རྩ་དང་། །དོན་སྣོད་འགྱུར་བའི་(ནད་ཀྱིས་འགྱུར་བ། གདོན་གྱིས་འགྱུར་བ་)རྩ་དག་གོ། །ཞེས་དང་། རྒྱུད་ཆུང་བདུད་རྩི་སྙིང་པོ་ལས། བལྟ་གནས་མཁྲིག་མའི་ནང་རུས་འབུར་པོའི་ལྡེབས། །ཚོན་ཀན་ཆག་གསུམ་མ་འདྲུས་སྙོམས་པར་བཞག །ཅེས་དང་། རྩ་དཔྱད་ཉི་འོད་རབ་གསལ་ལས། ནད་པའི་མཁྲིག་གཉེར་ནས་དེ་ཉིད་ཀྱི་ཚོན་གང་ཐུར་དུ་འཇལ་བའི་སར་སྨན་པའི་སོར་མོ་གསུམ་གྱིས་རྩའི་རེག་བྱ་ཚོར་བར་རིམ་གྱིས་མནན་ལ་བལྟ། ཞེས་དང་། གསར་འགྱུར་རྩ་ཆུའི་བརྟག་ཐབས་ལས། བལྟ་གནས་མཁྲིག་མའི་གཉེར་མ་ནས། །རུས་པ་འབུར་པོའི་ལྡེབས་སུ་སྟེ། །སྨན་པའི་ལག་སོར་རྩ་བའི་ཚིགས། །དབུས་སུ་བཀོད་དེ་འཚམ་པར་བལྟ། །ཡར་ཟུར་རུས་པ་ཚོན་ཡིན་ལ། །མར་ཟུར་རུས་པ་ཆག་ཡིན་ནོ། །ཞེས་གསུངས་སོ། །ཚོན་ཀན་ཆག་གསུམ་མ་འདྲུས་ནི། མཛུབ་གུང་སྲིན་གསུམ་གྱི་སོར་མོ་གསུམ་མ་གཤིབས་པར་ཤ་པགས་མངོན་ཙམ་གྱི་བར་མཚམས་བཞག་དགོས་པའི་དོན་ཏེ། དོན་གསལ་སྒྲོན་མེ་ལས། ཚོན་ཀན་ཆག་གསུམ་ཞེས་པ་ནི། སྨན་པའི་མཛུབ་མོ་ལ་ཚོན། གུང་མོར་ཀན། སྲིན་ལག་ལ་ཆག མ་འདྲུས་ཞེས་པ་དེ་གསུམ་ཕན་ཚུན་འཛིངས་པ་དང་། བར་ཕྱེ་ཆེ་བ་མ་ཡིན་པར་ཕྱེད་དྲང་གནས་པ། བར་ན་རྟ་རྔ་ཐོན་ཙམ་བྱས་ལ་བརྟག ཅེས་གསུངས་ཤིང་། ལྷན་ཅིག་འགྲོགས་པའམ་མཉམ་དུ་གཤིབས་པའི་བརྡ་རྙིང་ཡིན་པར་གསུངས་པས་སོ། ། རྒྱང་གྲགས་ནི། གཞུང་འདོམ་ལྔ་བརྒྱའི་བར་ཐག་གི་ཚད་ལ་བྱ་སྟེ། མངོན་པ་མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱ་འོ། །ཞེས་དང་། འགྲེལ་པ་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ་གང་ངོ་། །ཁྲུ་བཞི་ལ་ནི་གཞུ་འདོམ་གང་ངོ་། །གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་གཅིག་གོ །གྲོང་ལས་དེ་ཙམ་ཞིག་འཕགས་པ་དེ་ལ་དགོན་པ་འདོད་དོ། །རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་ཅེས་བྱའོ། ཞེས་གསུངས་སོ། ། དབྱར་སྐད་ནི། དབྱར་ཁར་མཁའ་ལས་ཆར་བབས་པའི་དབང་གིས་ས་རྡུལ་རྣམས་ལྡང་མི་ནུས་པར་རང་བཞིན་གྱིས་ཞི་བའི་དུས་སུ་མི་ཕན་ཚུན་འབོད་པའི་ཚེ་མི་ཐོས་པའི་གེགས་མེད་པར་སྐད་གསལ་པོར་གོ་བ་ལ་བཞེད་མཁན་ཞིག་དང་། དབྱར་དུས་རྒྱང་གྲགས་གཅིག་གི་སར་རྔ་བརྡུངས་པའི་སྒྲ་དང་འབྲུག་གི་སྐད་གཉིས་ནོར་བ་མེད་པ་བཞིན་གྱི་དཔེར་བཞེད་མཁན་ཞིག་དང་གཉིས་མཆིས་སོ། ། འཕར་རྩ་ནི། ཁྲག་རྒྱུ་བའི་རྩ་ནག་ལ་རླུང་ཁྲག་གཉིས་འདོམ་གྱི་འཕར་རྩའི་རིགས་གཅིག་དང་། ཁྲག་རྐྱང་པ་ལས་རླུང་མི་རྒྱུ་བའི་སྡོད་རྩའི་རིགས་གཅིག་དང་གཉིས་ཡོད་པ་ལས་སྔ་མའི་མིང་སྟེ། སྙིང་པོ་བསྡུས་པ་ལས། དེ་ལ་གནག་དང་དམར་དང་ཕྲ། །སྐད་ཅིག་རེ་རེ་གང་ཞིང་སྟོངས། །འགུལ་བ་རླུང་གི་ཁྲག་རྩ་ཡིན། །ཞེས་དང་། ཟླ་ཟེར་ལས། རྩ་དེ་དག་གི་ནང་ན་མདོག་གནག་པ་དང་། དམར་བར་གནས་པ་དང་། ཕྲ་བ་དང་། སྐད་ཅིག་རེ་རེ་བཞིན་གང་ཞིང་སྟོངས་པ་སྟེ། རླུང་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་ལན་འགའ་ནི་གང་ཞིང་རྒྱས་པར་སྣང་ལ། ལན་འགའ་ནི་སྟོང་ཞིང་ཁོང་སྟོང་གི་ཚུལ་དུ་སྐད་ཅིག་རེ་རེར་འགྱུར་བ་དང་། དེ་བཞིན་དུ་རྩ་གང་ཤིན་ཏུ་འགུལ་ཞིང་འཕར་བ་གང་ཡིན་པ་དེ་ནི་རླུང་གི་ཁྲག་རྒྱུ་བའི་རྩ་ཡིན་ནོ། །ཞེས་དང་། རྩའི་སྟོང་ཐུན་ཉི་འོད་རབ་གསལ་ལས། སྙིང་ལ་གནས་པའི་ཁྱབ་བྱེད་ཀྱིས། །ལས་རྣམས་སྤྱི་དང་ཁྱད་པར་དུ། །སྙིང་གི་དབུ་ག་གདང་ཟུམ་བྱེད། །ཇི་ལྟར་སྦུད་པས་རླུང་འབུད་བཞིན། །ཁྲག་རྣམས་བུ་ག་རྣམས་སུ་གཏོར། །དེ་ཚེ་སྙིང་དང་འབྲེལ་བ་ཡི། །རྩ་ཡང་ལྷན་ཅིག་འཕར་བར་བྱེད། །ཅེས་དང་། རིན་ཆེན་སྤྲིན་གྱི་ལྡིང་ཁང་ལས། ཁྱབ་བྱེད་རླུང་ནི་སྙིང་ལ་གནས། །སྙིང་གི་བུ་ག་འབྱེད་འཛུམ་བྱེད། །དེའི་ཚེ་ལུས་ཀྱི་དྭངས་མའི་རྒྱུན། །འཁོར་ལོ་འཁོར་ལྟར་རྩ་སྦུབས་གཏོར། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། འཕར་རྩ་ནི། སྙིང་ལ་གནས་པའི་ཁྱབ་བྱེད་རླུང་གི་བྱེད་ལས་ལ་བརྟེན་ནས་སྙིང་གི་བུ་ག་འབྱེད་འཛུམ་བྱེད་པའི་ཚེ་དེ་དང་འབྲེལ་བའི་རྩ་རྣམས་ཀྱང་འགུལ་ཞིང་འཕར་བས་འཕར་རྩ་ཞེས་བྱའོ། ། ཞེས་གསུངས་སོ། ། བཅུ་གཉིས་མ་འདྲེས་ཕ་ཙེའི་རེ་སོ་འདྲ། །ཞེས་པའི་གོ་དོན་ནི། རྩའི་སྟོང་ཐུན་ཉི་འོད་རབ་གསལ་ལས། མཁྲིག་མའི་བལྟ་རྩའི་རྒྱུན་གཅིག་ལ། །དོན་སྣོད་བཅུ་གཉིས་རྩ་ཡི་རྒྱུན། །དུས་གཅིག་མི་འདྲ་མི་འབྱུང་ཡང་། །ནད་ཁམས་རྐྱེན་གྱིས་འགྱུར་བའི་ཚེ། །ཕ་ཙེའི་རེ་སོ་ཇི་བཞིན་དུ། །མ་འདྲེས་རང་རང་གནས་སུ་མངོན། །ཞེས་དང་། མངའ་རིས་ཀྱི་སྨན་པ་མཐུ་ཆེན་རྒྱལ་པོའི་སློབ་མ་ངན་སྔགས་བདག་པོས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོར་དྲི་བ་འདི་ལྟར་ཕུལ་བ། རྒྱུག་རྩ་ཁོང་སྟོང་ནང་ན་མར། །ཁྲག་ངན་རླུང་གིས་རྩ་སྦུབས་བདས། །དབུགས་དང་བསྡེབས་ནས་འཕར་བ་ལ། །རྩ་ལ་བརྟག་པ་ཅི་ཡི་ཕྱིར། །ཞེས་ཞུས་པ་ལས། རྗེ་བཙུན་གཡུ་ཐོག་པས་ལན་འདི་ལྟར་བསྩལ་བ། རྒྱུག་རྩ་ཁོངས་སྟོང་ཡངས་པའི་ནང་། །དོན་སྣོད་བཅུ་གཉིས་རྩ་རྣམས་མཚོའི། །རྦ་རླབས་འཕྲེང་བ་ཇི་བཞིན་དུ། །མ་འདྲེས་སོ་སོར་རྒྱུ་བ་ཡོད། །ངོ་བོ་རླུང་ཁྲག་བྱེད་ལས་ཡིན། །ཐ་སྙད་རྩ་ལ་བརྟག་ཅེས་བྱ། །རྩ་ལ་བརྟག་ཀྱང་རླུང་ལ་བརྟག །རླུང་ཁྲག་རྩ་གསུམ་ཟུང་འཇུག་ཡིན། །ཞེས་དང་། ལག་ལེན་གསལ་བྱེད་ལས། ནད་རྟོགས་པའི་ཚུལ་ཡང་རླུང་གི་དྲི་མས་དྲི་ཆེན་རྟོགས་ནུས་པའམ་ཆུ་རང་བབས་སུ་རྒྱུ་དུས་རྒྱུན་ལས་མི་ཉམས་པ་དང་། གང་དུ་རྫ་དང་ཀློང་ཡོད་ས་དེར་རྦ་དང་འཁོར་ཡོང་བ་ལྟར་ལུས་སེམས་ཐ་མལ་དུ་གནས་ན་རྩ་རྒྱུད་མཉམ་ཞིང་། དེ་ལས་རྣམ་པར་གྱུར་ན་ནད་གར་ཡོད་དུ་དེ་དང་འབྲེལ་བའི་རླུང་ཁྲག་གི་འཕེལ་འགྲིབ་ལས་རགས་པར་དོན་སྣོད། ཞིབ་པར་ལུས་ཀྱི་ནད་མཐའ་དག་རྟོགས་པར་ནུས་ཏེ་གོང་གི་གནས་ཚུལ་གྱིས་ངེས་པས་སོ། །ཞེས་གསུངས་སོ། ། མཐའ་ནས་སྡུད་ཕྱིར་འཆི་རྩ་བོལ་ལ་བརྟག་ཅེས་པའི་གོ་དོན་ནི། བྱང་པ་བཀྲ་ཤིས་དཔལ་བཟང་གིས། ཆགས་པའི་ཐོག་མར་ལྟེ་བ་སྟེ། །དེ་ནས་རིམ་བཞིན་མཐའ་ལ་གྱེས། །འཆི་ཚེ་མཐའ་ནས་རླུང་ཁྲག་སྡུད། །དེ་ནས་དབུས་ཀྱི་སྙིང་ཉིད་ཉམས། །ཞེས་གསུངས་སོ། ། བརྟག་མཁན་སྨན་པའི་སོར་མོ་གསུམ་གྱིས་བརྟག་ཡུལ་གྱི་མཁྲིག་མའི་འཕར་རྩར་མནན་ཆེ་ཆུང་གི་ཚད་ནི། གསེར་ཕྲེང་ལས། ལྕགས་ཀྱི་སྲན་མ་གཅིག་དང་ནི། གཉིས་དང་གསུམ་གྱི་ཚད་དུ་མནན། །ཞེས་གསུངས་སོ། ། སྐྱེས་པའི་སྙིང་རྩ་བརྟག་ཡུལ་གྱི་ཚོན་རྩ་གཡོན་པར་བརྟག་དགོས་པ་དང་། བུད་མེད་ཀྱི་སྙིང་རྩ་བརྟག་ཡུལ་གྱི་ཚོན་རྩ་གཡས་པར་བརྟག་དགོས་པའི་རྒྱུ་མཚན་ནི། སྐྱེས་པའི་སྙིང་ཡིད་འཇུག་གི་བུ་གའི་རྩའི་རྩེ་མོ་ལུས་ཀྱི་གཡོན་ངོས་སུ་ཁ་གཏད་ནས་གནས་པ་དང་། བུད་མེད་ཀྱི་སྙིང་ཡིད་འཇུག་གི་བུ་གའི་རྩའི་རྩེ་མོ་ལུས་ཀྱི་གཡས་ངོས་སུ་ཁ་གཏད་ཅིང་གནས་པར་དགོངས་ནས་གསུངས་པ་ཡིན་ཏེ། གསང་ཏིག་སྒྲོན་མེ་ལས། དོན་སྣོད་གཞན་སོ་ཕོ་མོ་མཐུན། །སྐྱེས་པའི་སྙིང་རྩ་གཡོན་དུ་བལྟ། །བུད་མེད་སྙིང་རྩ་གཡས་སུ་བལྟ། །ཞེས་དང་། གོང་སྨན་པའི་དྲིས་ལན་རབ་གསལ་མེ་ལོང་ལས། བྱང་ཁོག་ཡུལ་ཐིག་འཆད་པའི་སྐབས། །སྙིང་རྩེ་གྱེན་དུ་བསྟན་པ་ནི། །ཀུན་རྫོབ་བློ་ཡི་སྣང་ངོར་དང་། །བསྟུན་ནས་རྟེན་འབྲེལ་དབང་དུ་གསུངས། །གཞན་དུ་ཕོ་མོ་ཁྱད་མེད་པར། །སྙིང་རྩེ་ལུས་གཡོན་ཐུར་དུ་བསྟན། །ཕྱི་རྒྱུད་རྩ་མདོ་གསུངས་པའི་སྐབས། །སྙིང་རྩ་ཕོ་གཡོན་མོ་གཡས་སུ། །གསུངས་པ་སྙིང་གི་ཡིད་འཇུག་གི། །རྩ་ཡི་རྩེ་མོ་ཐབས་ཤེས་དབང་། །ཕོ་གཡོན་མོ་གཡས་བསྟན་ཕྱོགས་ཀྱི། །རླུང་ཁྲག་དེའི་ཕྱོགས་བཞུར་བ་ལ། །དགོངས་ནས་དེ་ལྟར་གསུངས་པ་ལས། །གཞན་དུ་ཕོ་མོ་གོ་ལྡོག་པའི། །སྙིང་གི་གནས་སྟངས་དབྱེ་བ་མེད། །ཅེས་དང་། ཟླ་བའི་རྒྱལ་པོ་ལས། བུད་མེད་སྣ་ལ་གཡས་ནས་(སྨན་པའི་གཡོན་པས་)བལྟ། །སྐྱེས་པ་ཡི་ནི་གཡོན་ནས་(སྨན་པའི་གཡས་པས་)བལྟ། །ཞེས་དང་། སྙིང་རྩ་གཡོན་དུ་རྒྱུ་བ་སྟེ། །བུད་མེད་གོ་ལོག་རྒྱུ་བ་འོ། །ཞེས་གསུངས་པས་སོ། ། རྩ་བརྟག་ཡུལ་སྐྱེས་པ་ལ་ཐོག་མར་ལག་གཡོན་པར་བརྟག་དགོས་པ་དང་། བུད་མེད་ལ་ལག་གཡས་པར་བརྟག་དགོས་པའི་རྒྱུ་མཚན་ནི། དྲང་སྲོང་ཞལ་ལུང་ལས། ནད་པ་ཕོ་ཡིན་ན་ཐོག་མར་གཡོན་དུ་བརྟག་པ་སོགས་རྒྱུ་མཚན་གང་ཡིན་སྙམ་ན། རྒྱ་ནག་རྩ་མདོ་ཀུན་མཁྱེན་ཆོས་འབྱུང་གི་གསར་འགྱུར་ལས། ཉི་ཤར་ཚུན་གྱི་སྒོ་རུ་ནི། །བླ་རྩ་འཁྱམས་པོ་འདུས་པའི་ཕྱིར། །གསལ་མཐོང་རྟེན་འབྲེལ་སྒོ་ཡིན་པས། །དེ་ཡི་དུས་སུ་བརྟག་པ་གཅེས། །ཞེས་གསུངས་པ་ལྟར། གོང་བཤད་མཁའ་ལ་ཉི་ཤར་ནམ་ལངས་ཀྱི་དུས་དེར་ལུས་ཀྱི་བླ་ཁམས་ཕན་ཚུན་དེ་སྙིང་རྩ་ཡོད་པ་དེར་འདུ་བས་དེ་དུས་རྩ་བརྟགས་ན་འཚོ་འཆི་སོགས་གསལ་བ་ཡིན་ཅིང་། དེར་ཡང་ཕོ་ལ་ལག་གཡོན་གྱི་ཚུན་སྙིང་རྩ་དང་། མོ་ལ་གཡས་སུ་སྙིང་རྩ་འོང་བའི་གནད་ཀྱིས་ཡིན་ཏེ། བལྟ་དུས་དེ་འདྲ་ལ་གནས་དེར་བརྟག་དགོས་པའི་དོན་གྱིས་དེ་ལྟར་གསུངས་ཀྱི། གཞན་དུ་སྙིང་རྩ་ཡོད་ཕྱོགས་ཡིན་པ་ཙམ་ཞིག་རྒྱུ་མཚན་བྱས་པས་གོ་རྒྱུ་ཅིའང་མེད་དེ། སྙིང་རྩ་ཡོད་ཕྱོགས་དེ་ལྟར་ཡིན་ཀྱང་སྔ་ཕྱི་ནམ་བལྟས་ཀྱང་སྙིང་རྩ་ལ་ཁྱད་པར་མི་འོང་བས་བརྟག་བྱ་ལ་ཁྱད་མེད་ཅིང་རྟེན་འབྲེལ་ལ་ཉེ་ལྟ་བུའི་དགོས་པ་གཞན་ཡང་ཡོད་པར་མ་བཤད་པས་ཕོ་གཡོན་མོ་གཡས་ལ་ཐོག་མར་བརྟག་པའི་རྒྱུ་མཚན་མི་རྙེད་དོ། །ནང་ལངས་ཀྱི་དུས་ཡིན་ན་དེ་ལྟར་བརྟག་པ་ནི། བླ་ཁམས་གནས་དེར་འདུ་བ་མ་གྱེས་པའི་རིང་ལ་བརྟག་པའི་དོན་ཡོད་པ་མན་ངག་གིས་ཤེས་པར་བྱ་བའི་ཆེད་དུ་དེ་ལྟར་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། ། སོར་མོའི་ཡར་ཟུར་ལ་དོན་ལྔའི་རྩ་དང་། མར་ཟུར་ལ་སྣོད་དྲུག་གི་རྩ་བརྟག་དགོས་པའི་རྒྱུ་མཚན་ནི། བྱང་པ་བཀྲ་ཤིས་དཔལ་བཟང་གིས། སོར་མོའི་ཡར་ཟུར་དོན་ལྔ་དང་། མར་ཟུར་སྣོད་དྲུག་བཞག་པ་ནི། །ལུས་ཀྱི་དྭངས་མ་གནས་པའི་དོན། །གཙོ་བོ་ཡིན་ཕྱིར་ཡར་ཟུར་བཀོད། །འབྱུང་ལྔ་ཟས་སྙིགས་བསགས་པའི་སྣོད། །ཕལ་པ་ཡིན་ཕྱིར་མར་ཟུར་བཀོད། །དེ་ཡང་རང་རང་ཁམས་མཐུན་པའི། །སྣོད་རྣམས་དོན་གྱི་རྗེས་སུ་འབྲང་། །ཞེས་གསུངས་སོ། ། ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ཇི་ལྟར་བྱུང་བའི་རྒྱུ་མཚན་བསྟན་པའི་མན་ངག་ནི། སྙིང་པོ་བསྡུས་པ་ལས། སྐྱེ་བའི་དང་པོ་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུང་འབྲིང་ཆེན་པོ་སོ་སོར་བལྟ། །མ་ལུས་པ་ལ་ཁམས་མཉམ་པ། །མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད། །ཅེས་དང་། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཐ་མལ་རྟེན་གྱི་རྩ་རྒྱུད་གསུམ། །རྒྱུ་རྐྱེན་གང་ལས་བྱུང་སྙམ་ན། །སྐྱེ་བའི་དང་པོ་ཁུ་ཁྲག་དང་། །མངལ་གནས་མ་ཡི་ཟས་སྤྱོད་ལས། །གང་ཞིག་ཉེས་པ་ལྷག་གྱུར་དེས། །རང་བཞིན་མི་འདྲ་གསུམ་དུ་གྱུར། །དེ་ལའང་རྩ་རྒྱུད་མི་འདྲ་བ། །ཕོ་མོ་མ་ནིང་གསུམ་དུ་བྱུང་། །རླུང་གི་རང་བཞིན་ཅན་གྱི་མིར། །སྦོམ་ལ་རགས་པའི་ཕོ་རྩ་འབྱུང་། །མཁྲིས་པའི་རང་བཞིན་ཅན་གྱི་མིར། །ཕྲ་ལ་མྱུར་བའི་མོ་རྩ་འབྱུང་། །བད་ཀན་རང་བཞིན་ཅན་གྱི་མིར། །རྒྱུད་རིང་འཇམ་མཉེན་མ་ནིང་རྩ། །ཉེས་གསུམ་རང་བཞིན་ཁམས་དབང་ལས། །རྩ་རྒྱུད་མི་འདྲའང་དེ་ལྟར་འབྱུང་། །ཞེས་གསུངས་སོ། ། ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ལ་ཕོ་རྩ་དང་། མོ་རྩ། མ་ནིང་ངམ་བྱང་ཆུབ་སེམས་རྩ་ཞེས་མིང་དུ་བཏགས་པའི་རྒྱུ་མཚན་ནི། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཕོ་དང་མོ་དང་བྱང་སེམས་ཀྱི། །གཟུགས་དང་སྐད་དང་འགྲོས་ལ་སོགས། །ཉེས་གསུམ་རྐྱང་པའི་རང་བཞིན་གྱི། །རྩ་ཡི་ཕྲ་སྦོམ་མྱུར་བུལ་སོགས། །མཚན་ཉིད་འདྲ་མཐུན་དབང་དུ་སྦྱར། །ཞེས་དང་། ཉེར་མཁོའི་དོན་གསལ་ལས། ཉེས་གསུམ་རང་བཞིན་གཞི་རྩ་ལ། །ཕོ་རྩ་སོགས་(མོ་རྩ། བྱང་ཆུབ་སེམས་རྩ་)གསུམ་གདགས་པ་ནི། །ཕོ་མོ་བྱང་སེམས་མཚན་ཉིད་དང་། །འདྲ་བ་རྒྱུ་མཚན་བྱས་ནས་བཏགས། །དཔེར་ན་སྒྲ་ཡི་དྲག་ཞན་(བར་མ་)ལས། །ཡི་གེར་ཕོ་སོགས་(མོ། མ་ནིང་།)བརྗོད་ལྟར་རོ། །ཞེས་གསུངས་སོ། ། ཕོ་རྩ་མོ་རྩའི་ནང་འཕྲད་ཀྱི་གོ་དོན་ནི། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཕོ་རྩ་མོ་རྩའི་ནང་ཕྲད་ནི། །དཔེར་ན་ཁྱོ་ཤུག་གཉིས་ཀ་ལ། །ཕོ་རྩ་བྱུང་ན་ཕོ་ནང་ཕྲད། །དེ་བཞིན་གཉིས་ཀར་མོ་རྩ་གཉིས། །བྱུང་ན་མོ་རྩ་ནང་ཕྲད་ཡིན། །ཞེས་དང་། དྲང་སྲོང་སྙན་བརྒྱུད་ལས། ཕོ་ལ་མོ་རྩ་ཆགས་གྱུར་ན། །ཤེས་རབ་དབང་གིས་ཚེ་རིང་འགྱུར། །མོ་ལ་ཕོ་རྩ་ཆགས་གྱུར་ན། །ཐབས་ཀྱི་དབང་གིས་བུ་མང་འབྱུང་། །གཉིས་ཀར་མ་ནིང་རྩ་བྱུང་ན། །མ་ནིང་དབང་གིས་རབ་མི་འབྱུང་། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། ཕོ་རྩ་ནང་འཕྲད་དེ་ཕོ་ལ་ཕོ་རྩ་བྱུང་ན་མི་དེ་ལ་ཕལ་ཆེར་བུ་མང་པོ་འབྱུང་ལ། མོ་རྩ་ནང་འཕྲད་ཅེས་བུད་མེད་ཞིག་ལ་མོ་རྩ་ཆགས་ན་བུད་མེད་དེ་ལ་བུ་ཚ་བྱུང་བ་ན་བུ་མོ་ཕལ་ཆེར་མང་ངོ་། །ཕལ་ཆེར་གྱི་སྒྲས་གྲོགས་ཀྱི་དབང་གིས་གཞན་དག་ཀྱང་འབྱུང་སྲིད་པར་སྟོན་ཏོ། །བྱང་ཆུབ་སེམས་རྩ་ཕོའམ་མོ་གང་ཕྲད་པ་ཞེས་པ་ནི་བཟའ་མི་གཉིས་ལས་ཕོའམ་མོ་གང་དང་འཕྲད་པ་ན་རྩ་དེའི་དབང་གིས་ཅིག་ཤོས་ཕོ་རྩའམ་མོ་རྩ་ཡིན་པ་དེའི་སྐལ་བར་རྩ་དང་མཐུན་པར་བུའམ་བུ་མོ་གཅིག་འབྱུང་ལ། དེ་ཕན་ཆད་ནས་བུ་ཚ་གང་ཡང་མི་འབྱུང་བ་ཡིན་ཏེ། གཅིག་བྱང་ཆུབ་སེམས་རྩར་འགྱུར་བའི་ཕྱིར་རོ། །དེ་ལྟར་བསྟན་པའི་ཤུགས་ཀྱིས་ཁྱོ་ཤུག་གཉིས་ཀ་ཕོ་རྩ་ཡིན་ན་བུ་ཁོ་ན་མང་བ་དང་། མོ་རྩ་ཡིན་ན་བུ་མོ་ཁོ་ན་མང་བ་དང་། བྱང་ཆུབ་སེམས་རྩ་ཡིན་ན་བུ་ཚ་གཅིག་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །ཞེས་གསུངས་སོ། ། ཁམས་ཀྱི་གོ་དོན་ནི། གནད་ཀྱི་ལྡེ་མིག་ལས། ཁམས་ཀྱི་སྒྲ་ནི། སྡེ་ཚན་དེའི་ཁོངས་སུ་གཏོགས་པའམ་ཕྱོགས་སུ་གཏོགས་པའི་མཚན་ཉིད་འཛིན་པ་ལ་བྱའོ། ཞེས་དང་། རོང་ཟོམ་པཎྜི་ཏས། ཁམས་ཀྱི་དོན་ནི། རིས་ཀྱི་དོན་ཏེ། དེ་ཡང་འབྱུང་ཁུངས་དང་། འཛིན་པ་དང་། རིས་ཀྱི་དོན་ལ་འཇུག །ཅེས་གསུངས་སོ། ། ཁམས་ལྔ་ནི། ཤིང་ དང་། མེ། ས། ལྕགས། ཆུ་བཅས་སོ། ། གསོ་དཔྱད་རང་ལུགས་ཀྱི་ལོ་འགོ་འཛིན་ཚུལ་གྱི་མན་ངག་ནི། ཀློང་རྡོལ་ངག་དབང་བློ་བཟང་གིས། ནག་རྩིས་ཀྱི་ལོ་མགོ་ཟླ་བ་བཅུ་གཅིག་པ་ནས་འཛིན་ཟེར་ཀྱང་། དེ་ལྟར་བྱས་ན་འཇིག་རྟེན་གྱི་ལུགས་ལ་མི་མཐུན་ཏེ། དཔྱིད་དུས་དབྱར། དབྱར་དུས་སྟོན། །སྟོན་དུས་དགུན་ཡིན་ཟེར་དགོས་པས་འདི་མི་བཟང་། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་ཐམས་ཅད་དང་མཐུན་པ་ཧོར་རྒྱལ་པོའི་ལུགས་ཀྱི་ད་ལྟ་ཡོངས་སུ་གྲགས་པའི་ལུགས་འདི་བཟང་། །སྔོན་དུས་ནག་རྩིས་པས་དེ་ལྟར་འཛིན་པ་ཡིན་ནོ། །ཞེས་དང་། མེས་པོའི་ཞལ་ལུང་ལས། དཔྱིད་ཟླ་ར་བ་འཁྲུལ་མེད་དུ་ངོས་མ་ཟིན་ན་དུས་རྩ་ངོས་མི་ཟིན། དུས་རྩ་ངོས་མ་ཟིན་ན་ནད་དང་ནད་མེད་ཀྱི་རྩ་གང་ཡིན་ངོས་མི་ཟིན་པ་ཆོས་ཉིད་དུ་འདུག ཅེས་དང་། དེའང་ལོ་གཅིག་ལ་དུས་གསུམ་དང་། བཞི་དང་། དྲུག་ཏུ་བཤད་པའི་དབང་གིས་ཟླ་འགོ་གང་ནས་འཛིན་ལ་མི་མཐུན་པ་ཤ་སྟག་སྣང་མོད་ཀྱི། ཕྱི་རྒྱུད་རྩ་བལྟ་བའི་སྐབས་ནས་བཤད་པ་འདི་ནག་རྩིས་ཁོ་ནའི་ལུགས་ཡིན་པས་ནག་རྩིས་ཀྱི་གཞུང་འཁྲུལ་མེད་དང་བསྟུན་པ་མ་གཏོགས་མི་མཐུན་བཞིན་དུ་ལུགས་གཞན་རྣམས་དང་བསྟུན་མི་དགོས་སོ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། དཔྱིད་ཟླ་ར་བ་ནི། སྔར་གྱི་རྒྱུད་འགྲེལ་རྣམས་སུ་ངོས་འཛིན་ཚུལ་མི་འདྲ་བ་སྣ་ཚོགས་རྟ་མོག་རོའི་སྤུ་བཞིན་མཆིས་ནའང་རང་ལུགས་ནི་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་། དཔལ་ལྡན་རྒྱུད་གཉིས་དགོངས་པ་གཅིག་ཏུ་བབ་པའི་དཔྱིད་ར་སྟག་རྒྱུ་སྐར་རྟ་པས་ནམ་ཚོད་འཛིན་པའི་ཟླ་བ་ལ་འདོད་དེ། ཟླ་བའི་རྒྱལ་པོ་ལས། དཔྱིད་ལ་སྐར་མ་རྟ་དང་ཁྲ། །བྱི་འུ་ཅོ་ག་འབྲིང་པོ་ལ། །ཞེས་དང་། རིན་ཆེན་ཀུན་བཏུས་ལས། ལོ་འགོ་བྱི་བ་ཟླ་འགོ་སྟག །དུས་ཀྱི་འགོ་ནི་ཡོས་ཡིན་ནོ། །ཞེས་གསུངས་པས་སོ། ། ཉི་མ་ལྷོ་བགྲོད་དང་། བྱང་བགྲོད་ནི། ཟླ་བའི་རྒྱལ་པོ་ལས། དེ་ལ་ཉི་མ་ལྷོ་བྱང་རྒྱུད། །དབྱར་ཟླ་འབྲིང་པོ་བྱང་གི་མཐའ། །དགུན་ཟླ་འབྲིང་པོ་ལྷོ་ཡི་མཐའ། །སྟོན་དཔྱིད་འབྲིང་པོ་དབུས་སུ་མཉམ། །ཞེས་སོ། ། ནམ་ཚོད་འཛིན་ནི། ཟླ་བ་སོ་སོའི་ཚེས་བཅོ་ལྔའི་ཉིན་ནམ་མཁར་ཟླ་བ་འཆར་བ་དང་། ཉ་སྐར་གང་ཡིན་པ་དེ་གཉིས་འཕྲད་དེ་ཤར་བ་དང་མཚན་གྱི་ཐོག་མར་ཟུག་ལ། གནམ་གྱི་དགུང་དུ་སླེབ་པའི་ཚེ་ནམ་ཕྱེད་ཟིན་ཞིང་། ནུབ་པ་དང་ནམ་ལངས་པ་འབྱུང་བའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ། ། བྱེའུ་འུར་པ་ནི། བྱ་བྱེའུ་ལ་བཞེད་མཁན་ཞིག་དང་། ཆ་ག་པ་ལ་བཞེད་མཁན་ཞིག་གཉིས་མཆིས་ཏེ། ལག་ལེན་གསལ་བྱེད་ལས། བྱེའུ་འུར་པ་ཞེས་པ་བྱེའུ་ཁམ་ཆུང་ཁྱུ་རུ་ལོངས་པར་གནས་པ་དེ་དག་ལུས་བཏེགས་པའི་འཐུས་གཤོག་པའི་སྒྲ་འུར་ཞེས་འབྱིན་པ། ཞེས་དང་། དྲང་སྲོང་ཞལ་ལུང་ལས། བྱེའུ་འུར་པ་སྟེ་རྒྱ་ནག་སོགས་སུ་བྱེའུ་མཇུག་སྒྲོ་ཟླུམ་པ་ཞིག་གིས་གཤོག་སྒྲ་འབྱིན་པ་དེ་ཡིན་ཞེས་སྔ་འགྲེལ་རྣམས་སུ་བཤད། འོན་ཀྱང་ཆ་ག་པ་ལ་སྟོན་དུས་གཤོག་པ་སྐྱེས་ནས་ནམ་མཁར་ཚར་ཚར་གྱི་སྒྲ་འབྱིན་པ་ལ་འུར་བ་ཞེས་སྒྲ་འབྱིན་པའི་དོན་དུ་བཤད་པ་གང་ལྟར་ཀྱང་དུས་མི་འགྱུར་བའི་གཟེར་དུ་རུང་བས་འདྲའོ། །ཞེས་གསུངས་སོ། བྱིད་པོ་ནི། རྒྱ་མཆིལ་མགོ་དམར་ལ་བཞེད་མཁན་ཞིག་དང་ཆ་ག་པ་ལ་བཞེད་མཁན་ཞིག་གཉིས་མཆིས་ཏེ། སྔ་མ་བཻཌཱུར་སྔོནཔོའི་ལུགས་དང་། ཕྱི་མ་དྲང་སྲོང་ཞལ་ལུང་གི་ལུགས་ཡིན་ནོ། ། ནས་ཟན་ནི། བོད་མཆིལ་དང་། ཁང་བྱེའུ་ཡང་ཟེར་བའི་མིང་གི་རྣམ་གྲངས་སོ། ། མཐིང་རིལ་ནི། ཆུ་བྱ་དཀར་ཆུང་ཕུག་རོན་ཙམ་མཆུ་དང་རྐང་པ་དམར་པོ་ཅན་གྱི་མིང་སྟེ། གཞན་དུ་ཀ་དམ་པ་ཞེས་ཀྱང་བྱའོ། ། མ་བུ་དགྲ་གྲོགས་སྐོར་འགོ་བརྩི་ཐབས་ཀྱི་མན་ངག་ནི། རིན་ཆེན་ཀུན་འདུས་ལས། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །ཡར་འདེད་མ་ལ་མར་འདེད་བུ། །ཆུ་མ་ལྕགས་ལ་ལྕགས་མ་ས། །ས་མ་མེ་ལ་མེ་མ་ཤིང་། །ཤིང་གི་མ་ནི་ཆུ་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །མར་འདེད་དགྲ་ལ་ཡར་འདེད་གྲོགས། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་དགྲ་ཤིང་ལ་ཤིང་དགྲ་ལྕགས། །ལྕགས་ཀྱི་དགྲ་ནི་མེ་ཡིན་ནོ། །ལྕགས་གྲོགས་ཤིང་ལ་ཤིང་གྲོགས་ས། །ས་གྲོགས་ཆུ་ལ་ཆུ་གྲོགས་མེ། །མེ་ཡི་གྲོགས་ནི་ལྕགས་ཡིན་ནོ། །ཞེས་དང་། ཉེར་མཁོའི་དོན་གསལ་ལས། ཕྱི་རྒྱུད་ངོ་མཚར་རྩ་བདུན་གྱི། །མ་བུ་དགྲ་གྲོགས་བརྩི་བའི་སྐབས། །གསར་འཇུག་བློ་གསར་ཅན་རྣམས་ཀྱིས། །ཤེས་པར་དགོས་པའི་མན་ངག་ནི། །མེ་ཆུ་ས་ཤིང་ལྕགས་ལྔ་པོ། །གཡས་ནས་གཡོན་གྱི་ཕྱོགས་སུ་བཀོད། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །གྱེན་ནས་ཐུར་དུ་བཀོད་པར་བྱ། །དེ་གཉིས་རྒྱ་གྲམ་བསྣོལ་བྱས་ནས། །ལྟེ་བ་ས་ཡི་སྟེང་དུ་བྱ། །ཡར་དེད་མ་ལ་མར་དེད་བུ། །ཆུ་མ་ལྕགས་ལ་ལྕགས་མ་ས། །ས་མ་མེ་ལ་མེ་མ་ཤིང་། །ཤིང་གི་མ་ནི་ཆུ་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །གཡས་དེད་དགྲ་ལ་གཡོན་དེད་གྲོགས། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་དགྲ་ཤིང་ལ་ཤིང་དགྲ་ལྕགས། །ལྕགས་ཀྱི་དགྲ་ནི་མེ་ཡིན་ནོ། །ལྕགས་གྲོགས་ཤིང་ལ་ཤིང་གྲོགས་ས། །ས་གྲོགས་ཆུ་ལ་ཆུ་གྲོགས་མེ། །མེ་ཡི་གྲོགས་ནི་ལྕགས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། རྩ་དར་གུད་ཀྱི་ངོས་འཛིན་ཐབས་ནི། ཉེར་མཁོའི་དོན་གསལ་ལས། མ་བུ་དགྲ་གྲོགས་རྩ་བརྟག་སྐབས། ། དར་གུད་རྩ་ཡི་ངོས་འཛིན་ནི། །དཔེར་ན་ཤིང་ཁམས་རྒྱུ་བའི་དུས། །བརྟག་ཡུལ་ལག་གཡས་ཀན་འོག་རྩ། །ཕྲ་ལ་གྲིམས་པ་ཅན་འཕར་ན། །རང་རྩ་དར་བ་ཞེས་བྱ་ཞིང་། །བརྟག་ཡུལ་ལག་གཡས་ཚོན་འོག་(སྐྱེས་པའོ)རྩ། །ཐུང་ལ་རྩུབ་པ་ཅན་འཕར་ན། །རང་རྩ་གུད་པ་ཞེས་བྱ་འོ། །དར་བ་ལ་ཡང་གསུམ་ཡོད་དེ། །ཆུང་འབྲིང་ཆེན་པོ་རྣམ་གསུམ་མོ། །རང་རྩ་དར་བ་དར་བ་ཆུང་། །གྲོགས་རྩ་དར་བ་དར་བ་འབྲིང་། །མ་རྩ་དར་བ་དར་བ་ཆེ། །གུད་པ་ལ་ཡང་རྣམ་གཉིས་ཏེ། །གུད་དང་ཤིན་ཏུ་གུད་པ་འོ། །བུ་རྩ་དར་ན་གུད་པ་ཙམ། །དགྲ་རྩ་དར་ན་ཤིན་ཏུ་གུད། །འོན་ཀྱང་གྲོགས་ཕྭར་གྲོགས་རྩ་རབ། །མ་འབྲིང་རང་རྩ་ཆུང་ངུ་དང་། བུ་ཕྭར་བུ་རྩ་ལེགས་པ་ལྟར། །སྐབས་དབྱེ་དགོས་པ་ཤེས་པར་བྱ། །ཞེས་གསུངས་སོ། ། ངོ་མཚར་རྩའི་གོ་དོན་ནི། ཇུ་ཞགས་ལུགས་ཀྱི་མདུད་པ་དང་། ནག་རྩིས་ལུགས་ཀྱི་གབ་རྩེ་རྡེའུ། གཞན་ཡང་མོ་ཕྱྭ་པྲ་སོགས་ལ་མ་ལྟོས་པར་ནད་མེད་ལ་རྩ་བལྟས་པས་རང་དང་རང་གི་ཉེ་རིང་གི་བྱ་བ་འདས་པ་དང་། མ་འོངས་པའི་ལེགས་ཉེས་སོགས་ངེས་ཤེས་འདྲོངས་པའི་ལུང་སྟོན་ནུས་པའི་ཁྱད་དུ་འཕགས་པའི་རྩ་བརྟག་ཐབས་ལ་བྱ་སྟེ། བྱང་པ་བཀྲ་ཤིས་དཔལ་བཟང་གིས། མོ་རྩིས་པྲ་ལ་མ་བརྟེན་པར། །རང་གཞན་སྔ་ཕྱིའི་བྱ་བ་ཀུན། །ལྐོག་ཏུ་གྱུར་པ་བདེ་བླག་ཏུ། །རྟོགས་ཕྱིར་ངོ་མཚར་རྩ་ཞེས་བྱ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། ངོ་མཚར་རྩ་བདུན་ནི། ཁྱིམ་ཕྱྭ་བརྟག་པས་ཁྱིམ་གྱི་གཙང་བཙོག་དང་ལྷ་ངོ་མཐོ་དམན་རྟོགས། འགྲོན་ཕྱྭ་བརྟག་པས་འགྲོན་པོ་མྱུར་དུ་འོང་མི་འོང་དང་དོན་གཉེར་འགྲུབ་མི་འགྲུབ་རྟོགས། དགྲ་ཕྱྭ་བརྟག་པས་དགྲ་འོང་མི་འོང་དང་དགྲ་ཐུབ་མི་ཐུབ་རྟོགས། གྲོག་ཕྱྭ་བརྟག་པས་གྲོག་ཆེ་ཆུང་དང་གྲོག་འཕེལ་གོད་རྟོགས། གདོན་ཕྱྭ་བརྟག་པས་གདོན་རིགས་གང་གི་གནོད་པ་ཡིན་པ་རྟོགས། མེ་ཆུ་གོ་ལྡོག་གི་རྩ་བརྟག་པས་ཕ་བུ་དང་། མ་བུ། ཁྱོ་ཤུག་བཅས་ཀྱི་འཚོ་འཆི་རྟོགས། སྦྲུམ་མའི་རྩ་ལ་བརྟག་པས་བུ་དང་བུ་མོ་གང་སྐྱེ་དང་། བཙས་ནས་གསོ་དཀའ་སླ་རྟོགས། དེ་ལྟ་བུའི་རྩའི་བརྟག་ཐབས་ཁྱད་པར་ཅན་ཁྱད་དུ་འཕགས་པ་དེ་དག་ལ་ངོ་མཚར་རྩ་བདུན་ཞེས་བྱའོ། །ཞེས་གསུངས་སོ། ། ངོ་མཚར་རྩ་བདུན་པོར་རེ་རེ་བཞིན་དུ་བརྟག་ལུགས་མི་འདྲ་བ་གཉིས་གཉིས་སྒོ་ནས་བརྟག་དགོས་པར་བསྟན་པའི་མན་ངག་ནི། རྩའི་སྟོང་ཐུན་ཉི་འོད་རབ་གསལ་ལས། ངོ་མཚར་རྩ་བདུན་བརྟག་ཐབས་མི་འདྲ་གཉིས། །དང་པོ་རྟེན་འབྲེལ་ལ་ཉེའི་སྒོ་ནས་བརྟག །གཉིས་པ་མ་བུ་དགྲ་གྲོགས་སྒོ་ནས་བརྟག །དེ་ལྟར་མ་རྟོགས་ཕྱོགས་གཅིག་སྦྱར་ན་འཁྲུལ། །ཞེས་དང་། མེས་པོའི་ཞལ་ལུང་ལས། ཟུར་མཁར་བ་རྡརྨ་སྭ་མིའི་བཞེད་པས། ངོ་མཚར་གྱི་རྩ་བདུན་ག་ལ་བརྟག་ལུགས་མི་འདྲ་བ་གཉིས་གཉིས་གསུངས་པས་སྔ་མ་སྔ་མ་རྣམས་ལ་ཉེའི་སྒོ་ནས་བརྟག་ཅིང་། ཕྱི་མ་རྣམས་མ་བུ་དགྲ་གྲོགས་ཀྱི་སྒོ་ནས་བརྟག་པར་གསུངས་པ་ལྟར་དོན་ལ་གནས། ཞེས་གསུངས་སོ། ། འབྱུང་བའི་གོ་དོན་ནི། ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པ་སུས་ཀྱང་མ་རྩོལ་ཞིང་མ་བསླད་པར་རང་བཞིན་དུ་འབྱུང་བས་འབྱུང་བ་ཞེས་བཞེད་པ་ཞིག་དང་། ས་ཆུ་མེ་རླུང་ནམ་མཁའ་དང་བཅས་སྣང་སྲིད་བརྟན་གཡོ་ཐམས་ཅད་ཀྱི་འབྱུང་གཞི་ཡིན་པས་འབྱུང་བ་ཞེས་བཞེད་པ་ཞིག་དང་གཉིས་མཆིས་ཏེ། དང་པོ་ནི། ལབ་སྒྲོན་རྣམ་ཐར་མཁའ་འགྲོ་བྱེ་བའི་གསང་ལམ་ལས། འབྱུང་བ་བཞི་ནི། སེམས་ཅན་གྱིས་བསགས་པ་ལས་བྱུང་བ་མེད་དེ། རང་བཞིན་གྱི་ལས་སམ་རང་བྱུང་དུ་འབྱུང་བས་ན་རང་བྱུང་ཟེར་བ་ཤེས་པར་བྱའོ། ཞེས་དང་། འབྱུང་རྩིས་ཀྱི་མན་ངག་ཟླ་བའི་འོད་ཟེར་ལས། འབྱུང་བ་ལ་འང་ངོ་བོ་དང་། །ངེས་ཚིག་དབྱེ་བ་དེའི་མཚན་ཉིད། །བྱེད་ལས་ལྔ་ལས་དང་པོ་ནི། །བརྟགས་ན་དབེན་ཕྱིར་མ་གྲུབ་སྟེ། །དེ་ལས་རང་བཞིན་འབྱུང་ཕྱིར་ངེས། །དབྱེ་བ་ལྔ་འམ་དེ་ཡི་སྟེང་། །མཁའ་རླུང་རི་བསྣན་བདུན་བརྒྱད་སྲིད། །ཤིང་སོགས་རིམ་བཞིན་གཡོ་སྲེག་དང་། །སྲ་གཅོད་བརླན་ལྔའི་མཚན་ཉིད་འཛིན། །བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །ཅེས་གསུངས་སོ། གཉིས་པ་ནི། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། སྣོད་བཅུད་བརྟན་གཡོའི་དངོས་པོ་ཀུན། །ས་ཆུ་མེ་རླུང་ནམ་མཁའ་བཅས། །འདི་དག་ལ་བརྟེན་འབྱུང་བའི་ཕྱིར། །འབྱུང་བ་ཞེས་སུ་བཤད་པ་ཡིན། །ཞེས་དང་། ལག་ལེན་གསལ་བྱེད་ལས། སྣང་སྲིད་བརྟན་གཡོ་ཐམས་ཅད་ཀྱི་རྒྱུའི་དོན་གྱིས་འབྱུང་བ་སྟེ། དེ་ལས་འབྱུང་བས་སོ། །ཞེས་གསུངས་པས་སོ། ། འབྱུང་བ་ལྔ་སོ་སོ་དང་སྦྱར་བའི་མ་བུ་དགྲ་གྲོགས་ཀྱི་གོ་དོན་དང་དཔེར་བརྗོད་ནི། འབྱུང་བ་གང་ཞིག་འབྱུང་བ་གང་ལས་བྱུང་བའམ་སྐྱེ་བའི་ཁུངས་སྟོན་ནུས་པ་ལ་མ་ཞེས་བྱ་སྟེ། ཤིང་གི་མ་ཆུ་ཡིན་པ་ལྟ་བུའོ། །འབྱུང་བ་གང་ཞིག་འབྱུང་བ་གང་ལས་འཕྲོས་པའམ་སྐྱེས་པའི་དོན་སྟོན་ནུས་པ་ལ་བུ་ཞེས་བྱ་སྟེ། ཤིང་གི་བུ་མེ་ཡིན་པ་ལྟ་བུའོ། །འབྱུང་བ་གང་ཞིག་གིས་འབྱུང་བ་གང་ཞིག་གཞོམ་པར་བྱེད་པའི་མཐུ་སྟོན་ནུས་པ་ལ་དགྲ་ཞེས་བྱ་སྟེ། ཤིང་གི་དགྲ་ལྕགས་ཡིན་པ་ལྟ་བུའོ། །འབྱུང་བ་གང་ཞིག་གིས་འབྱུང་བ་གང་ཞིག་ལ་མཐུ་ནུས་སྐྱེད་བྱེད་ཀྱི་ཕན་འདོགས་ནུས་པ་ལ་གྲོགས་ཞེས་བྱ་སྟེ། ཤིང་གི་གྲོགས་ས་ཡིན་པ་ལྟ་བུ་འབྱུང་བ་གཞན་ལ་རིགས་འགྲེ་བར་བྱ་དགོས་ཏེ། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཤིང་མ་ཆུ་ཡིན་ཆུ་ཡིས་ཤིང་བརླན་སྐྱེ། །ཆུ་མ་ལྕགས་ཡིན་ལྕགས་ཟིལ་ལས་ཆུ་འབབ། །ལྕགས་མ་ས་ཡིན་ས་ལས་ལྕགས་རྡོ་འབྱུང་། །ས་མ་མེ་ཡིན་མེ་ཡི་ཚིགས་མ་ས། །མེ་མ་ཤིང་ཡིན་ཤིང་གཙུབ་ལས་མེ་འབྱུང་། །ཤིང་བུ་མེ་ཡིན་མེ་ཉིད་ཤིང་ལས་བྱུང་། །མེ་བུ་ས་ཡིན་ས་ཉིད་མེ་རོ་ཡིན། །ས་བུ་ལྕགས་ཡིན་རྡོ་བཞུས་སྙིང་པོ་ལྕགས། །ལྕགས་བུ་ཆུ་ཡིན་ལྕགས་ཀྱི་ཟིལ་པ་ཆུ། །ཆུ་བུ་ཤིང་ཡིན་ཆུས་བརླན་ཤིང་སྐྱེ་ཕྱིར། །ཤིང་དགྲ་ལྕགས་ཡིན་ལྕགས་ཀྱིས་ཤིང་བཅད་བྱེད། །ལྕགས་དགྲ་མེ་ཡིན་མེ་ཡིས་ལྕགས་བཞུ་ཕྱིར། །མེ་དགྲ་ཆུ་ཡིན་ཆུ་ཡིས་མེ་བསད་དོ། །ཆུ་དགྲ་ས་ཡིན་ས་ཡིས་ཆུ་འགེགས་བྱེད། །ས་དགྲ་ཤིང་ཡིན་ཤིང་གིས་ས་འབུགས་སོ། །ཤིང་གྲོགས་ས་ཡིན་ས་ཡིས་ཤིང་སྐྱེ་བྱེད། །ས་གྲོགས་ཆུ་ཡིན་ས་མི་འཐོར་བར་བརླན། །ཆུ་གྲོགས་མེ་ཡིན་ཆུ་མི་འཁྱག་པའི་དྲོད། །མེ་གྲོགས་ལྕགས་ཡིན་ལྕགས་ལས་མེ་འབྱུང་འགྱུར། །ལྕགས་གྲོགས་ཤིང་ཡིན་ཤིང་གིས་ལྕགས་གཟུགས་བསྒྱུར། །ཞེས་དང་། རྒྱུད་བཞི་བཀའ་བསྒྲུབ་ལས། ཤིང་བུ་མེ་སྟེ་མེ་ཉིད་ཤིང་ལས་འབར། །མེ་བུ་ས་ཡིན་མེ་ཡི་ལྷག་མ་ས། །ས་བུ་ལྕགས་ཡིན་ས་རྡོ་བཞུས་པས་ལྕགས། །ལྕགས་བུ་ཆུ་སྟེ་མདོག་དང་བསིལ་བ་ལས། །ཆུ་ཡི་མདོག་དང་བསིལ་བ་མཐུན་པ་སྲིད། །ཆུ་བུ་ཤིང་ཡིན་ཆུ་ལས་ཤིང་སྐྱེ་ཕྱིར། །ལྕགས་ཀྱི་ཤིང་གཅོད་མེ་ཡིས་ལྕགས་བཞུ་བྱེད། །ས་ཡིས་ཆུ་འགེགས་ཆུ་ཡིས་མེ་བསད་ལ། །ས་དེ་ཤིང་གིས་འབུགས་པ་དེ་དང་དེའི། །དགྲ་ཡིན་གཞོམ་བྱ་གྲོགས་སུ་ངེས་པར་སྦྱོར། །ཞེས་དང་། འཇིག་རྟེན་མ་བུ་དགྲ་གྲོགས་ལྔར་འདུས་བཞིན། །ངོ་མཚར་རྩ་བདུན་ལ་སོགས་ལེགས་ཉེས་རྣམས། །རྩ་ལས་ལུང་སྟོན་མ་བུ་དགྲ་གྲོགས་ལ། །བརྟེན་དགོས་དེ་ཡང་ཤིང་མེ་ས་ལྕགས་ཆུའི། །འབྱུང་བ་ལྔ་ལ་རག་ལས་དེ་ཡི་ཕྱིར། །ཞེས་གསུངས་སོ། ། དུས་མཚམས་ལྔ་སོ་སོར་རང་རྩ་དང་། མ་རྩ། བུ་རྩ། དགྲ་རྩ། གྲོགས་རྩ་བཅས་ཀྱི་ངོས་འཛིན་ཐབས་མན་ངག་ནི། ཞལ་གདམས་གནད་ཀྱི་ལྡེ་མིག་ལས། དཔྱིད་དུས་མཆིན་རྩ་རང་རྩ་ལ། །མཁལ་རྩ་མ་ལ་བུ་རྩ་སྙིང་། ། གློ་རྩ་དགྲ་ལ་མཆེར་རྩ་གྲོགས། །དབྱར་དུས་སྙིང་རྩ་རང་རྩ་ལ། །མཆིན་རྩ་མ་ལ་མཆེར་རྩ་བུ། །མཁལ་རྩ་དགྲ་ལ་གློ་རྩ་གྲོགས། །སྟོན་དུས་གློ་རྩ་རང་རྩ་ལ། །མཆེར་རྩ་མ་ལ་སྙིང་རྩ་དགྲ། །མཁལ་རྩ་བུ་ལ་མཆིན་རྩ་གྲོགས། ། དགུན་དུས་མཁལ་རྩ་རང་རྩ་ལ། །གློ་རྩ་མ་ལ་མཆེར་རྩ་དགྲ། །མཆིན་རྩ་བུ་ལ་སྙིང་རྩ་གྲོགས། །མཚམས་བཞི་མཆེར་རྩ་རང་རྩ་ལ། །སྙིང་རྩ་མ་ལ་མཆིན་རྩ་དགྲ། །གློ་རྩ་བུ་ལ་མཁལ་རྩ་གྲོགས། །དེ་ལྟར་མ་ནོར་སྐོར་འགོ་བརྩི། །ངོ་མཚར་རྩ་བདུན་རྩ་པྲ་བརྟག །ལེགས་པར་ཤེས་ན་རྩ་དོན་རྟོགས། །སྨན་པའི་གྲས་སུ་ཚུད་ཙམ་ཡིན། ། ཞེས་གསུངས་སོ། ། ཕྱྭ་ནི། གནད་ཀྱི་ལྡེ་མིག་ལས། ཕྱྭ་ནི། སྔོན་ལྟས་ལེགས་ཉེས་བརྟག་ཐབས་སོ། །ཞེས་དང་། ལེགས་བཤད་གསེར་སྙེ་ལས། ཕྱྭ་ནི། ལྐོག་གྱུར་གྱི་རྟགས་མཚན་རྣམས་གསལ་བར་ལུང་སྟོན་ནུས་པའི་བརྟག་ཐབས་ སོ། །ཞེས་གསུངས་སོ། བྱིང་བའི་རྩ་ནི། ཤའི་ཁར་མི་གསལ་ཞིང་མནན་པའི་ཚེ་འོག་ཏུ་གསལ་བ་ཅན་གྱི་རྩའོ། ། རྨུགས་པའི་རྩ་ནི། ལག་ལེན་གསལ་བྱེད་ལས། རྨུགས་པ་ནི། མེད་པ་མ་ཡིན་ཀྱང་ཧ་ཅང་མི་གསལ་བ་སྟེ། གཉིད་དང་རྨུགས་པས་ནོན་ཞེས་མ་ཤི་ཡང་གསོན་པོའི་བྱ་བ་མི་བྱེད་པ་ལྟ་བུའོ། །ཞེས་གསུངས་པས་ཅུང་ཟད་ཙམ་ལས་མི་གསལ་བའི་རྩ་ལ་བྱའོ། ། འཐིབས་པའི་རྩ་ནི། སོར་མོས་ཁ་གཏིང་གཉིས་ཀར་ཇི་ལྟར་མནན་ཀྱང་རབ་རིབ་ཙམ་ལས་མི་གསལ་བ་ཅན་གྱི་རྩའོ། ། འབྲུབ་པའི་རྩ་ནི། ཤྭ་འོད་རྒྱུག་པ་ལྟར་གྱི་རྩ་དྲག་ཏུ་འཕར་བ་ཅན་ནོ། ། བརྒྱལ་བའི་རྩ་ནི། མི་ལམ་དུ་འགྲོ་བཞིན་པའི་ཚེ་གློ་བུར་དུ་བརྒྱལ་བ་ལྟར་འཕར་འཕྲོ་བཅད་ནས་སྡོད་པ་ཅན་གྱི་རྩ་ལ་བྱའོ། ། སྐྱེར་ཚེར་འདྲ་བའི་རྩ་ནི། དཔེ་སྐྱེར་པའི་ཚེར་མ་ལྟར་སོར་མོའི་འོག་ཏུ་རྣོ་ཀར་རེ་རྩུབ་པ་ཅན་གྱི་རྩའོ། ། སྡུག་བསྔལ་གྱི་གོ་དོན་ནི། སྡུག་པ་སེམས་ལ་སྐྱོ་བ་སྐྱེས་པའི་དོན་དང་། བསྔལ་བ་ལུས་ངལ་བར་གྱུར་པའི་དོན་ཡིན་པར་གསུངས་སོ། ། ཆུ་ཚན་ཁོལ་འདྲའི་རྩ་ནི། དཔེ་ཆུ་ཚན་ཁོལ་བ་ལྟར་རྩའི་མཐའ་དབུས་ངེས་མེད་འབར་འབུར་བྱེད་ཅིང་མྱུར་དུ་གཡོ་བ་ཅན་གྱི་རྩའོ། ། མེ་ལྕེ་ཆད་འདྲའི་རྩ་ནི། དཔེ་མེ་ལྕེ་ཆད་པ་ལྟར་རེས་འཕར་ཤེད་ཆེ་ཞིང་རེས་འཕར་ཤེད་ཆུང་བའི་འཕར་ཚུལ་མི་སྙོམ་པ་ཅན་གྱི་རྩའོ། ། ནོར་ནི། བླང་ཞིང་དོན་དུ་གཉེར་བར་བྱ་བའི་རྫས་སྤྱི་ཡི་མིང་སྟེ། དབྱེ་ན་འཕགས་པའི་ནོར་དང་། ཟང་ཟིང་གི་ནོར་གཉིས་ཡོད་དོ། དང་པོ་ནི། བཤེས་སྤྲིང་ལས། དད་(དང་བའི་སྒོ་ནས་ཡིད་ཆེས་པའོ་)དང་ཚུལ་ཁྲིམས་(ཉེས་སྤྱོད་སྡོམ་པའོ་)ཐོས་(གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཛད་པའོ་)དང་གཏོང་བ་(སྦྱིན་པ་གཏོང་བའོ་)དང་། དྲི་མེད་(རང་ལ་ལྟོས་ཏེ་)ངོ་ཚ་ཤེས་དང་(གཞན་རྒྱུ་མཚན་དུ་བྱས་ཏེ་)ཁྲེལ་ཡོད་དག ཤེས་རབ་(ཆོས་རབ་ཏུ་འབྱེད་པའི་བློའོ་)ནོར་བདུན་ལགས་པར་ཐུབ་པས་གསུངས། །ཞེས་སོ། ། གཉིས་པ་ནི། རྟ་ལུག་འབྲི་གཡག་ལྟ་བུ་སེམས་ལྡན་གྱི་ནོར་དང་། གསེར་དངུལ་ལྟ་བུ་སེམས་མེད་ཀྱི་ནོར་གཉིས་སོ། །སྐབས་འདིར་ཟང་ཟིང་གི་ནོར་ལ་གོ་དགོས་སོ། ། ནོར་གོད་ནི། རྟ་ལུག་འབྲི་གཡག་ལྟ་བུ་སེམས་ལྡན་གྱི་ནོར་ཤི་བརླག་སོང་བ་དང་། གསེར་དངུལ་ལྟ་བུ་སེམས་མེད་ཀྱི་ནོར་བོར་བརླག་སོང་བ་ལྟ་བུའོ། ། གྲོགས་ནི། ཐོབ་བྱའི་ནོར་དང་། སེམས་མཐུན་པའི་གྲོགས་གཉིས་ལ་གོ་ནའང་སྐབས་འདིར་ཐོབ་བྱའི་ནོར་ལ་གོ་དགོས་ཏེ། ལག་ལེན་གསལ་བྱེད་ལས། གྲོགས་ཞེས་པ་ལོངས་སུ་སྤྱད་བྱ་ཁོ་ན་ཡིན་པས་མཐུན་པའི་གྲོགས་དང་ནོར་བར་མི་བྱའོ། །ཞེས་གསུངས་སོ། ། ངོ་མཚར་རྩ་བདུན་སྐབས་རྐྱང་ཁུག་གཉིས་ཀྱི་བརྩི་ཐབས་མན་ངག་དང་དཔེར་བརྗོད་ནི། ལག་ལེན་གསལ་བྱེད་ལས། དོན་ལྔ་རང་སྟོབས་ཀྱི་རྩ་ལ་བརྟག་པའི་ཚེ་དོན་སོ་སོའི་རྩ་ལ་རྟོགས། འབྱུང་བ་གཞན་སྟོབས་དང་བསྟུན་ནས་བརྩི་བ་ལའང་རྐྱང་ཁུག་གཉིས་ལས། རྐྱང་པ་བརྩི་བའི་ཚེ་དུས་ཀྱི་རང་རྩ་དེ་ཉིད་གཞིར་བྱས་ལ་མ་བུ་དགྲ་གྲོགས་གང་ཡིན་པའི་དོན་སོ་སོའི་རྩ་ལ་བརྟག་གོ ། སོ་མ་རཱ་ཛར། མཆིན་པའི་དུས་སུ་ཆུ་ཡི་རྩ། །སྐྱེད་པས་མ་འཕྲད་དབང་ཐང་ཆེ། །ས་བྱུང་ནོར་རྙེད་ལྕགས་ནི་དགྲ། །ཞེས་གསུངས་པས། དུས་ཁམས་དང་འབྲེལ་བའི་དོན་ལྔ་གང་ཡིན་པ་དེ་ལ་བརྩི་གཞི་བྱ། །དེའི་འཕར་ཚུལ་གྱི་རྩ་རྒྱུན་སྤྱི་དེ་ལ་མ་བུ་དགྲ་གྲོགས་བརྩི་ཞིང་བརྟགས་པས་དེའི་བྱེ་བྲག་ཤེས་པ་ནི་ཕྱི་ནང་གི་འབྱུང་བའི་རྟེན་འབྲེལ་ལས་སོ། །དེ་ཡང་དཔེར་ན། དཔྱིད་ཀྱི་ཞག་བདུན་ཅུ་རྩ་གཉིས་རིང་ཤིང་ཁམས་མཆིན་རྩ་དར་བའི་དུས་ཡིན་ཀྱང་། དེའི་དགྲ་ལྕགས་ཁམས་དར་ན་མཆིན་རྩ་དེ་ཉིད་དགྲའི་སྟོབས་སམ་དབང་དུ་སོང་བས་ཐུང་ལ་རྩུབ་པར་འགྱུར་ཅིང་། གཞན་རྣམས་ཀྱང་ཐུང་རྩུབ་ཀྱི་རྣམ་པར་འཆར། ཁྱད་པར་གློ་རྩ་ཐུང་ལ་རྩུབ་པར་འགྱུར་བ་རྣམས་མཚུངས་ལྡན་དུ་འབྱུང་བ་ལྟ་བུའོ། །ཞེས་གསུངས་པས་སོ། ། གོད་ཀ་ནི། ནོར་གོད་དང་དོན་གཅིག་གོ ། གདོན་ནི། ལེགས་སྦྱར་སྐད་ཀྱི་གྲ་ཧཱ་ཞེས་པའི་སྒྲ་ལས་དྲངས་པའི་ལེན་པའམ་འཛིན་པའི་དོན་ལ་འཇུག་སྟེ། གདུག་དཀར་གཟུངས་འགྲེལ་རབ་གསལ་སྒྲོན་མེ་ལས། གདོན་ཞེས་པ་ནི། ལེན་པའམ་འཛིན་པའི་དོན་ཏེ་གདོན་གྱི་སྐད་དོད་གྲ་ཧཱ་ནི་ལེན་པ་དང་འཛིན་པ་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པས་སོ། ། དོན་སྣོད་དང་འབྱུང་ལྔའི་ཁམས་གཉིས་སྦྱར་ཐབས་ཀྱི་མན་ངག་ནི། ཉེར་མཁོའི་དོན་གསལ་ལས། སྙིང་དང་རྒྱུ་མ་མེ་ཡི་ཁམས། །གློ་བ་ལོང་ག་ལྕགས་ཀྱི་ཁམས། །མཆིན་པ་མཁྲིས་པ་ཤིང་གི་ཁམས། །མཆེར་པ་ཕོ་བ་ས་ཡི་ཁམས། །མཁལ་གཡས་ལྒང་པ་ཆུ་ཡི་ཁམས། །མཁལ་གཡོན་བསམ་སེའང་དེ་བཞིན་ནོ། །ཞེས་གསུངས་སོ། ། རྒྱལ་པོ་ནི། ལྷ་སྲིན་སྡེ་བརྒྱད་ཀྱི་ཡ་གྱལ་དཀོར་བདག་རྒྱལ་པོའི་སྡེ་ཡི་ཁོངས་སུ་གཏོགས། དབྱེ་ན་གཉིས་ཏེ་ལུགས་མཐུན་དམ་ལ་གནས་པའི་རྒྱལ་པོ་དང་། ལུགས་མཐུན་མ་ཡིན་པའི་རྒྱལ་པོ་གཉིས་སོ། །སྔ་མ་ནི་རྒྱལ་པོ་སྐུ་ལྔ་དང་། ཕྱི་མ་ནི་བླ་མའི་རིགས་སྨོན་ལམ་ལོག་པ་དང་། བཙུན་པ་སྡོམ་ཉམས་འདྲེར་སྐྱེས་པའི་རིགས་སོ། ། དཀོར་ནི། དགོན་སྡེར་དད་ལྡན་རྣམས་ཀྱིས་ཕུལ་བའི་དཀོན་མཆོག་མཆོད་པའི་རྫས་སྤྱིའི་མིང་ངོ་། ། དཀོར་བདག་རྒྱལ་པོ་ནི། སྔོན་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་པ་བཞིན་བྷ་ཏ་ཧོར་གྱི་ཡུལ་ནས་རྒྱལ་པོ་པེ་ཧར་སྐུ་ལྔ་གདན་དྲངས། སློབ་དཔོན་པདྨས་དམ་ལ་བཏགས་ཏེ་བསམ་ཡས་གཙུག་ལག་ཁང་གཙོ་བོར་བྱས་པའི་བོད་ཀྱི་གཙུག་ལག་ཁང་ཚང་མའི་དཀོར་བདག་ཏུ་དབང་བཀུར། དེ་ནས་བཟུང་རྒྱལ་པོ་པེ་ཧར་ལ་དཀོར་བདག་པེ་ཧར་ཞེས་གྲགས་པར་གྱུར་པ་དེའི་མཚན་ནོ། ། ས་བདག་ནི། རང་ཉིད་སའི་བདག་པོར་རློམ་ཞིང་ས་ལ་གཉུག་མར་གནས་པའི་ས་ཡི་ལྷ་མོ་བསྟན་མ་དང་། ས་འཛིན་ལག་པ་ཆེན་པོ། ས་བདག་རྒྱལ་བློན་བཅུ་དྲུག་བཅས་སོ། ། མ་མོ་ནི། སྣང་སྲིད་ཐམས་ཅད་རང་ཉིད་ཀྱིས་སྐྱེད་པར་འདོད་པའི་སྲིད་པ་མོ་རྒྱུད་སྤྱིའོ། ། སྡེ་བརྒྱད་ནི། བོད་ལ་ཡོངས་སུ་གྲགས་པའི་སྡེ་བརྒྱད་དང་། རྒྱུད་སྡེ་བཞི་ལས་གསུངས་པའི་སྡེ་བརྒྱད་ གཉིས་མཆིས་ཏེ། ཀློང་རྡོལ་ངག་དབང་བློ་བཟང་གིས། བོད་རྣམས་ཀྱིས་འདོད་པའི་སྡེ་བརྒྱད་ནི། དཀར་པོ་ལྷ་ཡི་སྡེ། དམར་པོ་བཙན་གྱི་སྡེ། ནག་པོ་བདུད་ཀྱི་སྡེ། ཁྲ་བོ་གཟའ་ཡི་སྡེ། སྨུག་པོ་དམུ་ཡི་སྡེ། ཤ་ཟ་སྲིན་པོའི་སྡེ། དཀོར་བདག་རྒྱལ་པོའི་སྡེ། ནད་བདག་མ་མོའི་སྡེ་རྣམས་དང་བརྒྱད་དོ། །ཞེས་དང་། རྒྱུད་སྡེ་བཞི་ལས་བྱུང་བའི་སྡེ་བརྒྱད་ནི། ལྷ་དང་གཅིག ཀླུ་དང་གཉིས། གནོད་སྦྱིན་དང་གསུམ། དྲི་ཟ་དང་བཞི། ལྷ་མ་ཡིན་དང་ལྔ། ནམ་མཁའ་ལྡིང་དང་དྲུག མི་འམ་ཅི་དང་བདུན། ལྟོ་འཕྱེ་ཆེན་པོ་དང་བརྒྱད་དོ། །ཞེས་གསུངས་སོ། ། ཀླུ་སྲིན་ནི། དྲང་སྲོང་ཞལ་ལུང་ལས། ཀླུ་སྲིན་ཞེས་པ་མ་ཀླུ་ལ་ཕ་བདུད་སོགས་གདུག་པ་ཅན་དུ་གྱུར་པའི་ཀླུ་མ་རུང་བ་གདུག་པ་ཆེ་བ་ལྟ་བུ་ལ་ཟེར། །ཞེས་གསུངས་སོ། ། དམ་སྲི་ནི། བླ་མ་སྨོན་ལོག་དང་། བཙུན་པ་སྡོམ་ཉམས་ཀྱི་རིགས་ཤི་ནས་སྲི་ཅན་གྱི་འདྲེར་གྱུར་པའི་རིགས་སོ། ། ཕ་མའི་ཆགས་འདྲེ་ནི། ཕ་མ་སོགས་འཆི་བའི་ཚེ་ནོར་དང་བུ་ཚ་སོགས་ལ་ཆགས་ནས་གནོད་པར་གྱུར་པ་ལ་བྱའོ། ། ཞང་འདྲེ་ནི། ཞང་པོའི་ཕྱོགས་ཀྱི་ལྷ་སྲུང་གི་གནོད་པ་བྱེད་པ་ལ་བྱའོ། ། རྦད་འདྲེ་ནི། བན་སྔགས་ཀྱིས་མཐུ་ཁ་ཟུག་པ་ལ་བྱའོ། ། ནོར་གྱི་ཕྱི་འདྲེ་ནི། ནོར་རྫས་ཀྱི་རྗེས་སུ་འབྲང་བའི་འདྲེ་ལ་བྱའོ། ། གྲོགས་ཀྱི་འགོས་འདྲེ་ནི། མནའ་མ་དང་། མག་པ་ལྟ་བུའི་ཕྱི་རྗེས་སུ་འབྲང་བའི་འདྲེ་ལ་བྱའོ། ། མེ་ཆུ་གོ་ལྡོག་གི་གོ་དོན་ནི། ཕ་ན་བའི་ཚེ་བུ་ནད་མེད་ལ་རྩ་བལྟས་པས་ཕའི་འཚོ་འཆི་རྟོགས་པ་དང་། བུ་ན་བའི་ཚེ་ཕ་ནད་མེད་ལ་རྩ་བལྟས་པས་བུའི་འཚོ་འཆི་རྟོགས་པ་སོགས་བལྟོས་ས་བལྟོས་འཇོག་སྒོ་ནས་འཚོ་འཆི་རྟོགས་ཐུབ་པའི་རྟེན་འབྲེལ་གྱི་རྩའི་བརྟག་ཐབས་ཤིག་ཏེ། དྲང་སྲོང་ཞལ་ལུང་ལས། མེ་ཆུ་གོ་ལྡོག་གི་རྩ་ཞེས་པ་དཔེས་མཚོན་ནས་མིང་དུ་བཏགས་པ་སྟེ། དཔེར་ན་སྣོད་ནང་གི་ཆུ་དེ་དྲག་ཏུ་ཁོལ་བར་མཐོང་ཚེ། དེའི་འོག་ན་མེ་འབར་བ་དངོས་སུ་མ་མཐོང་ཡང་། དེའི་ཚ་བ་ལ་དཔགས་ནས་དེའི་འོག་ན་མེ་ཡོད་པར་ཤེས་པ་དང་། སྣོད་ནང་གི་ཆུ་ཁོལ་བ་མ་མཐོང་ཡང་། འོག་ན་མེ་དྲག་ཏུ་འབར་བ་དངོས་སུ་མཐོང་ན་ཆུ་དེ་ལའང་དྲོད་ཡོད་དོ་སྙམ་དུ་ཤེས་པ་བཞིན་དུ་ཕ་ན་ན་བུ་ལ་རྩ་བལྟ་བ་སོགས་ནི། མེ་ཆུ་ལ་གོ་ལྡོག་བལྟས་པས་ཅིག་ཤོས་ཀྱི་ཚུལ་ཤེས་པ་དེ་དང་འདྲ་བའི་ཕྱིར་རོ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། མེ་ཆུ་གོ་ལྡོག་གི་རྩའི་བརྟག་ཐབས་ནི། ཐབ་ཏུ་མེ་འབར་བ་མ་མཐོང་ཡང་སྣོད་ནང་གི་ཆུའི་རླངས་པར་བརྟེན་ནས་འོག་ཏུ་མེ་ཡོད་པ་ཤེས་པ་དང་། སྣོད་དུ་ཆུ་ཁོལ་བ་མ་མཐོང་ཡང་ཐབ་ཏུ་མེ་འབར་བ་ལ་བརྟེན་ནས་ཆུ་ལ་དྲོད་ཡོད་པར་ཤེས་པ་བཞིན་དུ་ཕ་ན་བའི་ཚེ་བུ་ལ་རྩ་བལྟ་བ་སོགས་ནི་རྟེན་ཅིང་འབྲེལ་འབྱུང་སྒོ་ནས་རྩ་བརྟག་པའི་ཐབས་སོ། །ཞེས་དང་། གོང་སྨན་པའི་དྲིས་ལན་ཉི་འོད་རབ་གསལ་ལས། མེ་ཆུ་གོ་ལྡོག་བརྟག་ཐབས་ནི། །ཐབ་ཏུ་མེ་འབར་མཐོང་བའི་ཚེ། །སྟེང་གི་སྣོད་ཆུའི་དྲོད་ཤེས་དང་། །སྣོད་དུ་ཆུ་ཁོལ་མཐོང་བའི་ཚེ། །འོག་ཏུ་མེ་འབར་ཤེས་པ་བཞིན། །རྩ་རླུང་ཐིག་ལེ་ཁམས་དབང་གི། །རྟེན་ཅིང་འབྲེལ་འབྱུང་ལ་བརྟེན་ནས། །ཕ་ན་བུ་(ནད་མེད་)ལ་རྩ་བལྟས་པས། །ཕ་ཡི་འཚོ་འཆི་ རྟོགས་པ་དང་། །བུ་ན་ཕ་(ནད་མེད་)ལ་རྩ་བལྟས་པས། །བུ་ཡི་འཚོ་འཆིའི་དོན་རྟོགས་ཤིང་། །དེ་བཞིན་མ་ན་བུ་མོར་(ནད་མེད་)བལྟས། །མ་ཡི་འཚོ་འཆི་གནད་རྟོགས་ཤིང་། །བུ་མོ་ན་ཚེ་མ་(ནད་མེད་)རྩར་བལྟས། །བུ་མོའི་འཚོ་འཆི་རྟོགས་པ་དང་། །ཁྱོ་ན་ཆུང་མར་(ནད་མེད་)རྩ་བལྟས་ཚེ། །ཁྱོ་བོའི་འཚོ་འཆི་རྟོགས་པ་དང་། །ཆུང་མ་ན་ཚེ་ཁྱོའི་(ནད་མེད་)རྩ་ལ། །བལྟས་པས་ཆུང་མའི་འཚོ་འཆི་རྟོགས། ། ཞེས་གསུངས་སོ། ། ཁྱོ་ཆུང་གི་རྩ་ལྟ་སྐབས་ཁྱོ་པོ་ཆུང་མའི་གྲོགས་དང་། ཆུང་མ་ཁྱོ་བོའི་དགྲ་རུ་བཞག་པའི་རྒྱུ་མཚན་ནི། གནད་ཀྱི་ལྡེ་མིག་ལས། ཁྱོ་ཆུང་མའི་གྲོགས་དང་། ཆུང་མ་ཁྱོའི་དགྲ་རུ་བརྩི་དགོས་པའི་རྒྱུ་མཚན་ནི། ཁྱོ་པོ་ནི། ཆུང་མས་ལོངས་སུ་སྤྱད་བྱ་ཡིན་པས་ཆུང་མའི་གྲོགས་སུ་བརྩི་དགོས་པ་དང་། ཆུང་མ་ནི། ཁྱོ་བོ་འཇོམས་བྱེད་ཀྱི་གཤེད་ཡིན་པས་ཁྱོའི་དགྲ་རུ་བརྩི་དགོས་ཏེ། ཇི་སྐད་དུ། ཁུ་བ་བུ་སྦྱིན་ཕྱིར་ན་གྲོགས། །ཐིག་ལེ་ཟུངས་འཕྲོག་ཕྱིར་ན་དགྲ། །ཞེས་བཤད་པས་སོ། །ཞེས་གསུངས་སོ། ། སྦྲུམ་མ་ནི། མངལ་དུ་ཕྲུ་གུ་ཆགས་པ་ཅན་གྱི་བུད་མེད་ལ་བྱ་སྟེ། བུ་སྟོན་གྱི་འདུལ་བའི་ལས་ཆོག་གི་ཊཱིཀྐ་ལས། སྦྲུམ་མ་ནི། མངལ་དུ་སེམས་ཅན་ལྡན་པའོ། །ཞེས་གསུངས་སོ། ། སྦྲུམ་མའི་མཁལ་རྩ་གཡས་པ་དྲག་ན་མངལ་གནས་བུ་ཡིན་པ་དང་། གཡོན་པ་དྲག་ན་བུ་མོ་ཡིན་པའི་རྒྱུ་མཚན་ནི། མདོ་ལས། དགའ་བོ་དེ་ལྟ་བུའི་ལུས་དེ་ཡང་གལ་ཏེ་ཕོ་ཡིན་ན་ནི་མའི་མངལ་གྱི་གཡས་ཕྱོགས་སུ་ཙོག་བུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་པ་ལ་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ །གལ་ཏེ་མོ་ཡིན་ན་ནི་རྩིབ་ལོགས་གཡོན་ཕྱོགས་ན་ཙོག་བུར་འདུག་པ་ལ། ལག་པ་གཉིས་ཀྱིས་གདོང་ལ་གཡོགས་ཏེ་མའི་ལྟོ་བ་ལ་ཁ་བལྟས་ནས་མ་ཞུ་བའི་གནས་ཀྱི་འོག ཞུ་བའི་གནས་ཀྱི་སྟེང་ན་ནང་དུ་བཙོས། རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་པ་འདི་ལྟ་སྟེ། དཔེར་ན་རྩྭའི་རྐྱལ་པའི་ནང་དུ་འདུག་པ་དང་འདྲའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། སྦྲུམ་མར་མངལ་གནས་བུ་ཡིན་ན་མའི་ལུས་གཡས་ངོས་སུ་གནས་པ་དང་། བུ་མོ་ཡིན་ན་མའི་ལུས་གཡོན་ངོས་སུ་གནས་པའི་རྒྱུ་མཚན་ནི། སྤྱིར་ཐབས་ཤེས་དང་། རོ་རྐྱང་དབང་དུ་བྱས་ན་སྐྱེས་པ་གཡོན་དང་། བུད་མེད་གཡས་སུ་གནས་དགོས་ཀྱང་སྐབས་འདིར་ཕོ་མོའི་ཆགས་སྡང་དབང་གིས་དེ་ལྟར་གོ་ལྡོག་སྟེ་ཆགས་པ་ཡིན་ནོ། །ཞེས་གསུངས་སོ། ། རྩའི་འཕར་གྲངས་ལ་བལྟོས་ནས་ནད་ཅན་དང་ནད་མེད་ངོས་འཛིན་བྱ་ཐབས་ཀྱི་མན་ངག་ནི། གསང་ཏིག་སྒྲོན་མེ་ལས། སྨན་པའི་དབུགས་ནི་ཐ་མལ་སྙོམས། །ཕྱི་རུ་རྒྱུ་དུས་རྩ་གཉིས་འཕར། །ནང་དུ་རྒྱུ་དུས་རྩ་གཉིས་འཕར། །བར་དུ་གཅིག་སྟེ་ལྔ་འཕར་ན། །དེ་ནི་ནད་མེད་འཕར་ལུགས་ཡིན། །ལྔ་ནས་དྲུག་བདུན་ཡན་ཆད་འཕར་ན་ཚ། །ལྔ་བས་ཉུང་དུ་འཕར་བ་གྲང་བ་ཡིན། །ཞེས་དང་། །ཟླ་བའི་རྒྱལ་པོ་ལས། དབུགས་ནི་སྲོག་དང་རྩོལ་བ་ལས། །རྩ་ཡི་རླབས་ནི་ལྔ་ཡིན་ནོ། །ཞེས་དང་། ལྔ་ལས་མང་བ་ཚ་བ་སྟེ། །ལྔ་ལས་ཉུང་བ་གྲང་བ་ཡིན། །ཞེས་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། དེ་ལས་མང་ཀུན་ཚ་བ་སྟེ། །དྲུག་བདུན་ཚ་བ་ཆུང་ངུ་ཡིན། །བརྒྱད་ན་འབྲིང་ལ་དགུ་ན་ཆེ། །བཅུ་ན་ལ་འདས་འཚོ་མི་འགྱུར། །ཞེས་དང་། ལྔ་ལས་ཉུང་ཀུན་གྲང་བ་དང་། །བཞི་ལས་ཆུང་ངུ་གསུམ་ན་འབྲིང་། །གཉིས་འཕར་གྲང་བ་ཆེན་པོ་ཡིན། ། གཅིག་འཕར་གྲང་བ་གཏིང་འཁར་སྤང་། །ཞེས་དང་། རྩ་དཔྱད་ཉི་འོད་རབ་གསལ་ལས། སྨན་པའི་ཕྱི་ནང་གི་དབུགས་གཅིག་ལ་རྩ་ལན་དྲུག་འཕར་ན་ཚ་བ་ཙམ། བདུན་འཕར་ན་རབ་ཏུ་ཚ་བ། བརྒྱད་འཕར་ན་ཚ་བ་ལ་འདས་པ། ཞེས་དང་། བཞི་འཕར་ན་གྲང་བ་ཙམ། གསུམ་འཕར་ན་རབ་ཏུ་གྲང་བ། གཉིས་འཕར་ན་གྲང་བ་གཏིང་འཁར་བ། ཞེས་གསུངས་པས་སྔ་མ་ནི་བྱང་ལུགས་ཀྱི་བཞེད་སྲོལ་དང་། ཕྱི་མ་ནི་ཟུར་ལུགས་ཀྱི་བཞེད་སྲོལ་ཡིན་ནོ། ། ནད་མེད་ཀྱི་རྒྱུན་རྩ་མུ་ཏིག་འཕྲེང་བའི་མཚན་ཉིད་དང་། དེའི་འབྲས་བུ་ཁ་དམར་གདགས་ཐབས་ནི། གཡུ་ཐོག་བུ་དོན་མ་ལས། རྩ་རྒྱུད་ཡུངས་ཀར་ཕྲེང་མནན་འདྲ། །མུ་ཏིག་ཕྲེང་བ་ཞེས་བྱ་སྟེ། །ལོ་ཡི་ནང་དུ་ཕལ་ཆེར་འཆི། །དེ་ལ་མ་ཤི་ཚེ་རྩར་འགྱུར། །ཞེས་གསུངས་སོ། ། མ་ཚང་བའི་རྩ་ནི། སོར་མོའི་ཡར་ཟུར་དང་། མར་ཟུར་གྱི་དོན་སྣོད་ཀྱི་རྩ་གང་རུང་མི་མངོན་པར་གྱུར་པ་ལ་བྱ་སྟེ། བྱང་པ་བཀྲ་ཤིས་དཔལ་བཟང་གིས། མ་ཚང་རྩ་ཡི་མཚན་ཉིད་ནི། །སོར་མོའི་ཡར་ཟུར་མར་ཟུར་གྱི། །དོན་ལྔ་སྣོད་དྲུག་གང་རུང་རྩའི། །འཕར་བའི་བྱ་བ་ཉམས་པའི་དོན། །ཞེས་གསུངས་པས་སོ། ། སྡོད་འཐེན་གྱི་རྩ་ནི། རྩ་རྒྱུད་འཕར་འཕྲོ་བཅད་ནས་སྡོད་པ་དང་། སྡོད་ལ་ཁད་དུ་འཐེན་པ་ལྟ་བུའི་རྩའི་འཕར་ཚུལ་ལ་བྱའོ། ། ཐང་ལྷོད་ཀྱི་རྩ་ནི། ཐང་ཞེས་སྐབས་འདིར་རྩ་གྲིམས་པའི་དོན་དང་། ལྷོད་ཞེས་འཕར་ཤེད་མེད་པ་ཅན་གྱི་རྩའོ། ། གཞི་རྩ་ནི། ལུས་ཐོག་མར་ཆགས་པའི་སྐབས་ནས་གཞི་ལ་ལྷན་སྐྱེས་སུ་གྲུབ་པའི་ཉེས་གསུམ་རང་བཞིན་ཅན་གྱི་ཕོ་རྩ་དང་། མོ་རྩ། བྱང་ཆུབ་སེམས་རྩ་གསུམ་ལ་བྱའོ། ། ཁ་དམར་ནི། ནད་འདི་དང་འདི་འོ་ཞེས་པ་ལྟ་བུ་ལུང་གསལ་བར་སྟོན་པའི་དོན་ནོ། ། བུ་རྩ་ནི། མངལ་སྦྲུམ་པའི་རྩ་ལ་བྱ་སྟེ། སྦྲུམ་མའི་རྩ་དང་དོན་གཅིག་གོ ། ནད་ཐམས་ཅད་ཚ་གྲང་གཉིས་སུ་བསྡུ་དགོས་པའི་རྒྱུ་མཚན་ནི། མན་རྒྱུད་གླང་ཐབས་གསོ་བའི་ལེའུ་ལས། མང་དུ་ཕྱེ་ལ་ནད་ངོས་མ་འདྲེས་ཟུང་། །ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་དྲིལ། །ཞེས་དང་། དྭགས་པོ་ལྷ་རྗེས། ཚ་གྲང་དབྱེ་བ་མ་ཤེས་ན། །ཟམ་ཁའི་དམུས་ལོང་མགོ་འཁོར་འདྲ། །ཞེས་དང་། ཟུར་མཁར་བས། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱང་། །ཚ་གྲང་གཉིས་སུ་མ་འདུས་མེད། །སྟོང་དང་རྩ་གཉིས་གཉེན་པོའི་སྨན། །བསིལ་དང་དྲོད་ལ་ཡོངས་སུ་འདུས། །ཞེས་དང་། ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། ཚ་བ་ངོས་ཟིན་ན། གྲང་བ་ཤུགས་ལས་ཤེས་པར་འགྱུར་རོ། །དེ་ལྟར་འདྲིལ་ཤེས་ན་འཚོ་བྱེད་སྨན་པའི་མཆོག་ཡིན་ནོ། །ཞེས་དང་། སྐྱེས་བུ་མེ་ལྷས། ནད་ལ་བརྒྱ་སྟོང་ཁྲི་སྨོས་ཀྱང་། །མདོ་རུ་བསྡུས་པས་ཚ་གྲང་གཉིས་ལས་མེད། །ཚ་ཚེ་གྲང་བ་མི་གནས་ལ། །གྲང་ཚེ་ཚ་བ་གནས་མ་ཡིན། །ཞེས་གསུངས་པས་སོ། ། སྤྱི་རྩ་དྲུག་ནི། ལག་ལེན་གསལ་བྱེད་ལས། རྩ་བཅུ་གཉིས་ལ་སྤྱི་རྩ་དྲུག་གི་ཐ་སྙད་བརྗོད་པ་ནི། སྤྱི་གཞི་གཅིག་ལ་ཚ་གྲང་གིས་དེ་ལྟར་སྣང་སྟེ། ཆུ་གཅིག་ལ་རྐྱེན་གྱིས་གྲང་དྲོ་གཉིས་སུ་སོ་སོར་བཞག་པ་བཞིན་ནོ། །ཞེས་གསུངས་པ་ལྟར་ཚ་བའི་ནད་བྱུང་ཚེ་གྲང་བའི་ནད་མི་གནས་ཤིང་། གྲང་བའི་ནད་བྱུང་ཚེ་ཚ་བའི་ནད་མི་གནས་པ་ཆོས་ཉིད་ཡིན་པས་སོ། ། ཚ་བའི་སྤྱི་རྩ་དྲུག་ནི། སྟོང་ཐུན་གནད་ཀྱི་སྒྲོན་མེ་ལས། ཚ་བའི་སྤྱི་རྩ་དྲུག་བཤད་བྱ། །དྲག་པ་འཕར་ཤེད་ཆེ་བའི་དོན། །རྒྱས་པ་ཤ་ཁར་ཐོན་པའི་དོན། །འདྲིལ་བ་གཏིང་ཤེད་ཆེ་བའི་དོན། །མགྱོགས་པ་འཕར་གྲངས་མྱུར་བའི་དོན། །གྲིམས་པ་སོར་མོར་བརྡེག་ལྟའི་དོན། །མཁྲང་བ་མནན་ཚེ་སྲ་བའི་དོན། །ཞེས་དང་། དོན་གསལ་སྒྲོན་མེ་ལས། དྲག་པ་ནི། ཤུགས་ཆེ་བའོ། །རྒྱས་པ་ནི། སྦོམ་ཞིང་གང་བའོ། །འདྲིལ་བ་ནི། གཏིང་དྲག་པའོ། ། མགྱོགས་པ་ནི། གྲངས་མྱུར་བའོ། །གྲིམས་པ་ནི། འཕར་བ་མྱུར་ཞིང་གསལ་བའོ། །མཁྲང་བ་ནི། མནན་ན་ཤེད་མི་ཉམས་པའོ། །དེ་དག་ཀྱང་ཚ་བ་གཅིག་པ་ལ་རྩ་དྲུག་ཏུ་འབྱུང་བ་ན་མཚན་ཉིད་རིགས་ཀྱི་ཁྱད་པར་རོ། །རྒྱས་གྲིམས་མཁྲིས་པ། རྒྱས་དྲག་འཁྲུགས། གྲིམས་མཁྲང་དྲུག་ཀ་འབྱུང་ན་ཚ་བ་སྟོབས་ལྡན། གསུམ་འདུག་ན་ཚ་བ་འབྲིང་། གཅིག་གཉིས་ཚ་བ་སྟོབས་ཆུང་ངུ་ཤེས་པར་བྱའོ། །ཞེས་གསུངས་སོ། ། གྲང་བའི་སྤྱི་རྩ་དྲུག་ནི། སྟོང་ཐུན་གནད་ཀྱི་སྒྲོན་མེ་ལས། གྲང་བའི་སྤྱི་རྩ་དྲུག་བཤད་བྱ། །ཞན་པ་འཕར་ཤེད་མེད་པའི་དོན། །བྱིང་བ་མི་གསལ་བ་ཡི་དོན།།(མཆན། ཁར་མི་གསལ་ཞིང་མནན་ཚེ་འོག་ཏུ་ཅུང་ཟད་གསལ་བ་ཅན་ནོ་)གུད་པ་གཏིང་ཤེད་ཉམས་པའི་དོན། །བུལ་བ་འཕར་གྲངས་དལ་བའི་དོན། །ལྷོད་པ་མཁྲང་ཆ་མེད་པའི་དོན། །སྟོང་པ་མནན་ཚེ་སོབ་པའི་དོན། །ཞེས་དང་། དོན་གསལ་སྒྲོན་མེ་ལས། ཞན་པ་ནི། ཤེད་ཆུང་བ་སྟེ་ཚད་རྩ་དྲག་པ་ལས་གོ་ལོག་པའོ། །བྱིང་བ་ནི། སྟེང་ནས་མི་གསལ་འོག་ནས་གསལ་བ་སྟེ་ཚད་རྩ་གྲིམས་པ་ལས་གོ་ལོག་པའོ། །གུད་པ་ནི། དྲག་ཏུ་མནན་པ་ན་རུས་པ་ལ་འབྱར་བའི་ཚོད་ཙམ་དུ་རྒྱུ་བ་སྟེ་ཚད་རྩ་རྒྱས་པ་ལས་གོ་ལོག་པའོ། །བུལ་བ་ནི། དལ་བུར་རྒྱུ་བ་སྟེ་ཚད་རྩ་མགྱོགས་པ་ལས་གོ་ལོག་པའོ། །ལྷོད་པ་ནི། དལ་ཞིང་སྟོང་པ་སྟེ་ཚད་རྩ་འདྲིལ་བ་ལས་གོ་ལོག་པའོ། །སྟོང་པ་ནི། མནན་ན་མེད་པ་སྟེ་ཚད་རྩ་མཁྲང་བ་ལས་གོ་ལོག་པས་སྟོང་པའོ། །དེ་ཡང་གྲང་བ་གཅིག་ལ་རྩ་འཕར་ལུགས་དྲུག་སྟེ་ཞན་བྱིང་ལ་སོགས་དྲུག་པོ་གང་སྣང་ཡང་གྲང་བ་ཡིན་པ་ལ། ཁྱད་པར་ཞན་བྱིང་གུད་བུལ་བད་ཀན་གྲང་བ་མེ་ཉམས་ཀྱི་རྩ་ཡིན་ཅིང་། ལྷོད་སྟོང་གྲང་བ་རླུང་གི་རྩ་ཡིན་ལ། གྲང་བ་གསར་རྙིང་ཚད་པ་ལས་གོ་ལོག་ནས་སྙུགས་གྲངས་གཉིས་ལ་གྲང་རྩ་དེ་དག་བྱུང་ན་གྲང་བ་གསར་པ་ཡིན། དཔངས་ལ་དེ་སྣང་ན་གྲང་བ་ཡུན་རིང་ལོན་པའི་རྙིངས་པ་ཡིན། གྲང་རྩ་དྲུག་ཀ་རྒྱུན་གཅིག་ལ་ཚང་ན་མཆོག་ཏུ་གྲང་བ་སྟོབས་ཆེན་ཡིན་ཞིང་། གསུམ་ཙམ་འདུག་ན་གྲང་བ་སྟོབས་འབྲིང་། གཅིག་གཉིས་སྣང་ན་གྲང་བ་སྟོབས་ཆུང་བ་ཤེས་པར་བྱའོ། །ཞེས་གསུངས་སོ། ། དཔངས་གྲངས་སྙུགས་གསུམ་གྱི་གོ་དོན་དང་། དེ་ཉིད་ནད་ཚ་གྲང་དང་སྦྱར་ཚུལ་ནི། དང་པོ། རྗེ་བཙུན་ཟུར་མཁར་བས། དཔངས་དང་གྲངས་དང་སྙུགས་དང་གསུམ། །མཐོ་དམའ་མང་ཉུང་རིང་ཐུང་ཡིན། །ཞེས་དང་། ཕྲག་དབོན་གྱི་མན་ངག་གསལ་བྱེད་ལས། སྨན་རྒྱལ་རྡརྨ་སྭ་མི་ཡིས། །དཔངས་དང་གྲངས་དང་སྙུགས་དང་གསུམ། །མཐོ་དམའ་མང་ཉུང་རིང་ཐུང་ཡིན། །གསུངས་བཞིན་ཚ་གྲང་གོ་ལྡོག་སྦྱར། །དང་པོ་ཚད་ནད་དང་སྦྱར་ཚེ། །དཔངས་རྩ་རྩ་རྒྱུད་རྒྱས་པའི་དོན། །གྲངས་རྩ་མགྱོགས་པར་འཕར་བའི་དོན། །སྙུགས་རྩ་འཕར་ཐག་ཐུང་བའི་དོན། །གཉིས་པ་གྲང་ནད་དང་སྦྱར་ཚེ། །དཔངས་རྩ་འོག་ཏུ་བྱིང་བའི་རྩ། །གྲངས་རྩ་བུལ་བ་ཅན་གྱི་རྩ། །སྙུགས་རྩ་རྒྱུ་བ་ཞན་པའི་རྩ། །ཞེས་གསུངས་པ་ལྟར་རོ། གཉིས་པ། དཔངས་གྲངས་སྙུགས་གསུམ་གྱི་རྩའི་འཕར་ཚུལ་ནད་ཚ་གྲང་གཉིས་གོ་ལྡོག་ཏུ་སྦྱར་དགོས་པའི་རྒྱུ་མཚན་ནི། ཚ་གྲང་གི་ནད་ལུས་ཕྱི་ནང་ནས་འཇུག་ཚུལ་མི་འདྲ་བའི་དབང་གིས་དེ་ལྟར་དུ་གསུངས་པ་ཡིན་ཏེ། རིན་ཆེན་སྤྲིན་གྱི་ལྡིང་ཁང་ལས། ནད་རིགས་ཐམས་ཅད་པགས་གྲམ་སོགས། །སྒོ་དྲུག་རིམ་བཞིན་འཇུག་ཚུལ་ཡང་། །སྤྱི་ཡི་དབང་དུ་བྱས་ནས་གསུངས། །དཔེར་ན་ཚ་བའི་ནད་ཕལ་ཆེར། །ལུགས་འབྱུང་དབང་དུ་འཇུག་འགྱུར་ཀྱང་། །བྱེ་བྲག་བད་ནད་ལྟ་བུ་ནི། །ཐོག་མར་ཕོ་བའི་གནས་ལ་འཇུག །དེ་ནས་རིམ་བཞིན་རྙིང་འགྱུར་ཚེ། །ལུགས་ལྡོག་ཕྱི་རུ་འབྱུང་བར་འགྱུར། །དེ་བཞིན་ཚ་གྲང་སྤྱི་རྩ་གསུམ(མཆན། དཔངས། གྲངས། སྙུགས་གསུམ་མོ་)། །གོ་ལྡོག་འབྱུང་བ་ཤེས་པར་བྱ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། ཚ་བ་ནི། ཕྱི་ཤ་ལྤགས་སམ་ཁ་ཡི་ཚ་བ་དང་བར་རུས་རྐང་གི་ཚ་བ་གཉིས་གསར་པ་དང་། ནང་དོན་སྣོད་ལ་ཞུགས་ནས་རྙིང་པ་ཡིན་ཞིང་། གྲང་བ་ནི། ནང་དོན་སྣོད་ལ་དང་པོ་ཞུགས་ནས་རྙིང་པའི་ཚེ་ཕྱི་ཤ་ལྤགས་ལ་འཇུག་པའི་དབང་གིས་ཡིན་ལ་དེ་དག་གི་རྩ་ཡང་འདིར་བརྡ་སྦྱར་བ་ཡིན་ནོ། །ཞེས་གསུངས་སོ། ། རླུང་མཁྲིས་བད་ཀན་ནད་ཀྱི་ངོ་བོ་ནི། ཟླ་བའི་རྒྱལ་པོ་ལས། མཁྲིས་པ་ཅན་གྱིས་དྲོད་བསྟེན་མཁྲིས་པ་འཕེལ། །བད་ཀན་ཅན་གྱིས་བཅུད་བསྟེན་བད་ཀན་འཕེལ་བར་འགྱུར། །རླུང་ནད་བཅུད་མེད་བསྟེན་པས་རླུང་ནད་འཕེལ་བར་འགྱུར། །ཞེས་དང་། དེའི་བཅོས་ཐབས་ཀྱང་། དར་མགོན་ཟིན་ཏིག་ལས། རླུང་ནད་བཅུད་ཀྱིས་གསོ་བར་བྱ། །མཁྲིས་ནད་བསིལ་གྱིས་བཅོས་པར་བྱ། །བད་ཀན་དྲོད་ཀྱིས་གསོ་བར་བྱ། །ཞེས་དང་། སྙིང་པོ་བསྡུས་པ་ལས། ལུས་ཟུངས་ཟད་བྱེད་བསྟེན་དྲགས་པས། །རླུང་ནི་འཁྲུགས་པར་བྱེད་འགྱུར་ཏེ། །སྦུ་གུ་སྟོང་པར་རྒྱུ་གྱུར་པ། །དེ་ཉིད་ཤིན་ཏུ་འགེངས་པར་བྱེད། །ཅེས་དང་། ཟླ་ཟེར་ལས། ལུས་ཟུངས་བདུན་པོ་ཟད་པར་བྱེད་པའི་སྨན་དང་། ཟས་དང་། སྤྱོད་ལམ་ཚད་ལས་དྲགས་པར་ལྷག་པར་བསྟེན་པས་རླུང་ནད་འཁྲུགས་ནས་ལྡང་བར་འགྱུར་ཏེ། དེ་ནི་སྟོང་ཞིང་སྦུ་གུར་གནས་པའི་རྒྱུན་སྲང་དག་ཏུ་འགེངས་ཤིང་རྒྱས་པར་བྱེད་པར་བྱས་ནས་ལྡང་བར་བྱེད། ཅེས་གསུངས་སོ། ། རླུང་གི་རྩ་ནི། ལག་ལེན་གསལ་བྱེད་ལས། རྐྱང་པའི་རླུང་གི་རྩ་ནི། ཡང་གཡོའི་མཚན་ཉིད་འཛིན་པས་སོག་སྦུག་ཆུ་ནང་མནན་པ་ལྟར་ཕར་རྐྱལ་ཚུར་རྐྱལ་བྱེད་པ་དང་། གཟུགས་ཀྱི་དངོས་པོར་མ་གྲུབ་པས་སྟོང་པ་དང་། རྒྱུན་མི་སྙོམས་པས་སྐབས་སུ་སྡོད་པའོ། །ཞེས་དང་། སྨྲ་བ་མཆོག་ཐོབ་ལས། རླུང་གི་རྩ་ནི། སོག་སྦུབས་ཆུ་ནང་དུ་བཞག་པ་ལྟར་ཡང་གཡོའི་དབང་གིས་རྐྱལ་བ་དང་། མནན་མི་བཟོད་པར་སྟོང་བ་དང་། རེས་མྱུར་དུ་རྒྱུག་ཅིང་རེས་སྡོད་པ་རྒྱུན་མི་སྙོམས་པ་སྟེ་རླུང་དང་ཆོས་མཚུངས་པའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། རླུང་ནད་རྐྱང་པའི་རྩ་རྐྱལ་ལ་སྟོང་ཞིང་སྐབས་སུ་སྡོད་པ་ནི། ཡང་གཡོས་བཏེགས་པས་རྐྱལ་བ་དང་། རླུང་ནད་ཕལ་ཆེར་ལུས་ཀྱི་ཟུངས་བཅུད་ཉམས་པའི་ནད་ཡིན་པས་རྩ་སྦུབས་སྟོང་བ། ཁྱབ་བྱེད་རླུང་གི་བྱེད་ལས་ཉམས་པས་འཕར་ཚུལ་མི་སྙོམས་པར་སྡོད་པའོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། རླུང་གི་རྩ་ནི། རྐྱལ་ཞེས་པ་དཔེར་ན་ཀུ་བ་སོགས་ཆུའི་ཁ་ན་འཕྱོ་བ་ལྟར་རླུང་གི་སྟོབས་ཀྱིས་རྩ་དེ་ཤ་ཡི་ཁར་འཕྱོ་ཞིང་མར་མནན་ན་ནུབ་པ་ལྟར་བྱེད་པའོ། །སྟོང་ཞེས་མནན་ན་རྩ་ནང་སྟོང་པར་གྱུར་པ་དང་། སྐབས་སྐབས་སུ་མི་འཕར་བ་སྡོད་པར་བྱེད་པའོ། །ཞེས་གསུངས་སོ། ། མཁྲིས་པའི་རྩ་ནི། གནད་ཀྱི་ལྡེ་མིག་ལས། མཁྲིས་པའི་རྩ་ཕྲ་ལ་གྲིམས་པར་འཕར་བ་ནི། སྣོད་མཁྲིས་པར་ཚ་བ་ཞུགས་པའི་མཁྲིས་ཚད་ཀྱི་ནད་ཡིན་པ་ལས་ཁྲག་ཚད་རྒྱས་པའི་ནད་མ་ཡིན་ཕྱིར་རྩ་རྒྱུད་ཕྲ་བ་དང་། སྣོད་མཁྲིས་དེ་ཉིད་ཚ་བ་ཁྲག་མཁྲིས་ཀྱི་རྟེན་ཡིན་པའི་ཆ་ནས་རྩ་རྒྱུད་ཁོང་གྲིམས་པ་ཅན་འཕར་བའོ། །ཞེས་དང་། ལག་ལེན་གསལ་བྱེད་ལས། མཁྲིས་པ་རྐྱང་པའི་རྩ་ནི། རྣོ་ཞིང་ཕྲ་མོར་འཇུག་ནུས་པས་རྩ་རྒྱུད་ཕྲ་ལ། དྲག་མགྱོགས་ལྷན་ཅིག་པའི་རྣམ་པ་ཅན་གྲིམས་པར་འཕར། །ཞེས་གསུངས་སོ། ། བད་ཀན་སྐྱ་བོའི་རྩ་ནི། ལག་ལེན་གསལ་བྱེད་ལས། བད་ཀན་རང་རྒྱུད་ཅན་སྐྱ་བོའི་རྩ་ནི། ས་ཆུའི་མཚན་ཉིད་འཛིན་པས་ལྕི་རྟུལ་འཇམ་བརྟན་གྱི་རང་བཞིན་ཡིན་པས་གཏིང་དུ་བྱིང་ལ་གུད། ཅེས་དང་། སྨྲ་བ་མཆོག་ཐོབ་ལས། བད་ཀན་གྱི་རྩ་ནི། གཏིང་དུ་ནུབ་པས་མི་གསལ་བ་ལྟར་བྱིང་བ་དང་། སྟོབས་ཆུང་བའི་ཉམས་ཅན་གུད་པ་དང་། རྒྱུན་རིང་བས་དལ་བའི་ཉམས་ཡོད་པ་སྟེ་བད་ཀན་ས་ཆུ་དང་མཚུངས་པའི་མཚན་ཉིད་ཡོད་པའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། བད་ཀན་རང་རྒྱུད་ཅན་སྐྱ་བོའི་རྩ་བྱིང་ལ་རྒུད་པ་ནི། ས་ཆུའི་ཁམས་འཕེལ་བས་རྩ་བྱིང་བ་དང་། ནད་འདི་གཙོ་བོ་ཕོ་བའི་མེ་དྲོད་ཉམས་པ་ལས་བྱུང་བ་ཡིན་ཞིང་དེའི་དབང་གིས་དྭངས་མའི་རྒྱུན་ཡང་ཉམས་པས་རྩ་རྒྱུད་རྒུད་པའོ། ། ཞེས་གསུངས་སོ། ། བད་ཀན་སྨུག་པོ་ཞེས་མིང་དུ་བཏགས་པའི་རྒྱུ་མཚན་ནི། པོད་དམར་ལས། བད་ཀན་སྨུག་པོ་ནི། ཉེས་གསུམ་ཁྲག་བཅས་རང་མདོག་འདྲེས་པའི་འདུས་ནད་སྨུག་པོ་ཡིན་པས་ན་སྨུག་པོ་དང་། དྲི་ཆེན་དྲི་ཆུ་སྨུག་པོ་ཡིན་པས་ན་སྨུག་པོ། གྱེན་ཐུར་གཉིས་ནས་ཁྲག་སྨུག་འབྱུང་བས་ན་སྨུག་པོ། བཞིན་མདོག་ལུད་པའི་ཁ་དོག་སྨུག་པས་ན་སྨུག་པོ་ཞེས་བཤད་དོ། །ཞེས་དང་། རྒྱུད་ཆུང་བདུད་རྩི་སྙིང་པོ་ལས། ཕོ་བ་མཆིན་པ་རྒྱུ་མ་ལོང་བཞི་རུ། །བད་ཀན་ཁྲག་མཁྲིས་རླུང་བཞི་མ་ཞུ་བས། །བད་ཀན་རྒྱུས་སྐྱེད་ཁྲག་མཁྲིས་རླུང་དང་བསྡོངས། །ཁ་དོག་དུད་ཁུར་གྱུར་པས་སྨུག་པོར་འདོད། །ཅེས་དང་། རབ་གསལ་སྒྲོན་མེ་ལས། བད་ཀན་སྨུག་པོ་ནི། རླུང་གི་རང་མདོག་སྔོ། མཁྲིས་པའི་རང་མདོག་སེར། བད་ཀན་གྱི་རང་མདོག་དཀར་རམ་སྐྱ། ཁྲག་གི་རང་མདོག་དམར། ཆུ་སེར་གྱི་རང་མདོག་སེར་བ་བཅས་འདུས་ནས་དབྱེར་མི་ཕྱེད་པར་འདྲེས་པའི་ཚེ་སྨུག་པོར་གྱུར་པ་ལྟར་ནད་འདི་ཉེས་གསུམ་ཁྲག་ཆུ་སེར་བཅས་འདུས་པའི་ནད་ཡིན་པའི་དོན་མཚོན་བྱེད་ཀྱི་མིང་ཡིན་པ་དང་། འདིར་ཐོག་མར་བད་ཀན་ཞེས་བཤད་པ་ནི། ནད་འདི་ཐོག་མར་ས་ཆུའི་ཁམས་འཕེལ་ཏེ་མ་ཞུ་བ་ཤས་ཆེར་ལས་འབྱུང་བའི་ཕྱིར་ཡིན་ནོ། །ཞེས་དང་། ཟླ་བའི་རྒྱལ་པོ་ལས། བད་ཀན་དབྱེ་ན་མང་ཡོད་དེ། །ཕོ་བ་ལ་གནས་དཀར་པོ་ཡིན། །མཆིན་པ་ལ་གནས་སྨུག་པོ་ཡིན། །སེར་པོ་མཁྲིས་པ་བསྡོངས་པ་འོ། །དམར་པོ་གློ་ལ་གནས་པ་ཡིན། །བད་ཀན་ནག་པོ་མཆེར་པར་ཏེ། །རླུང་དང་བསྡོངས་པས་ནག་པོ་འོ། །ཞེས་དང་། སྐྱེས་བུ་མེ་ལྷས། བད་ཀན་ཕོ་བར་བབ་པ་ལ་བད་ཀན་སྐྱ་བོ་དང་། མཆིན་པར་བབ་པ་ལ་བད་ཀན་སྨུག་པོ། སྣོད་མཁྲིས་པར་བབ་པ་ལ་བད་ཀན་སེར་པོ། གློ་བར་བབ་པ་ལ་བད་ཀན་དམར་པོ། མཆེར་པར་བབ་པ་ལ་བད་ཀན་ནག་པོ་ཞེས་བཤད་དོ། །ཞེས་དང་། འབུམ་ཁུ་ཚུར་ལས། རྒྱ་གར་ལྟོ་ཁྲག་ཆེན་མོ་ཟེར། །བོད་ན་བད་ཀན་སྨུག་པོ་ཟེར། །ངོ་བོ་ཁྲག་ལས་གྱུར་པ་ལས། །མཁྲིས་པའི་དྲོད་ཀྱིས་རུལ་བ་ཡིན། །ཞེས་གསུངས་སོ། ། བད་ཀན་སྨུག་པོའི་རྩ་ནི། གནད་ཀྱི་ལྡེ་མིག་ལས། འདུས་ནད་བད་ཀན་སྨུག་པོའི་རྩ་སྦོམ་ལ་ཁེངས་ཤིང་ཀན་རྩ་ཞར་བ་ནི། འགྲམ་ཁྲག་ལྷག་པ་སོགས་ཀྱི་ཁྲག་ངན་ལུས་ཟུངས་སུ་མ་སྨིན་པར་རྩ་སྦུབས་སུ་རྒྱུག་པས་རྩ་རྒྱུད་སྦོམ་ལ་ནང་ཁེངས་པ་ཅན་འབྱུང་བ་དང་། ནད་བབ་ས་གཙོ་ཆེ་བ་ཕོ་མཆིན་གཉིས་ལ་ཡིན་པས་ཀན་རྩ་གཉིས་ཞར་བ་ཡིན་ནོ། འདི་ཉིད་དངོས་བསྟན་སྨུག་པོ་ཚ་རྐྱེན་ལ་དགོངས་ནས་གསུངས་པ་ཡིན་ཅིང་། ཤུགས་སུ་གྲང་རྐྱེན་གྱི་རྩ་ཕྲ་ལ་གུད་པ་ཅན་ཡིན་པ་རྟོགས་དགོས་ཏེ། རྒྱུད་ལས། རྩ་ལ་ངོས་བཟུང་སྦོམ་ཁེངས་ཀན་རྩ་ཞར། །གྲང་བས་བསྐྱེད་ན་ཕལ་ཆེར་ཕྲ་ལ་གུད། །ཅེས་གསུངས་པས་སོ། །ཞེས་དང་། ལག་ལེན་གསལ་བྱེད་ལས། འདུས་པ་བད་ཀན་སྨུག་པོའི་རྩ་ནི། བད་ཁྲག་ཟུངས་སུ་མ་སྨིན་པར་བུ་གར་ཆགས་པས་རྩ་སྦོམ་ལ་ཁེངས། ཕོ་མཆིན་སོགས་བར་གྱི་མེ་དྲོད་ཉམས་པས་རྩ་ནང་ལུས་ཏེ་རླུང་ཁྲག་གི་རྒྱུ་ལམ་བཀག་པས་ཀན་རྩ་མི་གསལ་བར་ཞར་བའོ། །ཞེས་གསུངས་སོ། ། རྩ་རྒྱུད་ཞར་བ་ནི། སྐྱེས་བུ་མེ་ལྷས། རྩ་ཞར་བ་ནི། མནན་ན་རབ་རིབ་ཙམ་ལས་མི་གསལ་བ་ལའོ། ། ཞེས་དང་། བདེ་བའི་འདོད་འཇོ་ལས། རྩ་ཞར་བ་ནི། སྤྱིར་གཡས་གཡོན་སྟོད་སྨད་ཀྱི་རྩ་ལ་ལ་གསལ་ཡང་ལ་ལ་མི་གསལ་བ་དང་། བྱེ་བྲག་དོན་སྣོད་སོ་སོའི་རྩ་རབ་རིབ་ཙམ་ལས་མི་གསལ་བ་སྟེ། མིག་ཡ་གཅིག་མི་གསལ་བ་ལ་ཞར་ཞེས་པ་ལྟར་རོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། མིག་ཉམས་པ་ལ་ཞར་ཞེས་གྲགས་པ་ལྟར་རྩ་རྒྱུད་ཀུན་ལས་གཅིག་ལྷག་པར་དོང་དུ་ལྷུང་བ་ལྟར་དམའ་བ་ལ་ཞར་བ་ཞེས་བྱའོ། །ཞེས་གསུངས་སོ། ། ཁྲག་ལུས་ཟུངས་ཡིན་པར་ནད་དུ་བཞག་པའི་རྒྱུ་མཚན་ནི། ལག་ལེན་གསལ་བྱེད་ལས། ཁྲག་ནི་གཞན་དག་གིས་འདོད་ཆགས་དང་། གཏི་མུག་ལས་ཁྲག་རྐྱང་ཡིན་ནོ་ཞེས་ནད་དུ་བཤད་པ་ལ། ཟླ་ཟེར་དུ། འདོད་ཆགས་དང་གཏི་མུག་དང་ཁྲག་གཅིག་པུས་ནི་ནད་སྐྱེད་པ་ནི་མ་མཐོང་ངོ་། །ཞེས་བཀག་པས་དེས་ཁོག་ལ། དེར་དྲངས་པ། ཉེས་པ་གཞན་ལྟར་ཁྲག་དག་ནི། །གཞན་གྱི་དབང་གིས་ཉེས་ཡོད་མིན། །འདིར་ནི་ཏིལ་མར་ཚིག་པ་ལྟར། །ནད་ཀྱི་མིང་དུ་གདགས་པ་ཡིན། །ཞེས་ཏིལ་མར་རང་ཚིག་པའི་རྒྱུར་བཤད་པ་ལྟར། ཁྲག་ཀྱང་འཁྲུགས་ན་ཚ་བར་འགྱུར་ཞིང་མཁྲིས་པའི་རྟེན་བྱེད་པ་ལ་དགོངས་སོ། །ཞེས་གསུངས་སོ། ། ཁྲག་ནད་ནི། བུ་སྟོན་ལས་ཊཱིཀ་ལས། ཁྲག་ནད་ནི་ཁྲག་རྒྱས་པ་ལས་བྱུང་བའི་ནད་དོ། །ཞེས་དང་། སྐྱེས་བུ་མེ་ལྷས། ཁྲག་གི་རྒྱུ་ནི། ལུས་ཀྱི་བཅུད་རྒྱས་པའོ། །ཞེས་གསུངས་སོ། ། ཁྲག་གི་རྩ་ནི། གནད་ཀྱི་ལྡེ་མིག་ལས། ཁྲག་གི་རྩ་་འབུར་ལ་འདྲིལ་བར་འཕར་བ་ནི། ལུས་ལ་ཁྲག་ངན་རྒྱས་པའི་ཚེ་ཁྲག་རྒྱུ་བའི་རྩ་སྦུབས་ཀུན་ཁེངས་པས་རྩ་རྒྱུད་འབུར་བ་དང་། ཁྲག་ཉིད་ཚ་བའི་རྟེན་ཡིན་པའི་ཆ་ནས་རྩ་རྒྱུད་འདྲིལ་བ་ཅན་འཕར་བའོ། །ཞེས་གསུངས་སོ། ། ཆུ་སེར་ནི། མན་རྒྱུད་ལས། དང་པོ་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྒྱུར་ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་འགྱུར། ། གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། །ཁྱད་པར་ཤ་མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙིམ་པ་བཞི་རུ་བཤད། །ཅེས་གསུངས་པ་ལྟར་རོ། ། ཆུ་སེར་གྱི་རྩ་ནི། ལག་ལེན་གསལ་བྱེད་ལས། ཆུ་སེར་གྱི་རྩ་ནི། ཟུངས་སུ་མ་སྨིན་པར་ལམ་ལོག་པར་རླུང་གིས་བསྐྱོད་པའི་འདར་ལ་ས་ཆུའི་ལྕི་བརྟན་རྟུལ་བ་སོགས་འཕེལ་བས་བུལ་ཞིང་རྒྱུ་དཀའ་འོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། ཆུ་སེར་རྩ་འདར་ལ་རྒྱུ་བ་དཀའ་བ་ནི། ཆུ་སེར་འཕེལ་བའི་རྒྱུན་དྭངས་མ་རྒྱུ་བའི་ལམ་དུ་ཤོར་བས་ཁྱབ་བྱེད་རླུང་གི་བྱེད་ལས་ཉམས་ནས་རྩ་རྒྱུད་འདར་ཞིང་འཕར་དཀའ་བ་ཅན་འབྱུང་བའོ། ཞེས་གསུངས་སོ། ། སྲིན་ནི། ལུས་ལ་ལྷན་སྐྱེས་སུ་གནས་པའི་སྲིན་བུ་བརྒྱད་ཁྲི་བཞི་སྟོང་ལ་བྱ་སྟེ། དེ་དག་རྣམ་པར་མ་གྱུར་པའི་ཚེ་ལུས་ཀྱི་སྟོབས་མདངས་བསྐྱེད་པའི་གྲོགས་བྱེད་ཅིང་རྣམ་པར་གྱུར་ཚེ་ནད་བྱེད་པ་ཅན་ནོ། ། སྲིན་རྩ་ནི། ལག་ལེན་གསལ་བྱེད་ལས། སྲིན་གྱི་རྩ་ནི། སྲིན་ཁྲོས་པའི་དབྱིབས་དང་བྱེད་པའི་རང་བཞིན་ཅན་ཏེ་ཕར་འཁྱིག་བྱེད་ཅིང་རྩ་རྒྱུད་ཀྱི་ཞེང་དུ་ལེབ་མོར་འཕར། ཞེས་དང་། དྲང་སྲོང་ཞལ་ལུང་ལས། སྲིན་གྱི་རྩ་ནི། འཁྱིག་ཅེས་པ་ཚུར་སོར་མོའི་ངོས་སུ་དཀྲི་བའམ་འཁྱུད་པ་ལྟར་བྱེད་པ་སྟེ། སོར་མོའི་ངོས་ཁུད་དུ་ལེན་པ་ལྟར་སྡོམ་སྡོམ་བྱེད་པ་ལྟ་བུའི་ཚུལ་དུ་འཕར་བར་དང་། ཞེང་དུ་ལེབ་ལེབ་མོ་ལྟ་བུར་འཕར་བར་བྱེད་པའོ། །ཞེས་གསུངས་སོ། ། མཛེ་ནི། ཁྲག་སྲིན་རྐང་མེད་དང་། ཆུ་སེར་ནག་པོ། ཀླུ་གདོན་བཅས་འདོམ་པ་ལས་བྱུང་བའི་ལུས་ཀུན་མ་རུང་བསྲུལ་བར་བྱེད་པའི་ནད་ལ་བྱའོ། ། མཛེ་ཡི་རྩ་ནི། དྲང་སྲོང་ཞལ་ལུང་ལས། མཛེ་ཡི་རྩ་ནི། ནད་དོན་སྣོད་གང་དུ་ཞུགས་པའི་རྩ་དེ་ཞན་ཅིང་། ཆུ་སེར་ལ་བརྟེན་པའི་ཕྱིར་རྩ་རྒྱུད་ཀུན་འདར་ལ། །གདོན་ཤས་ཆེ་བས་ན་གློ་བུར་དུ་ལྷོག་ལྷོག་འཕར་བའམ་འཕྲིག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། ། རིགས་ཀྱི་ཚ་བ་བཞི་ནི། འགྲམས་ཚད་དང་། འཁྲུགས་ཚད། རིམས་ཚད། དུག་ཚད་བཞིའི་བསྡུས་མིང་སྟེ། རྒྱུད་ལས། རིགས་ཀྱིས་དབྱེ་ན་འགྲམས་འཁྲུགས་རིམས་དུག་བཞི། །ཞེས་གསུངས་པས་སོ། ། འཁྲུགས་ཚད་ཀྱི་གོ་དོན་ནི། འདོད་འབྱུང་ནོར་བུའི་མེ་ལོང་ལས། འཁྲུགས་ཞེས་པ་ནི། བརྟེན་པ་ལུས་ཀྱི་ཉེས་གསུམ་འཁྲུགས་པས། རྟེན་ལུས་ཀྱི་ཁྲག་ཚད་བསྐྱེད་ཅིང་དེས་ནད་ཟུངས་ཐམས་ཅད་ཕན་ཚུན་འདྲེས་ཤིང་འཁྲུགས་པའོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། ཟས་སྤྱོད་ཀྱིས་འཁྲུགས་ནས་ཚད་པ་འཕེལ་བ་འཁྲུགས་ཚད་ཀྱི་རྩ་ནི། སྦོམ་རྒྱས་འབུར་འདྲིལ་བཞི་ལྡན་དུ་འོང་སྟེ་ཁྲག་ལ་བརྟེན་པའི་ཚད་པ་ཤིན་ཏུ་རྒྱས་པའོ། །ཞེས་གསུངས་སོ། ། འཁྲུགས་ཚད་རྩ་ནི། ལག་ལེན་གསལ་བྱེད་ལས། འཁྲུགས་ཚད་ཀྱི་རྩ་ནི། ཁྲག་དང་ལྷན་ཅིག་པའི་ཚ་བ་ལུས་ཟུངས་ལ་རྒྱས་པའི་སྦོམ་རྒྱས་འབུར་ལ་འདྲིལ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། ཟས་སྤྱོད་ཀྱིས་འཁྲུགས་ནས་ཚད་པ་འཕེལ་བ་འཁྲུགས་ཚད་ཀྱི་རྩ་ནི། སྦོམ་རྒྱས་འབུར་འདྲིལ་བཞི་ལྡན་དུ་འོང་སྟེ་ཁྲག་ལ་བརྟེན་པའི་ཚད་པ་ཤིན་ཏུ་རྒྱས་པའི་ཕྱིར་རོ། །ཞེས་གསུངས་སོ། ། འགྲམས་ཚད་ཀྱི་གོ་དོན་ནི། ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ལས། འགྲམས་ཚད་ནི། བྱ་བ་དྲག་ཤུལ་བརྡབས་ལྷུང་གིས་དོན་སྣོད་སོགས་འགྲམས་པའི་ཚད་པ་སྟེ། གང་འགྲམས་གཟེར་ལྡང་ཞིང་དྲག་པོའི་ལས་ཀྱི་རྗེས་སུ་ན་ན་འགྲམས་ཚད་དོ། །ཞེས་གསུངས་སོ། ། འགྲམས་ཚད་རྩ་ནི། ལག་ལེན་གསལ་བྱེད་ལས། འགྲམས་ཚད་ཀྱི་རྩ་ནི། ཟུངས་ལ་ཞེན་པས་ཕྲ་མཁྲང་གྲིམས་པར་འཕར། ཞེས་དང་། དྲང་སྲོང་ཞལ་ལུང་ལས། ལུས་བརྡབས་འགྲམས་ལ་བརྟེན་ཏེ་ཚད་པ་བྱུང་བའི་རྩ་ནི། ཕྲ་མཁྲང་གྲིམས་པར་འཕར་བའོ། །ཞེས་གསུངས་སོ། ། རིམས་ཀྱི་གོ་དོན་ནི། པོད་དམར་ལས། རིམས་ནི། འཇུག་སྒོ་དྲུག་ཏུ་རིམ་གྱིས་འཇུག་པའམ་རིམ་གྱིས་བབ་པས་ན་རིམས་དང་། དུས་ཀྱི་སྒོ་ནས་སྨིན་རྒྱས་སྟོང་པར་རིམ་བཞིན་འགྱུར་པས་ན་རིམས། དྲི་ཕོག་གཞན་ལ་རིམ་གྱིས་འགོ་བས་ན་རིམས་ཞེས་བྱའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། རིམས་ནི། རིམ་གྱིས་འཇུག་པས་ན་རིམས། རིམ་གྱིས་འགོ་བས་ན་རིམ། རིམ་གྱིས་སྨིན་པས་ན་རིམས་ཞེས་བྱའོ། །ཞེས་དང་། མན་ངག་རིན་ཆེན་འབྱུང་གནས་ལས། རིམས་ནད་ཅེས་པ་ནད་པའི་དྲི་དངོས་སམ། །ནད་དེ་ཡོད་པའི་ཕྱོགས་ཀྱི་དུ་བ་དང་། །རླུང་སོགས་ཕོག་པས་གཅིག་ནས་གཅིག་ཉིད་ལ། །རིམས་ཀྱིས་འགོ་བའི་ཕྱིར་ན་རིམས་ཞེས་བཤད། །དེ་ལ་དབྱེ་བ་བལ་ནད་འབྲུམ་བུ་དང་། །རྒྱུ་གཟེར་གག་ལྷོག་ཆམ་རིམས་ལྔ་རུ་གྲགས། །ཞེས་དང་། ཉེར་མཁོའི་དོན་གསལ་ལས། རིམ་དང་རིམས་གཉིས་དོན་གཅིག་ཀྱང་། །བྱ་བའི་རིམ་དང་འགོ་བའི་རིམས། །ཡང་འཇུག་ཡོད་དང་མེད་པའི་ཁྱད། །མི་ནོར་ཕྱིར་དུ་ཤེས་པར་བྱ། །ཞེས་གསུངས་སོ། ། རིམས་ཚད་རྩ་ནི། གནད་ཀྱི་ལྡེ་མིག་ལས། རིམས་ཚད་ཀྱི་རྩ་ནི། རིམས་ནད་ཕལ་ཆེར་སྣོད་མཁྲིས་ལ་བབས་པས་རྩ་རྒྱུད་ཕྲ་བ་དང་། ཚད་པའི་ཆ་ནས་རྩ་རྒྱུད་མགྱོགས་པར་འཕར་བའོ། །འདི་ནི་རིམས་ཚད་སྤྱི་ཡི་དབང་དུ་བྱས་ནས་གསུངས་པ་ལས་རིམས་མ་སྨིན་པའི་སྐབས་སུ་རླུང་གིས་སྣ་ཁྲིད་པས་ཕྲ་མགྱོགས་ཀྱི་སྟེང་དུ་གཡོ་བ་ཅན་འབྱུང་བ་དང་། རིམས་རྒྱས་པའི་སྐབས་སུ་ཕྲ་མགྱོགས་ཀྱི་སྟེང་དུ་ཁོང་གྲིམས་པ་ཅན་འབྱུང་བ་ཡིན་ནོ། །ཞེས་གསུངས་སོ། ། གཉན་ནད་ཀྱི་གོ་དོན་ནི། འབྱུང་བ་ལུས་འཁྲུགས་གེགས་སེལ་ལས། གཉན་གྱི་ནད་ཅེས་བྱ་བ་ནི། རང་གི་ལུས་ལ་གནོད་བྱ་བཅུ་ཡོད་པའི་ལུས་ཟུངས་ཀྱི་ནང་ནས། ཁྲག་གང་དུ་གནས་པའི་སར། ལྷན་ཅིག་སྐྱེས་པའི་སྲིན་བུ་ཟངས་ཀྱི་མདོག་ཅན། ཤིན་ཏུ་ཕྲ་བ་མིག་གིས་ལྟར་མི་མངོན་པ་བདུན་མཆིས་པས། སྐད་ཅིག་ཡུད་ཙམ་ལ་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི་ལུས་ཟུངས་བདུན་པོའི་སར་རྒྱུ་ནུས་པས། རྣམ་པར་མ་གྱུར་ན་ལུས་ཟུངས་ཀྱི་གྲོགས་སུ་འགྱུར་ལ། དུས་གདོན་ཟས་སྤྱོད་ཀྱིས་རྐྱེན་པའམ་གྲིབ་དང་གཞན་ན་བ་ལ་འབགས་ནས་འགོས་པ་སོགས་ཀྱིས་བསྐྱེད་དེ་སྲིན་ཁྲོས་ལུས་ལ་ཟོས་པས། གག་ལྷོག་གཟེར་གསུམ་ཡ་མ་དང་། འབྲས་ཀྱི་རིགས། ཉྭ་ལོག་འཁྲུ་སྐྱུག ཕོ་ལོག་གླང་ཐབས་ལ་སོགས་པའི་ཉེས་པ་རྣམས་བསྐྱེད་པས། རྒྱུ་མཚན་དེས་ན། དཀར་མངར་ཟོས་ན་དེའི་ནུས་པས་སྲིན་གྱི་གསོས་སུ་གྱུར་ནས་ནད་པའི་ལུས་ལ་གནོད་ལ། དུག་རིགས་རྣམས་ནུས་པར་རྣོ་བས་སྲིན་མྱུར་དུ་གསོད་ཐབས་དང་ལྡན་པས་དུག་རིགས་ཐམས་ཅད་གཉེན་པོ་ལ་བཏང་བའོ། །ཞེས་དང་། 《ཉེར་མཁོའི་དོན་གསལ་》ལས། གཉན་ཞེས་བྱ་བའི་གདུག་ཅན་ནད། །རྒྱུ་ནི་ལུས་ལ་ལྷན་སྐྱེས་སུ། །གནས་པའི་ཁྲག་སྲིན(རྐང་མེད་)དམར་(ལ་)ཟླུམ་(པ་ཅན་དེ་ཉིད་རྣམ་པར་མ་གྱུར་ན་ལུས་ཀྱི་ཟུངས་སྟོབས་བསྐྱེད་པའི་གྲོགས་བྱེད་པ་དང་། དུས་གདོན་ཟས་སྤྱོད་ཀྱིས་བསྒྱུར་ན་རྣམ་པར་གྱུར་ནས་གཉན་ནད་ཀུན་གྱི་རྒྱུ་བྱེད་པ་ཡིན་ནོ་)དང་། །ཕྱི་རོལ་གཉན་སྲིན་པར་(པ་)ཏ་(ཞེས་པ་གཉན་སྲིན་རྩངས་པའི་མགོ་དབྱིབས་ལྟར་ཁ་ཆེ་ཞིང་། སྦྲུལ་ལྟར་མཇུག་མ་རིང་བ། རྟ་བླ་ལྟར་ཡན་ལག་མང་བ། གཤོག་པ་ལྡན་ཞིང་ལྟར་མི་མངོན་པ་ཅན་བར་སྣང་ཁམས་ནས་ཁ་སྣ་དང་བ་སྤུའི་བུ་གའི་སྒོར་འཇུག་པ་ཅན་ཞིག་གོ་)གཉིས། །འདོམས་པའམ་གང་རུང་(ཁྲག་སྲིན་རྐང་མེད་དམར་ཟླུམ་)འཁྲུགས་(གཉན་སྲིན་པཪྤ་ཏ་)ཞུགས་ཡིན། །ནད་འདི་ལུས་ལ་ཕོག་པའི་ཚེ། །ཚབས་ཆེ་ཞག་གསུམ་ལྔ་བདུན་དང་། །ཚབས་ཆུང་བདུན་གསུམ་ཚུན་ཆད་དུ། །བཅོས་མ་ཐུབ་ན་སྲོག་ལ་རྒོལ། །ནད་གཞན་དག་ལས་ཉེན་ཆེ་ཞིང་། །གཉན་པས་གཉན་ནད་ཅེས་སུ་འབོད། །འདི་ཉིད་བབ་སའི་དབང་བྱས་ནས། །རིགས་ཀྱི་དབྱེ་བ་སྣ་ཚོགས་འབྱུང་། །ཞེས་དང་། བདུད་རྩི་བུམ་པ་ལས། ནག་པོ་སུམ་བསྒྲིལ་ཐོག་གི་མདའ ༔རྒྱུ་ལ་ཁྱད་པར་མེད་མོད་ཀྱང ༔ ཕོག་ས་འབེན་གྱིས་ཐ་དད་དེ ༔གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང ༔ ཞེས་གསུངས་སོ། ། གཉན་གྱི་རྩ་ནི། གནད་ཀྱི་ལྡེ་མིག་ལས། གཉན་གྱི་རྩ་ནི། གཉན་གྱི་རྩ་བ་སྲིན་ཡིན་པའི་ཆ་ནས་རྩ་འཁྱིག་པ་དང་། གཉན་ནད་གང་དུ་བབ་པའི་དོན་སྣོད་ཀྱི་རྩ་ལ་ལྕམ་དྲལ་འབྱུང་བ་ཡིན་ནོ། །ཞེས་གསུངས་སོ། ། ལྕམ་དྲལ་རྩ་ནི། གནད་ཀྱི་ལྡེ་མིག་ལས། ལྕམ་དྲལ་ནི། རྩའི་རྒྱུན་གཅིག་ནང་དུ་རླུང་ཁྲག་ཞུགས་ཚུལ་གྱི་དབང་གིས་རྩ་ཁ་དབྲག་ཏུ་འཕར་བ་ལ་བྱའོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། ལྕམ་དྲལ་ནི། རྩ་ཉིས་གཤིབ་ཏུ་འཕར་བ། ཞེས་གསུངས་སོ། ། གཟེར་ཐུང་གི་གོ་དོན་ནི། གནད་ཀྱི་ལྡེ་མིག་ལས། གཟེར་ཐུང་ནི། མན་རྒྱུད་འཁྲུགས་ཚད་་ལེའུའི་ཁོངས་སུ་བསྡུས་པའི་གཉན་རིམས་ལུས་སྟོད་དོན་ལྔ་ལ་བབ་པའི་ནད་ལ་བྱ་སྟེ། རྒྱུད་ལས། གཉན་ཚད་རིམས་ནི་གཟེར་ཐུང་ཞེས་བྱ་སྟེ། གཟེར་འཕོ་ལུད་པ་འགྱུར་ལྡོག་མང་བ་ལ། །ལྕེ་མཆུ་སྐྱ་སེར་ལུས་དང་ཤེས་པ་ཡང་། །གཉིད་ཆུང་བ་སྤུ་ལྡོག་ཅིང་ཡམས་ཐབས་འབྱུང་། །ཞེས་སོགས་འབྱུང་བས་སོ། །ཞེས་གསུངས་ཤིང་། གཞན་དུ་གློ་བུར་དུ་ན་བའི་ནད་ཟུག་དྲག་པོ་ལྡང་བ་ལ་གོ་བའང་མཆིས་སོ། ། གཟེར་ཐུང་གི་རྩ་ཐུང་ཐུང་སྦུད་སྦུད་འཕར་བའི་དཔེར་བརྗོད་ནི། སྙན་བརྒྱུད་བེ་བུམ་ནག་པོ་ལས། རྩ་དུམ་བུ་དུམ་བུར་འཕར་ན་གཟེར་གྱི་རྩ་ཡིན། ཞེས་གསུངས་སོ། ། སྦྱར་དུག་གི་གོ་དོན་ནི། སྙིང་པོ་བསྡུས་པ་ལས། བཅོས་མ་སྣ་ཚོགས་སྨན་ལ་ནི། །སྦྱར་བ་སྦྱར་བའི་དུག་ཅེས་བྱ། །བཅོས་མའི་དུག་ཀྱང་དེ་ཉིད་ཡིན། །ཞེས་དང་། ཟླ་ཟེར་ལས། སྦྱར་བའི་དུག་ནི། དུག་སྦྱར་མའོ། །ཞེས་གསུངས་སོ། ། སྦྱར་དུག་གི་རྩ་ནི། གནད་ཀྱི་ལྡེ་མིག་ལས། སྦྱར་དུག་གི་རྩ་ནི། དུག་གིས་འདུ་བ་འཁྲུགས་པས་རྩ་རྒྱུད་འབར་འབུར་མང་པོ་རེ་ཁ་ལྟར་རེག་བྱ་རྩུབ་པ་ཅན་དང་། སྦྱར་དུག་ཕལ་ཆེར་ཚ་སྦྱོར་ཤས་ཆེ་བས་རྩ་རྒྱུད་འཕར་ཐག་ཐུང་ངུ་སྤུན་པ་ཅན་འཕར་བ། དུག་གིས་དྭངས་མའི་རྟ་ལ་ཞོན་ནས་ལུས་ཟུངས་ཀུན་ལ་ཁྱབ་པར་རྒྱུ་བས་གནས་ཀྱི་དབང་གིས་རྩ་རྒྱུད་ངེས་མེད་འགྱུར་ལྡོག་སྣ་ཚོགས་འཆོལ་ཞིང་མཐའ་གཅིག་ཏུ་ནད་འདི་ལྟ་བུའི་རྩ་ཞེས་མངོན་མི་བཏུབ་པའི་འགྱུར་བ་ཅན་གྱི་རྩའོ། ཞེས་དང་། ལག་ལེན་གསལ་བྱེད་ལས། སྦྱར་དུག་གི་རྩ་ནི། ལུས་ཟུངས་གཅོད་པས་རྩུབ། འདུ་བ་འཁྲུགས་པས་སྤུན། དྭངས་མའི་རྟ་ལ་ཞོན་པས་ལུས་ཟུངས་ཀུན་ལ་ཁྱབ་པ་ལས་གང་དུ་གནས་པ་དེ་ཡིས་བསྒྱུར་པས་རྒྱུན་མི་བརྟན་པར་མ་ངེས་པའི་འཆོལ་བ། གང་གི་ངོ་བོ་ཡང་མངོན་མི་བཏུབ་པའི་འགྱུར་བ་ཅན་ཏེ། རྩ་རྒྱུད་མ་ངེས་ཇི་ལྟར་འདུག་གྱུར་ཀྱང་། ། ལྡོག་འགྱུར་མང་ལ་གདོན་རྩ་འདྲ་བ་ཡིན། །ཞེས་སོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། སྦྱར་དུག་གི་རྩ་ནི། རྩ་རྒྱུད་འབར་འབུར་མང་བས་རེ་བ་ལྟར་རྩུབ་པ་དང་། སྤུན་པ་ནི་ཐུང་ཐུང་དུ་འཕར་བའི་དོན་ཏེ། རྒྱས་ཚད་ཀྱི་ལེའུ་ལས། སྤུན་པ་རིང་དུ་སོང་ཞེས་རིང་བའི་ལྡོག་ཕྱོགས་སུ་གསལ་བ་བཞིན། རྩ་སྤུན་པ་ཞེས་གང་བྱུང་ལ་དེ་ལྟར་གོ་དགོས་ཀྱི་གནད་མ་གོ་བར་རང་བཟོ་སྣ་ཚོགས་བཤད་པ་མཐོང་སྟེ་སྙིང་པོ་ཅིའང་མེད་དོ། །ཞེས་གསུངས་སོ། ། རྩ་རྒྱུད་འཆོལ་བ་ནི། དྲང་སྲོང་ཞལ་ལུང་ལས། འཆོལ་བ་ཞེས་རེས་དྲག་རེས་ཞན་ལྟ་བུ་སོགས་ངེས་མེད་འཆོལ་བ་སྣ་ཚོགས་སུ་འོང་བ་དང་ཐ་གཅིག་ཏུ་ནད་འདི་ལྟ་བུའོ་ཞེས་རྩ་ལས་མངོན་མི་བཏུབ་པའོ། །ཞེས་གསུངས་སོ། ། ཤ་དུག་གི་གོ་དོན་ནི། རྒྱུད་ལས། དེ་རྒྱུ་ཤ་རློན་བེམ་དང་ཡུལ་ཕྱོགས་ཀྱི། །ས་ལ་དུག་ཡོད་རླངས་པ་ཕོག་པ་ཡིན། །དེ་རྐྱེན་ས་རླན་སྟེང་དུ་བཞག་པ་དང་། །བཙོས་པའི་དྲོན་མོ་རླངས་པ་བསུབས་པ་དང་། །དཀར་སྐྱུར་དབྲེ་དང་ཉི་ཞུར་ཕོག་པ་དང་། །འབྲུ་དང་རྩམ་པ་སྔོ་གསེབ་ལས་པ་དང་། །བེ་ལོག་ཤན་པའི་ཁྲག་གིས་ཕོག་པའི་རྐྱེན། །ཞག་བདུན་འདས་ནས་དུག་ཏུ་འགྱུར་བ་ཡིན། །ཞེས་གསུངས་སོ། ། ཤ་དུག་གི་རྩ་ནི། ལག་ལེན་གསལ་བྱེད་ལས། ཤ་དུག་གི་རྩ་ནི། མཁྲིས་ཚད་ལ་ཕོག་པས་ཕྲ་ལ་མགྱོགས། །ཐུར་དུ་ལྷུང་བས་ཞར་བྱིང་དུ་རྒྱུ་བའམ། །ཡང་ན་ཉེས་པ་གསུམ་ག་འཁྲུགས་པ་སྟེ་རླུང་གིས་མགྱོགས། མཁྲིས་པས་ཕྲ། བད་ཀན་གྱིས་ཞར་བྱིང་དུ་རྒྱུ་བའོ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། ཤ་དུག་གི་རྩ་ཕྲ་མགྱོགས་ཞར་བྱིང་རྒྱུ་བ་ནི། ཤ་དུག་ཐོག་མར་སྣོད་མཁྲིས་ལ་བབ་པས་རྩ་རྒྱུད་ཕྲ་བ་དང་། མཁྲིས་ཚད་རྒྱས་པས་མགྱོགས་པ། དུག་ནད་དོན་སྣོད་གང་དུ་བབས་པའི་གནས་ཀྱི་རྩ་རྒྱུད་ཞར་བའམ་བྱིང་བའོ། །ཞེས་གསུངས་སོ། ། གནས་སྐབས་ཀྱི་ཚ་བ་དྲུག་ནི། མ་སྨིན་པའི་ཚད་པ་དང་། རྒྱས་པའི་ཚད་པ། སྟོངས་པའི་ཚད་པ། གབ་པའི་ཚད་པ། རྙིངས་པའི་ཚད་པ། རྙོགས་པའི་ཚད་པ་དྲུག་ལ་བྱ་སྟེ། དགོས་འདོད་ཀུན་འབྱུང་ལས། མ་སྨིན་རྒྱས་སྟོང་གབ་རྙིངས་རྙོགས་པ་ལ། །གནས་སྐབས་ཚ་བ་དྲུག་ཞེས་རྒྱལ་བས་གསུངས། །ཞེས་དང་། ཉེར་མཁོའི་དོན་གསལ་ལས། མ་སྨིན་རྒྱས་དང་སྟོངས་པ་དང་། །གབ་རྙིངས་རྙོགས་པ་རྣམས་དྲུག་པོ། །གནས་སྐབས་གནས་སྐབས་འགྱུར་བའི་ཕྱིར། །གནས་སྐབས་ཚ་བ་དྲུག་ཅེས་བྱ། །ཞེས་དང་། དེ་དག་གི་དོན་ཀྱང་སྙན་བརྒྱུད་བེ་བུམ་ནག་པོ་ལས། མ་སྨིན་པའི་ཚད་པ་ནི། ངོ་བོ་འདུས་པའི་ཚད་པ་ཡིན་ནོ། ། རྒྱས་པའི་ཚད་པ་ནི། ཚད་པ་རྐྱང་པའི་སྡེ་ཡིན་ནོ། །གབ་པའི་མཚན་ཉིད་ནི། ཚད་པའི་མགོ་བོ་བད་ཀན་གྱིས་བྱིབས་པ་ཡིན་ནོ། ། རྙིངས་པའི་མཚན་ཉིད་ནི། ཆུ་སེར་དང་བཅས་པ་ཡིན་ནོ། །ཞེས་གསུངས་སོ། ། མ་སྨིན་ཚ་བའི་རྩ་ནི། གནད་ཀྱི་ལྡེ་མིག་ལས། མ་སྨིན་ཚ་བའི་རྩ་ཕྲ་མགྱོགས་རླུང་ལྟར་གཡོ་བ་ནི། བད་ཀན་གྱིས་ཚ་བའི་མགོ་མནན་ནས་སྨིན་དུ་མ་སྟེར་བས་རྩ་རྒྱུད་ཕྲ་བ་དང་། ངོ་བོ་་ཚད་པ་ཡིན་པས་འཕར་བའི་བྱ་བ་མྱུར་དུ་བྱེད་པ། རླུང་གིས་བྱེར་བའི་སྣ་ཁྲིད་པས་བརྟག་མི་ཐུབ་པར་གཡོ་བ་ཅན་ནོ། ཞེས་གསུངས་སོ། ། རྒྱས་ཚད་ཀྱི་གོ་དོན་ནི། འདོད་འབྱུང་ནོར་བུའི་མེ་ལོང་ལས། རྒྱས་ཚད་ཅེས་པ་ནི། ཚ་བ་སྟོབས་ཆེ་ལ་མི་བཟུང་གི་ཚ་བ་རང་གི་ངོ་བོ་གྲོགས་མེད་རྗེན་པར་རམ་བུད་པའི་ཚ་བ་དེ་རང་ཤུགས་སྟོབས་ཆེ་ཆུང་གང་ཡིན་པ་དེའི་སྟོབས་རྫོགས་པའི་ཚ་བ་རྐྱང་པ་ཡིན་པས་དེར་ངོས་བཟུང་དགོས། ཞེས་དང་། གནད་ཀྱི་ལྡེ་མིག་ལས། རྒྱས་ཚད་ནི། ནད་གཞན་གྱི་སྡོང་ཟླའི་གྲོགས་མེད་ཅིང་ཚ་བ་རང་གི་སྟོབས་ཤུགས་རྒྱས་པར་གྱུར་པའི་ཚད་པ་རྐྱང་པ་ལ་བྱའོ། དབྱེ་ན་སྟོབས་ཆེན་དང་། སྟོབས་ཆུང་གཉིས་སོ། །ཞེས་གསུངས་སོ། ། རྒྱས་ཚད་རྩ་ནི། དྲང་སྲོང་ཞལ་ལུང་ལས། སྨིན་ནས་རྒྱས་ཚད་ཀྱི་རྩ་ནི། དྲག་ལ་གྲིམས་པར་འཕར་བའོ། །ཞེས་གསུངས་སོ། ། སྟོངས་ཚད་ནི། ཚད་གཞུག་རླུང་གིས་བུས་པ་ཅན་ལ་བྱའོ། ། སྟོངས་ཚད་ཀྱི་རྩ་ནི། གནད་ཀྱི་ལྡེ་མིག་ལས། སྟོངས་ཚད་ཀྱི་རྩ་སྟོང་ལ་རྒྱུག་པ་ནི། ཚད་གཞུག་རླུང་གིས་བུས་པས་རྩ་རྒྱུད་ཁོང་སྟོང་པ་དང་། ཚད་པ་ལྷག་མས་རྩ་རྒྱུད་རྒྱུག་པའོ། །ཞེས་གསུངས་སོ། ། གབ་པའི་ཚད་པ་ནི། བད་རླུང་གྲང་བའི་འོག་ཏུ་ཚ་བ་གབ་པ་ལ་བྱའོ། ། གབ་ཚད་རྩ་ནི། གནད་ཀྱི་ལྡེ་མིག་ལས། གབ་པའི་ཚད་པའི་རྩ་ནི། བད་ཀན་གྱིས་ཚ་བའི་མགོ་མནན་པས་རྩ་དཔངས་དམའ་ལ་ངོ་བོ་ཚད་པ་ཡིན་པའི་ཆ་ནས་རྩ་རྒྱུད་གཏིང་དུ་གྲིམས་པ་ཅན་ནོ། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། གྲང་བའི་འོག་ཏུ་ཚ་བ་གབ་པའི་རྩ་ནི། རྩ་དཔངས་དམའ་ལ་གཏིང་ནས་གྲིམས་ཞད་བྱུང་བའོ། །ཞེས་གསུངས་སོ། ། རྙིངས་ཚད་ཀྱི་གོ་དོན་ནི། ཚ་བའི་ནད་ཕོག་ནས་ཟླ་བ་གཅིག་ཕར་འདས་ཀྱི་ཚད་པ་རྙིངས་པ་ལུས་ཟུངས་ལ་ཞེན་པ་ཅན་ལ་བྱ་སྟེ། ཚད་པའི་སྟོང་ཐུན་ལས། ཟླ་བ་མ་འདས་པ་ནི། ཚ་བ་གསར་པ། ཟླ་བ་འདས་པ་ནི། ཚ་བ་རྙིངས་པ། ལོ་ལོན་པ་ནི། ཤིན་ཏུ་རྙིངས་པའོ། །ཞེས་དང་། ཚ་བའི་རྟགས་ཡོད་པ་ལ་ཟླ་བ་ལོན་ཚུན་ཆད་རྙིངས་པར་ངེས་སོ། །ཞེས་དང་། བྱེ་བ་རིང་བསྲེལ་ལས། བལ་ནད་ཆམ་པ་ལ་སོགས་པའི། །ཚད་པའི་ནད་རིགས་གང་བྱུང་ཡང་། །ཟླ་བ་འདས་ན་རྙིངས་ཚད་ཡིན། །འདི་རིགས་རླུང་ཅན་རླུང་མེད་དང་། །ཆུ་སེར་བསྡོངས་ན་རྙོགས་ཚད་ཟེར། །ཞེས་དང་། སྙན་བརྒྱུད་བེ་བུམ་ནག་པོ་ལས། རྙིངས་པའི་ཚད་པ་ནི། ཡུན་ཇི་ཙམ་ལོན་དྲིས་པ་ཉིད་ཀྱིས་ཤེས་སོ། ཞེས་དང་། རྙིངས་པའི་མཚན་ཉིད་ནི། ཡུན་རིང་ལོན་པ་ཡིན་ནོ། །ཞེས་དང་། གོང་སྨན་པའི་པོད་དམར་ལས། རྙིངས་ཚད་ནི། ཟླ་བ་གཅིག་ཕར་འདས་པའི་ཚད་པ་རྙིངས་པར་གྱུར་པ་ལ་བྱ། དེ་ཡང་ཟླ་བ་དུ་མ་ལོན་པའང་ཡོད། ལོ་གཅིག་ཕར་འདས་པའང་ཡོད། རིགས་རླུང་ཅན་དང་རླུང་མེད་གཉིས་འབྱུང་། ངོ་བོ་ནི། ཚ་བའི་ནད་ལུས་ཟུངས་སུ་ཞེན་ནས་འགོག་དཀའ་བར་གྱུར་པ་ཡིན། ཞེས་གསུངས་པ་དང་། གཞན་དུ་སྡེ་སྲིད་རིན་པོ་ཆེའི་མན་རྒྱུད་ལྷན་ཐབས་དང་། སུམ་པ་མཁན་ཆེན་གྱི་ལག་ལེན་བདུད་རྩིའི་ཟིལ་དཀར་ནང་དུ་ཅུང་ཟད་བཞེད་ཚུལ་མི་འདྲ་བའང་མཆིས་པས་བརྟག་པར་བྱ་དགོས་ཏེ། མན་རྒྱུད་ལྷན་ཐབས་ལས། དེ་ལྟར་རྐྱེན་དེས་ལོ་དང་ཟླ་བའམ། །ཉིན་ཞག་ཉི་ཤུ་ཕན་འདས་ཡུན་ལོན་པའི། །ནད་དེ་ཟུངས་སུ་འདྲེས་ཤིང་ཞེན་པ་ཡིས། །ལྕགས་ལ་བཙའ་འམ་རས་ལ་སྣུམ་ཞེན་ནམ། །ཤིང་ལ་སྲ་རྩི་བཏང་འདྲ་གཏིང་འདོན་དཀའ། །ཡུན་རིང་ལོན་ཕྱིར་ཚ་བ་རྙིངས་ཞེས་བྱ། །ཞེས་གསུངས་པ་དང་། ལག་ལེན་བདུད་རྩིའི་ཟིལ་དཀར་ལས། རྙིངས་ཚའི་རྒྱུ་རྐྱེན་ཚ་ཕྲན་མ་བཅོས་ལུས། །ཡུན་སོང་མཆན། (ཞག་བཅོ་ལྔ་ཕན་)དུག་སྨུག་ལོ་ཟླར་ཟུངས་འདྲེས་ཞེན། །ཞེས་གསུངས་སོ། ། རྙིངས་ཚད་རྩ་ནི། གནད་ཀྱི་ལྡེ་མིག་ལས། ཚད་པ་རྙིངས་པའི་རྩ་ཕྲ་གྲིམས་པ་ནི། ཚད་པ་རྙིངས་ནས་ལུས་ཟུངས་ལ་ཞེན་པས་ཁྲག་ཚད་ཀྱི་སྟོབས་མི་མངོན་པ་བག་ལ་ཞ་བར་གྱུར་པས་རྩ་རྒྱུད་ཕྲ་བ་དང་། ངོ་བོ་ཚད་པ་ཡིན་པས་རྩ་རྒྱུད་ཁོང་གྲིམས་པ་ཅན་ནོ། །ཞེས་དང་། ལག་ལེན་གསལ་བྱེད་ལས། ཚད་པ་རྙིང་པ་ནི། ལུས་ཟུངས་དང་འདྲེས་པས་ཕྲ་ལ་གྲིམས་པར་འཕར། །ཞེས་གསུངས་སོ། ། རྙོགས་ཚད་ཀྱི་རྩ་ནི། ལག་ལེན་གསལ་བྱེད་ལས། རྙོགས་ཚད་ཀྱི་རྩ་ནི། ཚད་པའི་ཆ་ཕྲ་མོ་དང་། ཆུ་སེར་གྱིས་རྩ་གཏིང་ན་རྒྱུག ཅེས་དང་། གནད་ཀྱི་ལྡེ་མིག་ལས། རྙོགས་ཚད་ཀྱི་རྩ་ཕྲ་ཞིང་གཏིང་ན་རྒྱུག་པ་ནི། ཆུ་སེར་གྱིས་ལུས་ཟུངས་རྙོགས་ཏེ་དྭངས་མ་མ་སྨིན་པས་རྩ་རྒྱུད་ཕྲ་བ་དང་། ངོ་བོ་ཚད་པ་ཡིན་པའི་ཆ་ནས་གཏིང་དུ་མནན་པའི་ཚེ་རྩ་རྒྱུག་པའོ། ཞེས་དང་། འདི་ཉིད་དངོས་བསྟན་ཚ་རྙོགས་ལ་དགོངས་ནས་གསུངས་པ་དང་། ཤུགས་བསྟན་གྲང་རྙོགས་ཀྱི་རྩ་རྒྱུད་ཕྲ་ཞིང་སྟོང་ལ་མགྱོགས་པ་ཡིན་པར་རྟོགས་དགོས་སོ། ། གནས་ཀྱི་ཚ་བ་ནི། ལུས་ཀྱི་གནས་སོ་སོར་བྱུང་བའི་ཚ་བ་ལ་བྱའོ། ། རྨ་ཚད་རྩ་ནི། རྨ་ལ་ཚད་པ་ཞུགས་པའི་རྩ་སྟེ། ལག་ལེན་གསལ་བྱེད་ལས། རྨ་ཚད་གསར་པའི་རྩ་ནི། ཁྲག་ལ་ཚ་བ་རྒྱས་པའི་སྦོམ་མཁྲང་མགྱོགས་པར་འཕར། ཞེས་གསུངས་སོ། ། ཟུག་རྔུ་ནི། ན་ཟུག་གི་མིང་སྟེ། ནང་གསེས་སུ་དབྱེ་ན་ནད་ཀྱི་ཟུག་རྔུ་དང་། མཚོན་གྱི་ཟུག་རྔུ་གཉིས་ཡོད་པས་སྐབས་འདིར་ཕྱི་མ་ལ་གོ་བར་བྱའོ། ། ཟུག་རྔུའི་རྩ་ནི། གནད་ཀྱི་ལྡེ་མིག་ལས། ཟུག་རྔུ་མདའ་མཚོན་སོགས་ནང་དུ་ལུས་པའི་རྩ་ཞར་ཞིང་ལྕམ་དྲལ་བྱེད་པ་ནི། ཟུག་རྔུ་གང་དུ་ལུས་པའི་གནས་ཀྱི་རྩ་རྒྱུད་ཞར་བ་དང་། ཟུག་རྔུ་དེ་ཉིད་རླུང་ཁྲག་གི་བར་དུ་ཚུད་པའི་དབང་གིས་རྩ་ཁ་དབྲག་ཏུ་གྱེས་པའོ། །ཞེས་གསུངས་སོ། ། མགོ་ཆག་རྩ་ནི། ལག་ལེན་གསལ་བྱེད་ལས། མགོ་ཆག་པའི་ཤ་རུས་ཀླད་པ་རྣམ་པ་གསུམ་པོ་གང་ལ་སྐྱོན་ཡོད་ཀྱང་ཚོན་ཀན་ཆག་གི་རྩ་རིམ་པ་བཞིན་དུ་ཤ་ལ་སྐྱོན་ཡོད་ན་གློ་སྙིང་རྒྱུ་ལོང་ལ་ཚད་པ་ལྷུང་བས་ཚོན་རྩ་དྲག་ཅིང་། རུས་པ་ལ་སྐྱོན་ཡོད་ན་མཆིན་མཚེར་ཕོ་མཁྲིས་ལ་ཚད་པ་ལྷུང་བས་ཀན་རྩ་གྲིམས་ལ། ཀླད་པ་ལ་སྐྱོན་ཡོད་ན་མཁལ་མའམ་བསམ་སེའི་ཟུངས་རྟེན་ཉམས་པས་ཆག་རྩ་མགྱོགས་པའོ། །དེའི་རྒྱུ་མཚན་སོ་མ་རཱ་ཛར། བླ་རྩ་སྙིང་རྩ་སྤྱི་བོར་འཕྲད། །ཚངས་པ་དུང་གི་འཁོར་ལོ་འོ། །ཞེས་དང་། རྩ་གྲོགས་ཕལ་ཆེར་སྤྱི་གཙུག་ནས། །ཆེ་བ་རྩ་བོ་ཆེ་དག་སྟེ། །ཤ་རུས་བར་དག་མཆིན་རྩར་གནས། །དོན་སྣོད་གྲིམས་པ་རྩར་རྒྱུ་འོ། །སྤྱི་བོ་ཀླད་པའི་ཁ་ནས་ཕྱིར། །སོང་བ་མཁལ་མའི་རྩ་དག་གོ །ཞེས་སོ། །ཞེས་གསུངས་སོ། ། རྣག་གི་གོ་དོན་ནི། ཟླ་ཟེར་ལས། རྣག་པ་ནི། ལུས་འདྲུལ་ཞིང་སྨིན་པའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། རྣག་ནི། ཚ་བས་ལུས་འདྲུལ་བའི་ཚིགས་མ་དཀར་པོའོ། ། །ཞེས་གསུངས་པས་སོ། ། རྣག་རྩ་འདར་རམ་ཡང་ན་ཚ་ལ་སྤུན། །ཞེས་པའི་རྒྱུ་མཚན་ནི། རྣག་གི་རྒྱུ་ཆུ་སེར་ཡིན་པས་རྩ་རྒྱུད་འདར་བའམ། ཡང་ན་ཚ་བས་ལུས་འདྲུལ་ནས་རྣག་པས་ཚ་བའི་རྩ་ལྟར་སྤུན་པ་ཅན་འཕར་བ་ཡིན་ཏེ། གསེར་བྲེ་ལས། རྣག་གི་རྩ་བ་ཆུ་སེར་ཏེ། །ཆུ་སེར་ཁྲག་ལས་བྱུང་བའི་ཕྱིར། །འདི་དུས་གཏར་བ་མན་ངག་སྟེ། གསོ་དཔྱད་གཙོ་བོ་ཡིན་ནོ་གསུངས། །ཞེས་གསུངས་པས་སོ། ། མ་ཞུ་གསར་རྙིང་གི་གོ་དོན་ནི། ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ལས། མ་ཞུ་གསར་པ་ལ་བསྡུ་ན་སྙིགས་མ་མ་ཞུ་བ་དང་། དྭངས་མ་མ་ཞུ་བ་གཉིས་ཡོད། སྙིགས་མ་མ་ཞུ་བ་ནི། ཟས་མ་ཞུ་བར་ཕོ་བའི་ནང་དུ་ལུས་པ་དེ་ཡིན། དྭངས་མ་མ་ཞུ་བ་ནི། ཅུང་ཟད་ཞུ་ནས་མཆིན་པའི་ནང་དུ་ཁྲག་ངན་དུ་གྱུར་ནས་གནས་ཤིང་དེ་ནས་མ་ཞུ་བ་ཡིན། ཞེས་གསུངས་སོ། ། མ་ཞུ་གསར་རྙིང་གི་རྩ་ནི། ལག་ལེན་གསལ་བྱེད་ལས། མ་ཞུ་གསར་པ་སྙིགས་མ་རྩ་སྦུབས་སུ་ལུས་པས་སྦོམ་ལ་མཁྲང་། མ་ཞུ་རྙིང་པ་མ་སྨིན་པར་མེ་དྲོད་བྲི་བས་ཤེད་ཆུང་། རྩ་རྒྱུད་ཕྲ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། མ་ཞུ་གསར་པའི་རྩ་སྦོམ་ལ་མཁྲང་བ་ནི། དྭངས་མ་མ་ཞུ་བ་གསར་པར་དགོངས་ནས་གསུངས་པ་དང་། མ་ཞུ་རྙིང་པའི་རྩ་ཤེད་ཆུང་ཞིང་ཕྲ་བ་ནི། སྙིགས་མ་མ་ཞུ་བ་ལ་དགོངས་ནས་གསུངས་པ་ཡིན་ནོ། རྒྱུ་མཚན་ནི། དྭངས་མ་མ་ཞུ་བ་གསར་པའི་དུས་མཆིན་པར་གནས་ནས་མཁྲིས་པ་ཚ་བའི་སྡོང་ཟླའི་གྲོགས་དང་ལྡན་པས་ཁྲག་མཁྲིས་ཚ་བའི་རྟགས་འབྱུང་བ་དང་། སྙིགས་མ་མ་ཞུ་བ་ཕོ་ལོང་དུ་གནས་ནས་བད་རླུང་གི་སྡོང་ཟླའི་གྲོགས་དང་ལྡན་པས་གྲང་བའི་རྟགས་འབྱུང་བ་ཡིན་ནོ། །ཞེས་གསུངས་སོ། ། སྐྲན་གྱི་གོ་དོན་ནི། ཟླ་བའི་རྒྱལ་པོ་ལས། སྐྲན་ནི་བད་ཀན་འདྲིལ་བ་སྟེ། །ཕལ་ཆེར་བེ་སྣབས་འདྲིལ་བ་འོ། །ཞེས་དང་། རྒྱུད་ཆུང་བདུད་རྩི་སྙིང་པོའི་སྐྲན་ལེར། དང་པོ་རྒྱུ་རྐྱེན་དྭངས་སྙིགས་མ་ཞུ་བས། །ཁྲག་མཁྲིས་བད་ཀན་རླུང་གིས་གོང་བུར་འདྲིལ། །ཞེས་དང་། ཨ་ཙར་ཕྱག་རྡུམ་གྱིས། སྐྲན་གྱི་རྒྱུ་ནི། བད་ཀན་མ་ཞུ་བའོ། །ཞེས་དང་། བུ་སྟོན་ལས་ཊཱིཀ་ལས། སྐྲན་ནི། མ་ཞུ་བ་འདྲིལ་བའོ། །ཞེས་དང་། པོད་དམར་ལས། སྐྲན་ནི་མ་ཞུ་བ་ལས་འབྱུང་། །ཕལ་ཆེར་བེ་སྣབས་འདྲིལ་བ་ཡིན། །ཞེས་གསུངས་སོ། ། སྐྲན་གྱི་རྩ་ནི། ལག་ལེན་གསལ་བྱེད་ལས། སྐྲན་གྱི་རྩ་ནི། རླུང་ཁྲག་རྒྱུ་བའི་ལམ་ཉམས་པས་ཞན་ཞིང་། གང་དུ་ཡོད་པའི་རྩ་མི་གསལ་བས་ཞར་བར་འཕར། ཞེས་དང་། གནད་ཀྱི་ལྡེ་མིག་ལས། སྐྲན་གྱི་རྩ་ཞན་ཅིང་ཞར་བར་འཕར་བ་ནི། རླུང་ཁྲག་གི་རྒྱུ་ལམ་བཀག་པས་རྩ་རྒྱུད་ཞན་ཅིང་། སྐྲན་གང་དུ་ཡོད་པའི་རྩ་ཞར་བའོ། །ཞེས་གསུངས་ཤིང་། འདི་ཉིད་དངོས་བསྟན་གྲང་སྐྲན་གྱི་རྩ་ཡིན་ཅིང་། ཤུགས་སུ་ཚ་སྐྲན་གྱི་རྩ་ཚ་བའི་རྟགས་དང་མཐུན་པ་ཅན་འབྱུང་བར་ཤེས་དགོས་སོ། ། དམུ་འོར་སྐྱ་རྦབ་ཀྱི་རྩ་ནི། གསོ་དཔྱད་མུ་ཏིག་ཕྲེང་བ་ལས། དམུ་(དམུ་རྫིང་ལ་དམུ་ཆུ་ཞེས་བྱའོ།) འོར་(ཤ་མདངས་བར་ཆུ་སེར་གྱིས་ཁེངས་པ་)སྐྱ་རྦབ་ཅེས་བྱའི་(ལུས་སྐྱ་བོ་རྦབ་ཏུ་སོང་བས་སྐྱ་རྦབ་ཅེས་བྱ་)ནད། །ཕོ་བའི་མེ་དྲོད་ཉམས་པ་དང་། དྭངས་མ་མ་ཞུ་རྩ་མིག་བྱེར། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། སྐྱ་རྦབ་དང་། འོར་དང་། དམུ་ཆུ་གསུམ་ནི། ངོ་བོ་དྭངས་མ་མ་ཞུ་བ་ལས་བྱུང་བའི་ཆུ་ནད་དོ། །དེ་ཡང་དབྱེ་ན་སྐྱ་རྦབ་ནི། དྭངས་མ་མ་ཞུ་བའི་རྒྱུན་ཤ་མདངས་བར་དུ་ཁྱབ་པ་ལ་བྱའོ། །འོར་ནད་ནི། དྭངས་མ་མ་ཞུ་བའི་རྒྱུན་པགས་པའི་འོག་དང་ཤའི་བར་དུ་བྱེར་བ་ལ་བྱའོ། །དམུ་ཆུ་ནི། དྭངས་མ་མ་ཞུ་བའི་རྒྱུན་ཕྱི་ཤ་མདངས་དང་། བར་ཤ་ལྤགས། ནང་རྒྱུ་ལོང་བཅས་ལ་ཁྱབ་ཅིང་གཡོ་བར་གྱུར་པ་ལ་བྱའོ། ། དེ་གསུམ་པོ་རིམ་བཞིན་སྔ་མ་ལས་ཕྱི་མ་གསོ་དཀའ་ཞིང་ཉེན་ཆེ་བ་ཡོད་དོ། །ཞེས་གསུངས་པ་ལྟར་ནད་དེ་གསུམ་པོའི་ངོ་བོ་གཅིག་ཡིན་སྟབས་རྩའང་ཕྲ་བྱིང་གཏིང་ན་དམ་པ་གསུམ་ལྡན་འབྱུང་བ་ཡིན་ནོ། ། སྐྱུག་ན་རྩ་སྟོད་ཞན་པ་དང་འཁྲུ་ན་རྩ་སྨད་ཞན་པའི་རྒྱུ་མཚན་ནི། བེ་བུམ་ནག་པོ་ལས། རྩ་སྟོད་སྡོད་ན་སྐྱུག་པ་ཡིན། །རྩ་སྨད་སྡོད་ན་འཁྲུ་བའི་རྩ། །དབུས་མ་སྡོད་ན་མེ་དྲོད་ཉམས། །ཞེས་དང་། གོང་སྨན་པའི་རྩའི་སྟོང་ཐུན་ལས། སྐྱུག་ན་ཚོན་རྩ་གཉིས་པོ་ཞན། །ཅི་ཕྱིར་ཞེ་ན་སྟོད་ཟུངས་ཤོར། །འཁྲུ་ན་ཆག་རྩ་གཉིས་པོ་ཞན། །ཅི་ཕྱིར་ཞེ་ན་སྨད་ཟུངས་ཤོར། །ཞེས་གསུངས་པས་སོ། ། རྩའི་འཁྲུལ་སོ་བསལ་ཐབས་ཀྱི་མན་ངག་ནི། བྱང་པ་རིགས་ལྡན་ཆེན་པོས། ཁྲག་རྩ་སྦོམ་ཞིང་མནན་བཟོད་པ་དང་། རླུང་རྩ་སྦོམ་ཞིང་མནན་མི་བཟོད་པ་གཉིས་སྦོམ་པའི་ཆ་ནས་རྩ་ལ་འཁྲུལ་པ་ཡོད། རྒྱས་ཚད་རྒྱུག་ཅིང་མནན་བཟོད་པ་དང་། སྟོངས་ཚད་རྒྱུག་ཅིང་མནན་མི་བཟོད་པ་གཉིས་རྒྱུག་པའི་ཆ་ནས་མ་བརྟག་འཁྲུལ་སོ་ཡོད། བད་ཀན་གཏིང་ནས་ལྷོད་པ་དང་། ཁྲག་རྒན་གཏིང་ནས་གྲིམས་པ་གཉིས་བྱིང་བྱེད་ཆ་ནས་རྩ་ལ་ནོར་འཕྲང་ཡོད། ཅེས་དང་། ལག་ལེན་གསལ་བྱེད་ལས། ཁྲག་རྩ་རླུང་རྩ་རྐྱལ་བར་མཚུངས་ན་ཡང་། །རླུང་རྩ་སྟོང་ལ་ཁྲག་རྩ་འབུར་འདྲིལ་རྒྱས། །རྒྱས་ཚད་སྟོངས་ཚད་རྒྱུག་པར་མཚུངས་ན་ཡང་། །རྒྱས་ཚད་དྲག་གྲིམས་སྟོངས་ཚད་མནན་མི་བཟོད། །བད་ཀན་ཁྲག་རྒན་བྱིང་བར་མཚུངས་ན་ཡང་། །བད་ཀན་གུད་བུལ་ཁྲག་རྒན་གྲིམས་ལ་མཁྲང་། །ཞེས་དང་། གཞན་ཡང་རྗེ་བཙུན་ཟུར་མཁར་བས། མན་ངག་མགྱོགས་བུལ་ཇི་ལྟར་འཕར་ཡང་། རིམ་གྱིས་ཤེད་ཇེ་ཆེར་མནན་པས། མཁྲང་བ་དང་གྲིམས་པའི་ཆ་འདུག་ན་ཚ་བའི་ནད། སྟོངས་པ་དང་ལྷོད་པའི་ཆ་འདུག་ན་གྲང་བའོ། །དེ་ལ་གྲངས་མང་མྱུར་དུ་འཕར་ཡང་རྩ་སྦུབས་སྟོངས་ན་རྟགས་ཚ་ལ་ངོ་བོ་གྲང་བ། གྲངས་ཉུང་ངུ་འཕར་ཡང་གཏིང་མཁྲང་ན་རྟགས་གྲང་ཡང་ངོ་བོ་ཚ་བའོ། །ཞེས་གསུངས་སོ། ། ནོར་ར་རེ་ནི། ཡིད་འཇོག་བྱ་དགོས་པའི་དྲན་སྐུལ་གྱི་ཐ་ཚིག་གོ ། རྒྱུག་བྱེད་ནི། རྩ་རྒྱུད་གྲངས་མགྱོགས་པར་འཕར་བའི་དོན་ནོ། ། ཁྲག་རྒན་ནི། ཁྲག་ནད་རྙིང་པར་གྱུར་པའོ། ། ཚོན་རྩས་སྟོད་ནད་དང་། ཀན་རྩས་བར་ནད། ཆག་རྩས་སྨད་ནད་སོགས་བརྟག་ཐབས་ཀྱི་མན་ངག་ནི། གསང་ཏིག་སྒྲོན་མེ་ལས། ཚོན་གྱིས་ཀླད་པ་མན་ཆད་ནས། །སྙིང་ཁ་ཡན་ཆད་བརྟག་པར་བྱ། །ཀན་གྱི་སྙིང་ག་མན་ཆད་ནས། །ལྟེ་བ་ཡན་ཆད་བརྟག་པར་བྱ། །ཆག་གིས་ལྟེ་བ་མན་ཆད་ནས། །རྐང་མཐིལ་ཡན་ཆད་བརྟག་པར་བྱ། །ཞེས་དང་། ཟླ་བའི་རྒྱལ་པོ་ལས། ཚོན་གཉིས་ལྷག་ཆད་སྟོད་ལ་སྟེ། །དྲག་ཞན་དག་ཀྱང་དེ་བཞིན་ནོ། །མཆིན་དྲི་མགོ་བོའི་བར་དག་གོ། །ཀན་གཉིས་དྲག་ཏུ་འཕར་བ་ན། །མཆིན་པ་ལྟེ་བའི་བར་དག་སྟེ། །ཆག་གཉིས་ལྟེ་བ་མན་ཆད་ནས། །རྐང་པའི་མཐིལ་ནི་ཡན་ཆད་དོ། །དྲག་ཞན་ཚ་གྲང་བརྟག་པ་འོ། །ཞེས་གསུངས་སོ། ། ཆོ་རོལ་ནི། ངེས་མེད་དང་གོ་ལྡོག་གི་བརྡ་རྙིང་ངོ་། ། དོན་ཚ་སྣོད་ལ་གྲང་བ་འབྱུང་སྲིད་ཀྱི། །སྣོད་ཚ་དོན་ལ་གྲང་བ་འབྱུང་མི་སྲིད། །ཅེས་པའི་གོ་དོན་ནི། རྩ་དཔྱད་བུ་དོན་མ་ལས། གཡས་ཀྱི་ཚོན་འོག་ཚ་གྱུར་ན། །སྙིང་ལ་ཚ་བ་ཡོད་ཅེས་བྱ། །གྲང་ནད་ཕལ་ཆེར་རྒྱུ་མ་གྲང་། །ཞེས་དང་། གོང་སྨན་པའི་རྩའི་སྟོང་ཐུན་ལས། ལུས་སྟོད་མེ་ཡི་ཁམས་སུ་བཞག །ཅི་ཕྱིར་དོན་རྣམས་དྭངས་མའི་རྟེན། །ལུས་སྨད་ཆུ་ཡི་ཁམས་སུ་བཞག །ཅི་ཕྱིར་སྣོད་རྣམས་སྙིགས་མའི་སྣོད། །ཅེས་དང་། རྒྱལ་པོའི་དཀོར་མཛོད་ལས། སྟོད་མེ་ཡིན་ལ། སྨད་ཆུ་ཡིན་པས་ཚ་གྲང་གོ་ལོག་པ་དང་། སྙིང་མེ། མཁལ་མ་ཆུ་ཡིན་ཏེ་ནད་ཚ་གྲང་གོ་ལོག་པ་ལྟ་བུའོ། །སྤྱིར་ནི་འདི་རུ་འབྱུང་མི་སྲིད་དོ། །ཞེས་དང་། བེ་བུམ་ནག་པོ་ལས། སྟོད་ནི་མེ་ཁམས་མ་ཚོས་བསྲེག །ཚོས་དྲག་ཚད་རོ་ལྡང་བ་ཡིན། །སྨད་ནི་ཆུ་ཁམས་ཚོས་པར་བསྲེག །ཅེས་དང་། ལག་ལེན་གསལ་བྱེད་ལས། དོན་ལ་ཁྲག་འཁྲུགས་པའི་ཚ་བ་ཡོད་པ་ལ། སྣོད་ལ་མེ་དྲོད་ཉམས་པའི་གྲང་བ་འབྱུང་བ་སྲིད་ཀྱིས་དཔེར་ན་གློ་ལ་རྣག་ཚད་ཡོད་པ་ལ་ལོང་དུ་གྲང་བས་སྦོ་འཁྲོག་བྱེད་པ་སྲིད་པ་བཞིན་ནོ། །སྣོད་དུ་མེ་དྲོད་འཕེལ་ཏེ་ཚ་བ་ཡོད་ན། དོན་ལ་གྲང་བ་འབྱུང་མི་སྲིད་དེ་སྣོད་སྙིགས་མའི་གནས་ཡིན་པས་རང་བཞིན་གྲང་བ་ཤས་ཆེ་བ་དང་། དོན་ལ། ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ཏེ་གནས། དེ་ལ་མཁྲིས་པ་བསྐྱེད་པས་བར་ན་གནས། ཞེས་པ་དང་འབྲེལ་ཆེ་ཞིང་ཁད་ཉེ་བས་རང་བཞིན་གྱིས་ཚ་ཤས་ཆེ་བའོ། །ཞེས་དང་། ཕན་བྱེད་རིག་པའི་མཛོད་ལས། བྱང་ཁོག་སྟོད་ནི་རིན་ཆེན་གསེར་ལས་བྱས་ཏེ་གཉན་ཏེ་སླེན། །བྱང་ཁོག་སྨད་ནི་ལྕགས་ལས་བྱས་ཏེ་གྱོང་སྟེ་འགྲིན། །བྱང་ཁོག་སྟོད་ནི་མེ་ཡི་ཁམས་ལས་བྱས་ཏེ་དྲོ། །བྱང་ཁོག་སྨད་ནི་ཆུ་ཡི་ཁམས་ལས་བྱས་ཏེ་གྲང་། །བྱང་ཁོག་སྟོད་ནི་ལྷ་ཁང་སྟོང་པ་འདྲ་སྟེ་ཡངས། །བྱང་ཁོག་སྨད་ནི་ཚོང་པའི་འབྲུམ་རྩེར་འདྲ་སྟེ་དོག །བྱང་ཁོག་སྟོད་ནི་ལུང་རིང་སྟོང་པ་འདྲ་བར་འདུག །བྱང་ཁོག་སྨད་ནི་ལུ་མ་གྱ་གྱུ་འདྲ་བར་འདུག །བྱང་ཁོག་སྟོད་ནི་རྒྱལ་བློན་སྟེང་རིགས་འདྲ་སྟེ་མཛངས། །བྱང་ཁོག་སྨད་ནི་གཉན་དང་ཀླུ་ནག་འདྲ་སྟེ་འཕྱོ། །ཞེས་གསུངས་སོ། ། ཕལ་ཆེར་ནི། སྨྲ་སྒོ་ལས། ཕལ་ཆེར་ཞེས་པ་མ་ཚང་ཚིག །ཅེས་དང་། ཟླ་ཟེར་ལས། ཕལ་ཆེར་ཞེས་སྨོས་པའི་དོན་ནི། ཅུང་ཟད་མ་ཚང་བ་ཉིད་དུ་སྟོན་པ་ཡིན་ནོ། །ཞེས་གསུངས་སོ། ། རྩ་རྒྱུད་འགྱུར་བ་ནི། གཉའ་པའི་རྩ་ཆུའི་ལྷན་ཐབས་དགོས་པ་ཀུན་འབྱུང་ལས། རྩ་རྒྱུད་འགྱུར་བ་རྣམ་དྲུག་སྟེ། །དུས་ཀྱིས་འགྱུར་དང་ན་སོས་འགྱུར། །ནད་ཀྱིས་འགྱུར་དང་གདོན་གྱིས་འགྱུར། །མངལ་སྦྲུམ་གྱིས་འགྱུར་ཚེ་ཉམས་འགྱུར། །ཞེས་གསུངས་སོ། ། རྩ་རྒྱུད་འགྱུར་བའི་འཆི་རྩ་ནི། གོང་སྨན་པའི་རྩའི་སྟོང་ཐུན་ལས། དར་ལྕེ་རླུང་གིས་བསྐྱོད་པ་འདྲ། །སྟོང་ཞིང་སྦོམ་ལ་འཕར་འཕྲོ་འདར། །ཅུང་ཟད་འཕར་སྙམ་པུ་རུ་རུ། །རླུང་གི་ནད་ཀྱི་འཆི་རྩ་ཡིན། །ཁྲ་ཡིས་མོ་འདེབས་སྒྲོ་ཚུགས་ལྟར། །གྲིམས་ཤིང་མྱུར་ལ་འཕར་འཕྲོ་འདར། །དེ་རྗེས་འཕར་སྙམ་ཁྲི་ལི་ལི། །མཁྲིས་པའི་ནད་ཀྱི་འཆི་རྩ་ཡིན། །ཐིགས་ཟགས་ཆུ་ཡི་གཞུག་འདྲ་བ། །སྔ་ཟགས་ཕྱི་ཟགས་མི་སྙོམས་ཅན། །བུལ་བར་འཕར་རྗེས་འཕར་འཕྲོ་འདར། །བད་ཀན་ནད་ཀྱི་འཆི་རྩ་ཡིན། །ཉ་གཞུག་དག་ནས་བཟུང་བ་ལྟར། །དང་པོ་འདར་ཞིང་རྒྱུག་པ་ལ། །དེ་རྗེས་སྟོང་ཞིང་དལ་བ་ཅན། །རླུང་མཁྲིས་ལྡན་པའི་འཆི་རྩ་ཡིན། །བྱེ་འུ་མཆིལ་པས་སྒུམ་འཐུ་ལྟར། །རྩ་རྒྱུད་ཐུང་འཇམ་ཅན་འཕར་རྗེས། །ཅུང་ཟད་འཕར་སྙམ་བྱེད་ཅིང་འདར། །བད་རླུང་ལྡན་པའི་ནད་ཀྱིས་འཆི། །སྦལ་པ་ན་མཚོར་མཆོངས་པ་འདྲ། །རྒྱས་ཤིང་དལ་བར་གཉིས་གསུམ་འཕར། །དེ་རྗེས་འཕར་སྙམ་བྱེད་ཅིང་འདར། །བད་མཁྲིས་ལྡན་པའི་འཆི་རྩ་ཡིན། །གླང་རྒན་ཁ་ཆུ་འཛགས་འདྲ་བའི། །འཕར་མཚམས་མི་འབྱེད་གཏིང་མངོན་ཙམ། །དལ་ལ་གཡོ་ཞིང་འདར་བ་ཅན། །འདུས་པའི་ནད་ཀྱི་འཆི་རྩ་ཡིན། །ཅེས་དང་། ཟླ་བའི་རྒྱལ་པོ་ལས། ལ་ཁར་དར་ཕྱར་འགྱུར་བ་སྟེ། །དེ་དང་འདྲ་བ་འབྲུབ་པ་འོ། །ཞེས་དང་། རྩ་ནི་ཁང་རུལ་ཐིགས་པ་འདྲ། །སྔ་ཟགས་ཕྱི་ཟགས་མི་སླེབ་པའོ། །ཞེས་དང་། སོར་མོའི་འོག་ན་ལྷན་ཅིག་མེད། །ཀྱུར་ཀྱུར་འགྱུར་བ་བྱེད་པ་ཡི། །ཉ་ནི་ཆུ་ནས་ཕྱུང་བ་འདྲ། །རྩ་ནི་ཡོད་མེད་འགུལ་ཙམ་མོ། །ཉ་མཇུག་དག་ནས་བཟུང་འདྲ་སྟེ། །དལ་མནན་ཀྱུར་ཀྱུར་དྲག་ན་ནི། །མི་གསལ་མི་འགུལ་ཞན་པ་འོ། །ཞེས་དང་། སྡོད་པ་བྱེ་འུ་མཆིལ་པ་ནི། །སྒུམ་བུ་འཐུ་བ་འདྲ་བ་སྟེ། །བཞི་ལྔ་དྲག་འཕར་སྡོད་པའོ། །ཞེས་དང་། སྦལ་པ་ཆུ་ནང་འཕྱོ་བ་འདྲ། །མནན་པས་གཅིག་འཕར་སྡོད་པ་འོ། །ཞེས་གསུངས་ཤིང་། གླང་རྒན་ཁ་ཆུའི་དཔེར་བརྗོད་ཟླ་བའི་རྒྱལ་པོའི་ནང་མ་མཆིས་སོ། དེ་བཞིན་དུ་བེ་བུམ་ནག་པོ་ལས། རྩ་ལ་ལྟས་ངན་རྣམ་པ་ལྔ། །ཁང་རུལ་ཐིགས་པ་ཟགས་འདྲ་དང་། །སྦལ་པ་ཆུ་རུ་མཆོངས་འདྲ་དང་། །མཆིལ་པས་སྒུམ་བུ་འཐུ་འདྲ་དང་། །སྦྲུལ་ལ་ལྕག་གིས་བྲབ་འདྲ་དང་། །སྤྲེལ་མགོ་རྡོག་པས་མནན་པ་འདྲ། །རྩ་ཡི་ལྟས་ངན་ཡིན་ཏེ་འཆི། །ཞེས་གསུངས་སོ། ། མ་ཚང་བའི་འཆི་རྩ་ནི། ལྗོན་པའི་རྩ་བ་ཉམས་པའི་ཚེ་ལོ་འབྲས་ཀྱང་རིམ་བཞིན་རྒུད་པ་ལྟར་སྙིང་ལ་སོགས་པའི་དོན་སྣོད་གང་རུང་གི་རླུང་ཁྲག་གི་རྒྱུ་བ་ཉམས་པའི་ཚེ་དེ་དང་འབྲེལ་བའི་བལྟ་རྩ་འཕར་རྒྱུ་མེད་པར་གྱུར་པ་ལ་བྱའོ། ། སྡོད་རྩའི་མཚན་ཉིད་ནི། རླུང་ཁྱབ་བྱེད་ཀྱིས་བྱེད་ལས་ཚུལ་བཞིན་བྱེད་མ་ཐུབ་པར་རྩའི་འཕར་འཕྲོ་བཅད་ནས་སྐབས་སྐབས་སུ་མི་འཕར་བར་སྡོད་པ་ཅན་ལ་བྱ་སྟེ། གནད་ཀྱི་ལྡེ་མིག་ལས། སྡོད་ནི། ནད་དང་གདོན་གྱིས་ཁྱབ་བྱེད་རླུང་གི་བྱེད་ལས་ཉམས་པར་གྱུར་ནས་རླུང་ཁྲག་གི་རྒྱུ་བ་མི་སྙོམས་པར་རྩ་སྐབས་སྐབས་སུ་མི་འཕར་བར་སྡོད་པ་ཅན་ནོ། །ཞེས་དང་། གསང་ཏིག་སྒྲོན་མེ་ལས། རེས་ཡོད་རེས་མེད་སྡོད་ཅེས་བྱ། ། གྲང་ལ་འཕར་བ་ལྷག་ཅེས་བྱ། །གྲང་ལྷག་སོད་པ་འཆི་སྡོད་ཡིན། །གྲང་མེད་སྡོད་པ་ན་སྡོད་ཡིན། །དྲག་ཞན་སྡོད་པ་འདྲེ་སྡོད་ཡིན། །ཞེས་གསུངས་པ་ལྟར་དང་། སྡོད་ལའང་དབྱེ་ན་གསུམ་སྟེ། ན་སྡོད་དང་། འདྲེ་སྡོད། འཆི་སྡོད་གསུམ་མོ། །ཞིབ་པར་རང་རང་སྐབས་སུ་ཤེས་པར་བྱའོ། །དང་པོ་ན་སྡོད་ནི། སྙིང་སོགས་ནད་གང་ལ་ཞུགས་པའི་གནས་ཀྱི་རྩ་འཕར་བཞིན་དུ་མི་འཕར་བར་སྐབས་སྐབས་སུ་སྡོད་པ་ཅན་ལ་བྱ་སྟེ། དཔེར་ན། གློ་བར་ནད་ཞུགས་ཚེ་གློ་རྩར་སྡོད་འབྱུང་བ་དང་། གློ་ནད་གྲོལ་རྗེས་རྩ་སྡོད་ཀྱང་རང་བཞིན་དུ་སངས་པར་འགྱུར་བ་ལྟ་བུའོ། །གཉིས་པ་འཆི་སྡོད་ནི། ནད་ཀྱིས་སྲོག་རྟེན་བཅོམ་ཟིན་ནས་འཆི་བར་འགྱུར་བའི་རྟགས་སུ་རྩ་འཕར་བཞིན་དུ་མི་འཕར་བར་གྲངས་དང་། དུས་ངེས་པར་སྡོད་པ་ཅན་ལ་བྱ་སྟེ། གཡུ་ཐོག་ཤོག་དྲིལ་ལས། འཆི་སྡོད་གྲངས་ནི་ངེས་པ་ཅན་དུ་སྡོད། །བདུན་དང་བཅུ་གསུམ་ཉེར་གཅིག་སྟེང་དག་ཏུ། །ལན་གསུམ་བར་སྡོད་ངེས་པར་འཆི་བ་ཡིན། །ཞེས་གསུངས་པའོ། །གསུམ་པ་འདྲེ་སྡོད་ནི། འབྱུང་པོའི་གདོན་གྱི་གནོད་པ་ལས་བྱུང་བའི་རྩའི་གནས་དང་འཕར་གྲངས་མང་ཉུང་ལ་ངེས་པ་མེད་པར་སྐབས་སྐབས་སུ་སྡོད་ཅིང་། རྩའི་འཕར་ཚུལ་ཡང་མི་སྙོམས་པ་དྲག་དལ་སྣ་ཚོགས་བྱེད་པ་དང་སྔ་ཕྱིར་འགྱུར་ལྡོག་སྣ་ཚོགས་བྱེད་པ་ཅན་ལ་བྱ་སྟེ། རྩའི་སྟོང་ཐུན་ཉིན་བྱེད་སྣང་བ་ལས། འདྲེ་སྡོད་འཕར་གྲངས་ངེས་མེད་སྐབས་སུ་སྡོད། །རྩ་རྒྱུད་མི་སྙོམས་འགྱུར་ལྡོག་སྣ་ཚོགས་འབྱུང་། །འདི་རིགས་སྣ་ལ་གདོན་བཅོས་བྱེད་པའི་ཚེ། །རྩ་ཡི་སྡོད་ཀྱང་རང་བཞིན་སངས་པར་འགྱུར། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། འདྲེ་སྡོད་ནི། གནས་དང་གྲངས་ལ་ངེས་པ་མེད་པར་སྡོད་པ་དང་། རྩ་འཕར་ཚུལ་སོགས་ལའང་དྲག་དལ་སྣ་ཚོགས་བྱེད་པ་ཅན་ནོ། །ཞེས་གསུངས་སོ། ། བད་མཁྲིས་ཕོ་ཁར་འདྲིལ་ནི། གནད་ཀྱི་ལྡེ་མིག་ལས། སྔར་འགྲེལ་འགར་བད་མཁྲིས་ཀྱི་ནད་དང་། སྐྲན་ཕོ་ཁར་འདྲིལ་བ་ཞེས་བཀྲལ་ནའང་། ཁོ་བོས་ནི་བད་ཀན་ལྷེན་གཟེར་ཡང་ཟེར་བའི་བེ་སྣབས་ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་པའི་བད་ཀན་ལྷེན་དང་། མ་ཞུ་བ་དང་བེ་སྣབས་ཀྱིས་མཁྲིས་ཡུལ་འཕྲོག་པའི་མེ་དྲོད་མཁྲིས་པ་གཞན་གྱི་གནས་གྱུར་གཉིས་ལ་འདོད་དོ། །ཞེས་གསུངས་སོ། ། དཔག་ནི། རྟགས་དང་རྒྱུ་མཚན་ལ་བརྟེན་ནས་རྗེས་དཔག་གི་བློས་གཞལ་བ་ལ་བྱའོ། ། དོན་ལྔ་དང་དབང་ལྔའི་འབྲེལ་འབྱོར་གྱི་ཚུལ་ནི། ཟླ་བའི་རྒྱལ་པོ་ལས། སྙིང་གི་སྒོ་ནི་ལྕེ་ལ་བརྟག །ལྕེ་སྐམ་དིག་པ་ཚ་བས་འཆི། །ལྕེ་དཀར་སྐྱ་ཆགས་བད་ཀན་ཏེ། །ལྕེ་སྐམ་རྩུབ་པ་མཁྲིས་པ་སྟེ། །ནག་ལ་རྩུབ་པ་རླུང་ཡིན་ཏེ། །དམར་ལ་སྐམ་ཞིང་རྩུབ་པ་དང་། །ལྕེ་ལ་ཁྲག་འབྲུམ་རླུང་ཁྲག་གོ །གློ་ཡི་སྒོ་ནི་སྣ་ཡིན་ཏེ། །སྣ་སུངས་སྣ་ཟགས་སྣ་སྒོ་ཟ། །མཆིན་པའི་སྒོ་ནི་མིག་ཡིན་ཏེ། །མིག་ལྡོག་སྨིན་མ་ལྡོག་པ་འོ། །མཆེར་པའི་སྒོ་ནི་མཆུ་ཡིན་ཏེ། །མཆུ་གས་མཆུ་དག་སྐྱ་ལ་སོབ། །མཁལ་མའི་སྒོ་ནི་རྣ་བ་འོ། །ཞེས་དང་། མིག་གཉིས་སུ་ནི་མཆིན་པའི་རྩ། །དེ་དང་བསྡོངས་པའི་རླུང་རྒྱུ་འོ། །སྣ་བུག་གཉིས་སུ་གློ་བའི་རྩ། །དེ་དང་བསྡོངས་པས་གཡོན་དུ་རྒྱུ། །མཆེར་པའི་རྩ་ནི་ཕྱེད་མ་དང་། །རྣ་བ་གཉིས་སུ་མཁལ་མའི་རྩ། །དེ་དང་བསྡོངས་པའི་རླུང་རྒྱུ་འོ། ། སྙིང་རྩ་གཡོན་དུ་རྒྱུ་བ་སྟེ། །བུད་མེད་གོ་ལོག་རྒྱུ་བ་འོ། །ཞེས་དང་། བེ་བུམ་ནག་པོ་ལས། སྤྱིར་ན་སྣ་ཡི་ནད་རྣམས་ཀུན། །གློ་ཡི་ནད་ལ་འོང་བ་ཡིན། །ལྕེ་དང་མིག་དང་རྣ་བ་དང་། །མ་མཆུ་ལ་སོགས་སྒོ་བཞི་ལ། །ནད་རྟགས་སོ་སོར་འཆར་བ་ཀུན། །རིམ་པར་བཞིན་དུ་ཤེས་པར་བྱ། །ནད་རྟགས་ཕྱི་རུ་འཆར་བ་འདི། །ནོར་བ་མེད་པར་ཡིད་ལ་དཔྱོད། །ཅེས་དང་། པོད་དམར་ལས། སྙིང་རྩ་ཟས་ལེན་ལྕེ་ལ་གནས། །སྙིང་གི་སྒོ་ནི་ལྕེ་ཡིན་ནོ། །གློ་རྩ་སྣོམ་བྱེད་སྣ་ལ་གནས། །གློ་བའི་སྒོ་ནི་སྣ་ཡིན་ནོ། །མཆིན་རྩ་རྡོ་རྗེ་མིག་ལ་གནས། །མཆིན་པའི་སྒོ་ནི་མིག་ཡིན་ནོ། །མཆེར་རྩ་འཁྱུད་བྱེད་མཆུ་ལ་གནས། །མཆེར་པའི་སྒོ་ནི་མཆུ་ཡིན་ནོ། །མཁལ་རྩ་སྒྲ་འཛིན་རྣ་བར་གནས། །མཁལ་མའི་སྒོ་ནི་རྣ་བ་འོ། །ཞེས་དང་། ཆུང་དཔྱད་རྒྱ་མཚོའི་གསེར་ཞུན་ལས། ད་ནི་ནང་གི་འབྱོར་དྲུག་ནི། སྙིང་དང་རྒྱུ་མ་གློ་བ་ལོང་ག་འབྱོར། །མཆིན་པ་མཁྲིས་པ་ཕོ་བ་མཆེར་པ་འབྱོར། ། མཁལ་གཡས་ལྒང་པ་མཁལ་གཡོན་བསམ་སེའུ་འབྲེལ། །དེ་ནི་ནང་གི་འབྲེལ་དྲུག་ཡིན། །གློ་བ་སྣ་དང་སྙིང་ལྕེ་འབྲེལ། །མཆིན་པ་མིག་དང་མཆེར་པ་མཆུ་དང་འབྲེལ། །མཁལ་མ་གཉིས་དང་རྣ་བ་འབྲེལ། །དེ་ནི་ཕྱི་ཡི་འབྲེལ་དྲུག་ཡིན། །ཞེས་དང་། ཟླ་བའི་རྒྱལ་པོ་ལས། སྙིང་རྩ་མ་ཚང་རྔམ་པ་ཆེ། །རྔམ་པ་ཕྱི་མས་མི་སླེབ་པའོ། །ཞག་གཅིག་དག་ནས་འཆི་བར་འགྱུར། །དབུགས་སྒོ་གསུམ་ག་གང་ཞིང་རྒྱུ། །ཉི་མ་ཕྱེད་ཕྱེད་དག་ན་འཆི། །གློ་རྩ་མ་ཚང་ཁ་གདངས་ཏེ། །སྔ་མ་ཕྱི་མས་དབུགས་མི་སོབ། །སྣ་བུག་རྔུལ་ཆགས་ཞག་གསུམ་འཆི། ། མཆེར་རྩ་མ་ཚང་རྐང་བོལ་སྐྲངས། །ཕྱི་ས་མི་ཐུབ་ཞག་བཞིས་འཆི། །མཁལ་རྩ་མ་ཚང་སྣ་ཡོན་ཏེ། །སྣ་གོང་བཞིན་ཉམས་རྣ་བ་སྔོ། །སོ་བཞིན་ནག་ཅིང་མིག་སྤྲིན་སེར། །སྣ་ཞོམ་བཞིན་ནི་ཕྱལ་ཞོམ་པ། །འདུག་མི་ཚུགས་ཤིང་རྐེད་འཁོར་བ། །ཞག་བདུན་དག་ན་འཆི་བ་འོ། །མཆིན་རྩ་མ་ཚང་ལྟག་པ་དགྱེ། །བཞིན་སྔོ་ཉལ་འདོད་ཟུག་མི་ཐུབ། །མིག་འཛུམས་དཀའ་ཞིང་རྔུལ་བ་ན། །ཞག་གཉིས་དག་དང་དགུ་ན་འཆི། །ཞེས་གསུངས་སོ། ། འབུར་ཚུགས་བལྟ་ནི། མིག་ལྡིར་ནས་སྡང་མིག་ཏུ་བལྟ་བའི་དོན་ཏེ། ཉེར་མཁོའི་དོན་གསལ་ལས། འབུར་ཚུགས་སྡང་མིག་བལྟ་བའི་མིང་། །ཞེས་གསུངས་སོ། ། ཡས་བྱིན་ནི། སྔགས་དང་། ཕྱག་རྒྱ། ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་པའི་གླུད་དམ་མདོས་སྦྱིན་ཡུལ་ལ་བསྔོ་བའོ། ། ལྷ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ལྷ་དང་། འཇིག་རྟེན་གྱི་ལྷའོ། སྔ་མ་ནི། འཕྲལ་ཕུགས་གཉིས་ཀར་མགོན་སྐྱབས་བྱེད་ནུས་པ་ཅན་དང་། ཕྱི་མ་ནི། གནས་སྐབས་ཀྱི་འདོད་དོན་སྒྲུབ་པའི་སྡོང་གྲོགས་བྱེད་ནུས་པ་ཙམ་ལས་མཐར་ཐུག་གི་གྲོགས་བྱེད་མི་ནུས་པ་ཅན་ནོ། ། སྲུང་མ་ནི། སྔོན་གྱི་རྒྱལ་བ་གོང་མ་རྣམས་ཀྱིས་དམ་ལ་བཞག་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་གཉེར་གཏད་པའི་ཆོས་སྲུང་ལ་བྱའོ། དབྱེ་ན་གཉིས་ཏེ། ཡེ་ཤེས་ཀྱི་སྲུང་མ་དང་། འཇིག་རྟེན་གྱི་སྲུང་མ་གཉིས་སོ། ། ཀླུ་བདུད་ནི། ཕ་ཀླུ་དང་། མ་བདུད་གཉིས་བཤོས་པ་ལས་བྱུང་བའི་བུ་ལ་བྱའོ། ། ཀླུ་བཙན་ནི། ཕ་ཀླུ་དང་མ་བཙན་གཉིས་བཤོས་པ་ལས་བྱུང་བའི་བུ་ལ་བྱའོ། ། གྲེ་ཕོ་མོ་ནི། ཤི་འདྲེ་ཕོ་མོའོ། ། ཕོ་གདོན་ནི། བདུད་དང་། རྒྱལ་པོའི་གནོད་པའོ། ། མོ་གདོན་ནི། ཀླུ་དང་། བསེན་མོའི་གནོད་པའོ། ། ཀླུ་ནི། ས་འོག་ཏུ་སྦྲུལ་དང་སྦལ་པ་ལྟ་བུའི་གཟུགས་བརྙན་ཅན་ལ་བྱ་སྟེ། ནང་གསེས་སུ་དབྱེ་ན་ཀླུ་ཆེན་བརྒྱད་དང་། ཀླུ་རིགས་ལྔ་སོགས་མཆིས་སོ། ། མཚོ་སྨན་ནི། མཚོ་ལ་གནས་པའི་སྨན་མོའོ། ། ཆེ་རིང་ནི། རྩ་རྒྱུད་འཕར་ཤེད་ཆེ་ཞིང་འཕར་ཐག་རིང་བ་ཅན་ལ་བྱའོ། ། ཆུང་ཐུང་ནི། རྩ་རྒྱུད་ཤུགས་ཆུང་ཞིང་འཕར་ཐག་ཐུང་བ་ཅན་ལ་བྱའོ། ། མི་གྲུང་ནི། མི་གསལ་བའི་དོན་ནོ། ། དཀོར་བདག་རྒྱལ་པོ་ནི། རྒྱལ་པོ་པེ་ཧར་མཆེད་ལྔ་ལ་བྱའོ། ། གློ་ཚ་གཟེར་ནི། གཉན་རིམས་གཟེར་ཐུང་གི་མིང་གི་རྣམ་གྲངས་ཤིག་གོ ། བྱང་སྨན་ནི། སྲིད་པའི་མ་མོ་བདུན་གྱི་མིང་དང་། དཔལ་ལྡན་ལྷ་མོའི་མཚན་གཉིས་ཀར་འཇུག་པས་སྐབས་ཐོབ་ཤེས་དགོས་ཏེ། དང་པོ་ནི། སྔོན་དབང་ཕྱུག་ཆེན་པོས་སྦྱིན་སྲེག་བྱས་པའི་ཚེ་རྔུལ་གྱི་ཐིགས་པ་མེ་ནང་དུ་སོང་བས་སྲིད་པའི་མ་མོ་བདུན་སྐྱེས་པ་ལས་གཙོ་ཆེར་རི་རབ་དང་ཉེ་བའི་བྱང་ཕྱོགས་ཀེ་ལ་ཤའི་གླིང་དུ་གནས་པས་བྱང་སྨན་ཞེས་བྱའོ། །གཉིས་པ་ནི། མ་གཅིག་དཔལ་ལྡན་ལྷ་མོ་སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི་བྱང་ཕྱོགས་སུ་ཤིང་ཡོངས་འདུ་ལ་བརྟེན་ནས་མ་ཁྲོས་ན་སྨན་མོའི་གཟུགས་སུ་གནས་པས་བྱང་སྨན་ཞེས་བྱའོ། ། བོན་ནི། སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་གནའ་བོའི་བོད་ཀྱི་ཆོས་ལུགས་ཤིག་སྟེ། རྡོ་རྗེ་གླིང་པའི་བཀའ་ཐང་ལས། ཆོས་དང་བོན་གཉིས་བོན་སྔ་བས༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཆོས་པས་བོན་གཤེ་དམ་ཚིག་ཉམས༔ རྐྱེན་དེས་རང་བསྟན་རང་གིས་བཤིགས༔ ཞེས་དང་། བོན་གྱིས་ཆོས་ལ་ངན་སྨྲ་བྱེད༔ ཉེས་སྐྱོན་དེ་ཡིས་འདུལ་ཞིང་ཆུང༔ ཞེས་གསུངས་སོ། ། བསྐྲད་པ་ནི། གསང་སྔགས་གསར་རྙིང་གི་ཡི་དམ་གང་རུང་ལ་བརྟེན་ནས་དྲག་པོ་ལས་ཀྱི་སྒོ་ནས་གནོད་བྱེད་ཕྱིར་བསྐྲད་པ་ལ་བྱའོ། ། བྱིན་རླབས་ནི། བྱིན་ཞེས་ནུས་པ་དང་། རླབས་ཞེས་སྐབས་འདིར་ངན་པ་བཟང་པོར་བསྒྱུར་བར་བྱེད་པའི་དོན་ཏེ་ནུས་པ་དེ་ལ་བརྟེན་ནས་ངན་པ་བཟང་པོར་བསྒྱུར་བར་བྱེད་པ་ལ་བྱའོ། ། བཀའ་བསྒྲགས་ནི། སྟོན་པ་སངས་རྒྱས་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསུངས་དྲི་མ་མེད་པ་བཀླག་པ་ལ་བྱ་སྟེ། ཤེས་བྱ་ཀུན་ཁྱབ་མཛོད་ལས། འཇིག་རྟེན་གྱི་ཁམས་འདི་ན་ཚིག་གི་ནང་ནས་མཆོག་གམ་ཕུལ་དུ་གྱུར་པ་ནི། རྒྱལ་བའི་གསུང་རབ་རིན་པོ་ཆེ་ཡིན་པས་དོན་མ་གོ་ཡང་ཚིག་ཀློག་པ་ཁོ་ན་ཙམ་ལས་བྱིན་རླབས་དང་དགོས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་སྲོག་ལྟར་དུ་གཅེས་པར་བྱ་བ་ཡིན། ཞེས་གསུངས་སོ། ། བསོད་ནམས་བསག་ནི། རྒྱུ་བསོད་ནམས་ཀྱི་ཚོགས་བསག་པ་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསག་པ་གཉིས་ལ་བྱ་སྟེ། རྒྱུ་བསོད་ནམས་ཀྱི་ཚོགས་བསག་པ་ནི། སྦྱིན་པ་གཏོང་བ་དང་། བཟོད་པ་སྒོམ་པ། བརྩོན་འགྲུས་བརྩམ་པ་བཅས་སོ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཤེས་རབ་བསྐྱེད་པ་བཅས་སོ། ། རྣམ་ཤེས་ནི། རྒྱན་སྟུག་ལས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་འཛིན་བྱེད་པ། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་དང་། དབུས་མཐའ་རྣམ་འབྱེད་མི་ཕམ་དགོངས་རྒྱན་ལས། དོན་དང་སེམས་ཅན་དུ་སྣང་བ་ནི་ཀུན་གཞིའི་རྣམ་ཤེས་སོ། །བདག་ཏུ་སྣང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་རིག་པར་སྣང་བ་ནི་ཚོགས་དྲུག་གི་རྣམ་ཤེས་སོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། རྣམ་ཤེས་ནི། ནང་གི་སྲོག་གི་དབང་པོར་བརྟེན་ནས་ཕྱི་རོལ་གྱི་ཡུལ་ལྔ་བདག་ཏུ་འཛིན་པའི་རླུང་སེམས་དབྱེར་མེད་དུ་འདུས་པའི་བདག་ཉིད་ཅན་གྱི་ཤེས་པའོ། །ངེས་པའི་ཚིག་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པས་རྣམ་ཤེས་སོ། །ཞེས་གསུངས་སོ། ། བླ་ནི། བདུད་རྩི་སྙིང་པོ་ལས། ངོ་བོ་བྱང་སེམས་ཐིག་ལེ་ཡིན། །ངེས་ཚིག་ལུས་ཟུངས་སེམས་ཀྱི་རྟེན། ། ཡིན་པའི་ཕྱིར་ན་བླ་ཞེས་བྱ། །དབྱེ་ན་ཐིག་ལེ་དཀར་དམར་གཉིས། །ཉི་མ་ཟླ་བ་ཞེས་ཀྱང་བྱ། །ཞེས་དང་། གོང་སྨན་པའི་རྩའི་སྟོང་ཐུན་ལས། བླ་རྩ་ཡི་ནི་ངོ་བོ་དང་། །ངེས་ཚིག་གནས་ལུགས་འདི་ལྟ་སྟེ། །ངོ་བོ་ལུས་ཀྱི་དྭངས་མའི་མཆོག །བྱང་སེམས་ཐིག་ལེ་ཞེས་བྱ་ཡིན། །ངེས་ཚིག་ཚེ་སྲོག་རྣམ་ཤེས་ཀྱི། །རྟེན་དུ་གྱུར་པས་བླ་ཞེས་བྱ། །གནས་ནི་མཁྲིག་མའི་མར་ཟུར་རྩར། །ཙན་དན་དྲི་བཞིན་ལྷན་ཅིག་གནས། །དྭངས་མའི་རླུང་དང་རྣམ་ཤེས་གཉིས། །འགྲོགས་པས་ཕྱི་རུ་འཁྱམས་པའང་འབྱུང་། །འདི་ཉིད་མལ་གནས་ཚེ་སྲོག་བརྟན། ། བྲོས་ན་ཚེ་སྲོག་ཡལ་ཏེ་འཆི། །ཞེས་དང་། པོད་དམར་ལས། བླ་ཞེས་བྱ་བ་ཚེ་སྲོག་གི། །རྟེན་གྱུར་སྲོག་གི་མ་མ་དེ། །ངོ་བོ་བྱང་སེམས་ཐིག་ལེ་ཡིན། །རྣམ་པ་རབ་ཕྲའི་རྡུལ་ལྟ་བུ། །གནས་ནི་མཁྲིག་མའི་མར་ཟུར་གྱི། །ཆུ་བ་རྒྱུས་པའི་གསེབ་ཏུ་གནས། །དེ་གཉིས་གནས་ན་ཚེ་སྲོག་བརྟན། །ཡལ་ན་འཆི་བར་འགྱུར་བ་ཡིན། །ཞེས་དང་། དོན་གསལ་སྒྲོན་མེ་ལས། བླ་ཞེས་བྱ་བ། རང་གི་གཟུགས་འདྲ་བའི་སྲོག་གི་གཟུགས་བརྙན་ལྷ་འདྲེས་ལོངས་སུ་སྤྱོད་དུ་ཡོད་པ་ཞིག་གོ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། བླ་རྩ་ནི། ཚེ་མི་འགྱུར་བ་དང་། སྲོག་མི་འགག་པའི་རྟེན་བྱེད་པའི་དྭངས་མའི་རླུང་དང་། ཐིག་ལེ། རྣམ་ཤེས་བཅས་ལྷན་ཅིག་ཏུ་འགྲོགས་པའི་རྩ་ལ་བྱའོ། །ངེས་པའི་ཚིག་ནི། རྟེན་ལག་པའི་མཁྲིག་མའི་མར་ཟུར་གྱི་འཕར་རྩ་ལ། བརྟེན་པ་བླ་ཁམས་གནས་པའི་ཆ་ནས་བླ་རྩ་ཞེས་བརྗོད་པ་ཡིན་ནོ། །ཞེས་དང་། མེས་ཞལ་ལས། རྣམ་པར་ཤེས་པའི་རྟེན་དེ་ལ་སྲོག་དང་ཚེ་ཞེས་བྱ་ལ། སྲོག་དང་ཚེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས། ཞེས་དང་། དྲང་སྲོང་ཞལ་ལུང་ལས། དཔེར་ན་མིག་ཤེས་ཀྱི་རྟེན་དུ་མིག་དབང་བྱུང་བ་བཞིན་དུ། ཚེ་སྲོག་གི་རྟེན་དྭངས་མའི་རླུང་དང་། ཐིག་ལེ། རྣམ་ཤེས་དང་འགྲོགས་པ་ལ་བླ་ཞེས་བྱ་སྟེ། དེ་གང་ན་རྒྱུ་ཞིང་འཁྱམས་པར་བྱེད་པའི་རྟེན་ནམ་ལམ་ལྟ་བུ་ལག་པའི་མར་ཟུར་གྱི་འཕར་རྩ་འདི་འབྱུང་སྟེ་འདི་ཡང་བླ་གནས་པ་དང་། མི་གནས་པའི་རྗེས་སུ་མཐུན་པར་གཡོ་འགྱུར་ཅན་ཡིན་པས་འཁྱམས་པོ་ཞེས་བྱའོ། །ཞེས་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ནག་རྩིས་ལས། སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །ཞེས་དང་། འབྱུང་རྩིས་ཀྱི་མན་ངག་ཟླ་བའི་འོད་ཟེར་ལས། སྲོག་གི་མ་ནི་བླ་རུ་གྲགས། །ཞེས་དང་། རབ་གསལ་སྒྲོན་མེ་ལས། བླ་ནི། རྣམ་པར་ཤེས་པའི་རང་གཟུགས་སོ། །ཞེས་གསུངས་སོ། ། བླ་རྩའི་བལྟ་ཚུལ་ནི། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། མནན་པས་གསལ་ན་མནན་ནས་བལྟ། །བཏེག་པས་གསལ་ན་བཏེག་ནས་བལྟ། །ཇི་ལྟར་གསལ་ན་དེ་ལྟར་བལྟ། །ཞེས་གསུངས་པ་ནི། བླ་རྩའི་སྐབས་སུ་གོ་དགོས་པ་ལས་བལྟ་རྩའི་སྐབས་སུ་མནན་ཚད་དང་སྦྱར་ན་རྒྱུད་དང་འགལ་བར་གསུངས་སོ། ། མ་རིག་པ་ནི། བུ་སྟོན་རིན་པོ་ཆེའི་རྟེན་འབྲེལ་རྣམ་བཤད་ལས། མ་རིག་པ་ནི། སཾ་སྐྲྀ་ཏ་ལ་ཨ་བདྱི་ཞེས་པ་ཡོད་དེ། ཨ་བིའི་སྒྲ་ལས་ཨ་བ་ར་ཎ་ཞེས་དྲངས་ན་སྒྲིབ་པ་ཞེས་བྱ་སྟེ། བདེན་པ་མཐོང་བ་ལ་སྒྲིབ་པས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པས་མ་རིག་པ་ཞེས་བྱའོ། །ཞེས་གསུངས་སོ། ། སྲོག་ནི། མངོན་པ་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པ་འོ། །ཞེས་དང་། སྐ་བ་དཔལ་བརྩེགས་ཀྱི་ཆོས་ཀྱི་རྣམ་གྲངས་ལས། སྲོག་གི་དབང་པོ་ནི་ཇི་སྲིད་མ་ཤིའི་བར་དུ་ཚེ་དང་སྲོག་འཛིན་པའོ། །ཞེས་དང་། སློབ་དཔོན་ཐོགས་མེད་ཀྱིས། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པའི་དུས་ངེས་པ་ལ་ཚེ་ཞེས་གདགས་སོ། །ཞེས་གསུངས་སོ། ། ཚེ་ཆོག་ནི། མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལ་བརྟེན་ནས་ཚེ་རིང་དུ་བསྲིང་བའི་ཆོ་ག་ལ་བྱ་འོ། ། ཟོར་ཁ་ནི། སྔགས་པས་མཐུ་སྒྲུབ་པའི་གཏོར་ཟོར་འཕངས་པའི་མཐུ་ཕོག་པ་ལ་བྱའོ། ། གྲི་རུ་འཆི་ནི། ནང་གི་འདུ་བ་འཁྲུགས་པའི་ནད་ཀྱིས་འཆི་བ་མ་ཡིན་པར་ཕྱི་རྐྱེན་མདའ་མཚོན་སོགས་ཀྱིས་གློ་བུར་བཙན་ཐབས་སུ་སྲོག་ཤོར་བ་ལ་བྱ་སྟེ། མན་རྒྱུད་སྦྱར་དུག་གསོ་བའི་ལེའུ་ལས། རྟ་གྲི་ཆུ་གྲི་རྦབ་གྲི་གཡང་གྲི་དང་། །ལྕེབས་གྲི་སོགས་ཀྱིས་འཆི་བར་བྱེད་པ་སྟེ། །ཞེས་གསུངས་པ་ལས་གོ་ནུས་སོ། ། དེ་ལྟར་རྟོགས་པའི་སྨན་པས་ཉན་པ་འདྲ། །ཞེས་པའི་གོ་དོན་ནི། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སློབ་མ་ཞིག་གིས་ནད་པར་རྩ་བལྟ་སྐབས་ཁྱོམ་པོ་དང་བསྲེས་ནས་བལྟ་བར་གཟིགས་པས་ཞལ་གདམས་འདི་ལྟར་གནང་བ། བུ་ནད་པའི་བྱ་བ་སྒྲུབ་དུས་སུ། །སླ་བཅོས་དང་ཐོ་ཅོ་མ་བྱེད་ཅིག །རང་བཟོ་སླ་བཅོས་ནད་པའི་བདུད། །རང་སྐྱེངས་གྲགས་པ་ངན་པ་འཕོག །ཁྱད་པར་རྩ་ལ་བརྟག་དུས་སུ། །མི་སྒྲ་ལ་སོགས་གཡེང་རྐྱེན་སྤངས། །རྟབ་རྟོབ་ཧལ་ཧོལ་མ་བྱེད་པར། །སློབ་དཔོན་གསུངས་དང་གསོ་དཔྱད་གཞུང་། ། རང་གི་མྱོང་བ་ཚད་མས་གྲུབ། །རིག་པའི་མདའ་ཡིས་བསྣུན་པར་གཅེས། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། ཡུངས་མར་བཀང་བའི་སྣོད་བསྐུར་ལ། །རལ་གྲི་ཐོག་པར་དྲུང་བསྡད་དེ། །བོ་ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་བཞིན་སྒྲིམ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། །བདུད་རྩི་ལྟ་བུའི་སྨན་སྦྱོར་གྱིས། །ལུས་ནི་ནད་མེད་འགྱུར་བ་ཡིན། །གསོ་དཔྱད་ཤེས་པའི་སྨན་པ་ཡིས། །ནད་རྒྱུ་མཚན་ཉིད་ཡོངས་སུ་བརྟག །ཅེས་དང་། རྩ་ཆུ་ན་ལུགས་ལེགས་པར་མི་ཤེས་པར། །གཙག་དཔྱད་ཐོག་ནས་འགྱིངས་པའི་ཚུལ་སྟོན་པ། །འཕར་སྤྱང་ར་དང་ལུག་ལ་འཇབ་དང་མཚུངས། །ཞེས་དང་། སྙིང་པོ་བསྡུས་པ་ལས། ནད་དང་སྨན་གྱི་ཚུལ་བརྟགས་ནས། །གང་ཞིག་གསོ་བ་ལ་འཇུག་པ། །དེ་ནི་ནམ་ཡང་འཁྲུལ་མི་འགྱུར། །ཞེས་གསུངས་སོ། ། ཆུ་བརྟག་བྱེད་སྨན་པའི་མཚན་ཉིད་དང་། བརྟག་ཡུལ་ནད་པའི་བླང་དོར་གྱི་གནད་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། སྙིང་རྗེ་ཆེ་ལ་སྤྱོད་ལམ་དལ། །ལུས་ཟུངས་མ་ཉམས་དབང་པོ་གསལ། །ཆང་འཐུང་མ་ཡིན་གཉིད་ལོག་དང་། །ལེགས་པའི་སྤྱོད་ལམ་སྨན་པས་བརྟག །ཅེས་དང་། རི་ཡི་རྩེ་ལ་ཉི་ཤར་ཞིང་། །སྣང་བ་ཡོད་པའི་ཕྲུམ་མཐིལ་དུ། །ནད་ལ་སོགས་པ་སོ་སོར་བརྟག །ཅེས་དང་། སྣོད་ནི་དཀར་དང་དམར་བ་དང་། །ཤིན་ཏུ་ནག་དང་སེར་བ་སྤང་། །ཞེས་དང་། ནད་པས་སྐོམ་མང་མ་འཐུང་ཞིང་། །འཐུངས་ན་ཆུ་ཡང་དུས་མི་ལྡོག །བུད་མེད་ལྷན་ཅིག་ཉལ་བ་སྤང་། །དཀར་སེར་དམར་བ་མ་འཐུང་སྟེ། །རོ་དང་ལྡན་པ་མ་ཟོས་པ། །དུས་སུ་བཏང་བའི་ཆུ་ལ་བརྟག །ཅེས་གསུངས་སོ། ། དར་བ་ནི། ནུབ་ཀྱི་འོ་མ་ཞོར་བསྙལ་བ་དང་། ནང་གི་འོ་མ་དྲོན་མོ་གཉིས་བསྲེས་ནས་དཀྲོགས་པའི་མར་ཕྱུང་ཤུལ་གྱི་ཤོང་མ་ལ་བྱའོ། ། འཇག་སོག་ནི། རྩྭ་འཇག་མ་དང་། སེམས་ཅན་གྱི་སོག་པའི་རུས་དུམ་དཀར་པོར་སོང་བ་གཉིས་ཀྱི་བསྡུས་མིང་ངོ་། ། རྒྱུ་གྲོག་རྩའི་ངོས་འཛིན་ནི། སྙིང་པོ་བསྡུས་པ་ལས། ལྒང་པ་ཁ་ནི་ཐུར་བལྟས་ཀྱང་། །གཅིན་འཛག་པ་ཡི་རྩ་སྒོ་ནས། །རྒྱུན་མི་ཆད་པར་འཛག་པ་ཡིས། །ངོས་གཉིས་ནས་ནི་ཕྲེ་འུས་འགེངས། །ཞེས་དང་། ཟླ་ཟེར་ལས། ལྒང་པ་དེ་ནི་ཁ་ཐུར་དུ་བལྟས་ཏེ་གནས་པ་ཡིན་དུ་ཟིན་ཀྱང་། གཅིན་འཛག་ཅིང་རྒྱུ་བར་བྱེད་པའི་རྩའི་སྦུབས་ཕྲ་མོ་ལས་རྒྱུན་མི་འཆད་པར་འཛག་ཅིང་འབབ་པར་བྱེད་པའི་རྩའི་ངོས་གཉིས་ན་གནས་པ་དེ་ལས་གཅིན་གྱི་ཕྲེའུ་འཛག་པས་ལྒང་པ་འགེངས་པར་བྱེད། ཅེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། མཁལ་མ་ལྒང་ཕུག་ཆུ་འབབ་པས། །ཆུ་ཡི་སྣོད་དང་རྟེན་ཡིན་ནོ། །ཞེས་དང་། མཆིན་པའི་སྙིགས་མ་མཁལ་མར་འགྲོ། །བད་ཀན་མཁྲིས་པ་རླུང་གིས་ཕྱེ། །ལུས་ཟུངས་འཛིན་བྱེད་རླུང་གིས་དྲངས། །མཁལ་མའི་སྦུབས་སུ་འགྲོ་བ་སྟེ། །རླུང་མཁྲིས་བད་ཀན་གསུམ་གྱིས་བཞུ། །བཅུད་ཀྱིས་རྩ་སྦུབས་ཀུན་ཁྱབ་སྟེ། །བཅུད་ཀུན་རུས་མིག་འདྲེན་པར་བྱེད། །ལྷ་བ་རུས་པ་ཐམས་ཅད་རྒྱས། །བདེ་བ་རྒྱས་བྱེད་སྲོག་འཛིན་བྱེད། །སྙིགས་མ་ལྒང་ཕུག་དག་ཏུ་ལྷུང་། །ཞེས་དང་། ལོང་གི་ལྷག་པ་སྲོག་རྩར་འགྲོ། །དེ་ཡི་ལྷག་དག་མཁལ་མར་འགྲོ། །སྣོད་ནི་ལྒང་ཕུག་དག་ཏུ་འགྲོ། །ཞེས་དང་། བྱང་པའི་ཡན་ལག་བརྒྱད་པ་ལས། ཆུ་སྙིགས་དྲི་ཆུའི་སྣོད་ལྒང་ཕུག ། ཡིན་ཕྱིར་མཁལ་མར་འབྲེལ་ཞེས་བྱ། །ཞེས་དང་། གོང་སྨན་པའི་ཆུའི་སྟོང་ཐུན་ལས། རྒྱུ་གྲོག་རྩ་ཞེས་བྱ་བ་ནི། །རྒྱུ་མ་ལོང་ག་འཁྱོགས་མཚམས་ནས། ཁ་ཟས་སླ་བ་རྒྱུ་བའི་གནས། །ལྒང་པར་འབྲེལ་བའི་རྩ་ལ་བྱ། །ཞེས་དང་། ཆ་ལག་བཅོ་བརྒྱད་ཀྱི་ཆུའི་སྟོང་ཐུན་ལས། ཆུའི་རྒྱུ་ནི། སྐོམ་འཐུངས་པ་རྣམས་མཁྲིས་པ་འཇུ་བྱེད་ཀྱིས་དྭངས་སྙིགས་གཉིས་སུ་ཕྱེ་སྟེ། དྭངས་མ་ལུས་ཀྱི་རྒྱན་དུ་བྱེད་ལ། སྙིགས་མ་རྩ་བྱེའོ་བརྒྱུད་ནས་ལྒང་པའི་གནས་སུ་བསགས་པའོ། །ཞེས་དང་། ཆ་ལག་བཅོ་བརྒྱད་ཀྱི་བྱང་ཁོག་སྟོང་ཐུན་ལས། རྒྱུ་ལོང་ལ་འཁྱོགས་མཚམས་དང་། རྒྱུ་གྲོག་(སྒྲོག་)བར་ཐམས་ཅད་རྩས་ཁྱབ་པར་གནས་སོ། །རྒྱུ་ལོང་གཡོན་ནས་མར་ཆུ་རྒྱུ་བའི་རྩ་གཅིག་ལྒང་པར་ཟུག་གོ །ཞེས་དང་། རྡོ་རྗེའི་མདུད་འགྲོལ་ལས། རྒྱུ་མ་དང་ལྷན་ཅིག་ཏུ་གྲོགས་ཀྱི་ཚུལ་དུ་གནས་པའི་རྩ་དེའི་ནང་བརྒྱུད་ནས་ལྒང་པར་འདྲིལ་ཞིང་གསོག་པར་བྱེད། ཅེས་དང་། བཻ་ཌཱུར་སྔོན་པོ་ལས། རྒྱུ་གྲོག་ཅེས་གཉེ་མའི་རྩ་ནང་བརྒྱུད་ནས་ལྒང་འདྲིལ་ཞིང་གསོག་པར་བྱེད། ཅེས་གསུངས་སོ། ། ཀུ་ཡ་ནི། ནད་ཅན་ནད་མེད་གང་གི་དྲི་ཆུའི་ནང་དུ་འབྱུང་བའི་སྣོད་མཁྲིས་ཀྱི་སྙིགས་མ་ཆུའི་ནང་སྐྱ་སིབ་སིབ་མངོན་པ་དེ་ཡིན་སྟེ། ཟབ་མོ་ནང་དོན་ལས། ཁྲག་སྙིགས་མཆིན་ལས་མཁྲིས་པ་ནི། །བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། །མཁྲིས་པའི་སྙིགས་ཆུའི་ཀུ་ཡ་དང་། །དྲི་ཆེན་རྩི་དང་སེར་པོར་བྱེད། །ཅེས་གསུངས་པ་ལྟར། འདི་ལ་བརྟག་པ་གལ་ཤིན་ཏུ་ཆེ་སྟེ། རྒྱུད་ལས། ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ། །ཞེས་གསུངས་པ་དང་། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་བདེ་རྒྱལ་ལ་གནང་བའི་གདམས་ངག་ནོར་བདུན་མ་ལས། ཁྱོད་དང་པོ་ནད་ལ་བརྟག་དུས་སུ། །རྩ་ནི་གར་མཁན་གྱི་ལག་པ་འདྲ། །ཁ་སྨྲ་ཐོགས་པ་གཅིག་ཀྱང་མེད། །རྩ་གཏིང་ཤེད་ཆེ་བ་ཚ་བ་ཡིན། །གཏིང་ཤེད་མེད་ན་གྲང་བ་ཡིན། །ཆུ་ནི་འཇའ་ཚོན་གྱི་རི་མོ་འདྲ། །མིག་གིས་མཐོང་ཡང་བརྟག་ཐབས་དཀའ། །ཀུ་ཡ་མཐུག་ན་ཚ་བ་ཡིན། །ཀུ་ཡ་སྲབ་ན་གྲང་བ་ཡིན། །བུ་གནད་ཀྱི་གདམས་ངག་འདི་ལོང་ལ། །རྫུན་གྱི་རྐྱལ་པ་མ་གཏིབ་མཛོད། །ཅེས་གསུངས་སོ། ། ཐ་མལ་ནད་མེད་ཀྱི་དྲི་ཆུའི་མཚན་ཉིད་གསལ་བར་བྱེད་པའི་མན་ངག་ནི། གནད་ཀྱི་ལྡེ་མིག་ལས། ཁ་དོག་འབྲི་མར་བཞུས་འདྲ་འབྱུང་བ་ནི། ཉེས་གསུམ་མ་འཁྲུགས་པའི་རང་རྟགས་མངོན་པའོ། །སྦྲེ་དྲི་མནམ་པ་ནི། མེ་དྲོད་འབར་འབྲི་གང་གི་ཕྱོགས་སུ་མ་ལྷུང་བའི་མཚན་མའོ། །མེ་ཏོག་སྙོམས་པ་ནི། ཉེས་གསུམ་རང་རང་གི་མཚན་ཉིད་འགོ་སྙོམས་པའི་རང་མཚན་ནོ། །ཀུ་ཡ་སྙོམས་པར་ཁྱབ་པ་ནི། ལུས་སྟོད་སྨད་བར་དང་དོན་སྣོད་རྣམས་སུ་ནད་ཀྱིས་མ་བཏབ་པའི་མངོན་ཚུལ་ལོ། །སྤྲིས་མ་ཀོ་ཆུ་ཙམ་ཆགས་པ་ནི། ལུས་ཀྱི་ཟུངས་དང་དྲི་མར་སྐྱོན་མེད་ཅིང་བདེ་བར་རྒྱུ་བའི་རྟགས་སོ། །རླངས་ཡལ་དུས་སུ་མཐའ་ནས་སྒོར་མོར་ལྡོག་པ་ནི། དྲི་ཆུ་མེ་དྲོད་ཀྱིས་སྨིན་ཚོད་རན་པའི་རྟགས་སོ། །ལོག་རྗེས་དཀར་སེར་དྭངས་པ་ནི། ཕོ་བའི་མེ་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཚུལ་བཞིན་བྱས་པའི་མཚན་མའོ། །ཞེས་གསུངས་སོ། ། སྦྲེ་དྲི་མནམ་ནི། ར་ཐུག་དང་ལུག་ཐུག་གི་རྨོང་ཁའི་དྲི་མ་ལྟར་གཅིན་གྱི་རང་དྲི་མནམ་པ་ལ་བྱའོ། ། རླངས་པ་ནི། རབ་གསལ་སྒྲོན་མེ་ལས། རླངས་པ་ནི། འབྱུང་བ་ཆུའི་ཁམས་དང་ལྷན་ཅིག་ཏུ་གནས་པའི་རླུང་གི་རང་གཟུགས་ཕྱིར་མངོན་པ་ལ་བྱའོ། །ཞེས་གསུངས་སོ། ། མེ་ཏོག་ནི། ནད་ཅན་དང་ནད་མེད་གང་གི་དྲི་ཆུ་དཀྲུགས་པའི་ཚེ་འབྱུང་བའི་འབྱུང་བ་རླུང་གིས་བཏེགས་པའི་ཆུའི་ལྦུ་བ་ལ་བྱ་སྟེ། ཟླ་བའི་རྒྱལ་པོ་ལས། དབུགས་དང་ལྦུ་བ་ཆེ་དག་གམ། །ཆུང་ནས་གཟུགས་བརྙན་དག་ལས་ཏེ། ཞེས་གསུངས་པས་སོ། ། སྤྲིས་མ་ནི། ནད་ཅན་དང་ནད་མེད་གང་གི་དྲི་ཆུའི་ནང་དུ་འབྱུང་བའི་ལུས་ཟུངས་བདུན་གྱི་ཡ་གྱལ་ཚིལ་གྱི་སྙིགས་མ་དྲི་ཆུའི་སྣོད་ཀྱི་ཁར་ཆགས་པའི་ཞག་ལ་བྱ་སྟེ། གོང་སྨན་པའི་ཆུའི་སྟོང་ཐུན་ལས། སྤྲིས་མ་དྲི་ཆུའི་ཁར་ཆགས་པའི། །ཚིལ་སྙིགས་དྲོད་ཀྱིས་བཞུས་པའི་ཞག །ཅེས་དང་། པོད་དམར་ལས། ཚིལ་སྙིགས་ལུས་ཀྱི་ཞག་དང་རྔུལ། །རྨེན་བུ་དྲི་ཆུའི་སྤྲིས་མ་འོ། །ཞེས་གསུངས་སོ། ། ཀོ་ཆུ་ནི། དབྱར་དུས་ན་གཤོང་ནང་དུ་འཁྱིལ་བའི་ཀོ་མོའི་ཆུའི་སྒྲ་བསྡུས་པའོ། ། རླུང་ནད་ཅན་གྱི་དྲི་ཆུའི་ཁ་དོག་ལུ་མའི་ཆུ་ལྟར་སྔོ་ལ་སླ་བ་སོགས་འབྱུང་བའི་རྒྱུ་མཚན་རྟོགས་བྱེད་ཀྱི་མན་ངག་ནི། གནད་ཀྱི་ལྡེ་མིག་ལས། རླུང་གི་ནད་ཀྱི་དྲི་ཆུའི་ཁ་དོག་སྔོ་བ་ནི། རླུང་གི་རང་མདོག་སྔོ་བས་སམ་རླུང་ནད་ཕལ་ཆེར་ལུས་ཟུངས་ཉམས་པ་ལས་བྱུང་བས་སོ། །དྲི་ཆུ་སླ་བ་ནི། རླུང་གི་མཚན་ཉིད་གྲང་བའི་ཆ་འཕེལ་བས་སོ། །ལྦུ་བ་ཆེ་ཞིང་ཡལ་མགྱོགས་པ་ནི། རླུང་གི་མཚན་ཉིད་ཡང་གཡོལ་བཏེགས་པའོ། །ཀུ་ཡ་སྤུ་དང་འདྲ་བར་ཤིན་ཏུ་ཕྲ་མོ་འབྱུང་བ་ནི། རླུང་ཉིད་རྫས་སུ་མ་གྲུབ་པའི་ཆ་ནས་སོ། །ཞེས་དང་། སྨྲ་བ་མཆོག་ཐོབ་ལས། རླུང་གི་ཆུ་ནི། ལུ་མའི་ཆུ་དང་འདྲ་བར་སྔོ་བ་ནི་རང་མདངས་སླ་བར་མཚན་ཉིད་མཚུངས་པ། ལྦུ་བ་ཆེ་བ་ནི་རླུང་གི་ཡང་གཡོས་བཏེགས་པའོ། །ཞེས་དང་། རབ་གསལ་སྒྲོན་མེ་ལས། རླུང་གི་ཆུར་ལྦུ་བ་ཆེ་ཞིང་མྱུར་དུ་ཡལ་བའི་རྒྱུ་མཚན་ནི། རླུང་གི་མཚན་ཉིད་ཟུར་དྲུག་པོའི་ཡ་གྱལ་ཡང་བའི་ཆ་འཕེལ་བས་ལྦུ་བ་བཏེགས་ནས་ཆེ་བ་དང་། གཡོ་བའི་ཆ་འཕེལ་བས་ལྦུ་བ་མི་བརྟན་པར་མྱུར་དུ་ཡལ་བའོ། །ཞེས་གསུངས་སོ། ། མཁྲིས་ནད་ཅན་གྱི་དྲི་ཆུའི་ཁ་དོག་སེར་བ་སོགས་འབྱུང་བའི་རྒྱུ་མཚན་རྟོགས་བྱེད་ཀྱི་མན་ངག་ནི། གནད་ཀྱི་ལྡེ་མིག་ལས། མཁྲིས་པའི་ནད་ཀྱི་དྲི་ཆུའི་ཁ་དོག་སེར་བ་ནི། མཁྲིས་པའི་རང་མདོག་སེར་བས་སམ་ཚ་བའི་རྟེན་སྣོད་མཁྲིས་པ་རྒྱས་པས་སོ། །ལྦུ་བ་ཕྲ་མོ་སངས་སྐྱེན་པ་ནི། མཁྲིས་པའི་མཚན་ཉིད་ཟུར་བདུན་གྱི་ཡ་གྱལ་ཚ་བའི་ཆ་འཕེལ་བས་སོ། །ཀུ་ཡ་བལ་འདབ་ཆུ་ལ་སྐྱུར་བར་འདྲ་བ་ནི། ཁྲག་མཁྲིས་ཀྱི་སྟོབས་རྒྱས་པས་རྟགས་སོ། །ཞེས་གསུངས་སོ། ། བད་ནད་ཅན་གྱི་དྲི་ཆུའི་ཁ་དོག་དཀར་བ་སོགས་འབྱུང་བའི་རྒྱུ་མཚན་རྟོགས་བྱེད་ཀྱི་མན་ངག་ནི། གནད་ཀྱི་ལྡེ་མིག་ལས། བད་ཀན་ནད་ཀྱི་དྲི་ཆུའི་ཁ་དོག་དཀར་བ་ནི། བད་ཀན་གྱི་རང་མདོག་དཀར་བས་སམ་བད་ནད་ཕལ་ཆེར་ཕོ་བའི་མེ་དྲོད་ཉམས་པ་ལས་བྱུང་ཞིང་དེའི་དབང་གིས་ཁྲག་མཁྲིས་ཀྱི་སྡོང་ཟླའི་གྲོགས་དང་བྲལ་བས་སོ། །ལྦུ་བ་མཆིལ་མ་འདྲ་བར་ལྦུ་ཆུང་དཀར་ཞིབ་འདབ་འབྲེལ་ཡལ་དཀའ་བ་ཅན་འབྱུང་བ་ནི། བད་ཀན་གྱི་མཚན་ཉིད་ལྕི་བ་དང་། བརྟན་པ། འབྱར་བག་གི་ཆ་རྣམས་འཕེལ་བས་སོ། །ཀུ་ཡ་སྤུ་རྩེ་འདྲ་བ་ནི། མེ་དྲོད་ཉམས་ཤིང་ཆུ་ཁམས་འཕེལ་བའི་རྟགས་སོ། །ཞེས་དང་། རབ་གསལ་སྒྲོན་མེ་ལས། བད་ཀན་ཆུ་ལ་ལྦུ་བ་མཆིལ་མ་འདྲ་བར་ལྦུ་སོབ་ཡལ་དཀའ་བ་ཅན་འབྱུང་བའི་རྒྱུ་མཚན་ནི། བད་ཀན་གྱི་མཚན་ཉིད་ཟུར་བདུན་པོའི་ཡ་གྱལ་ལྕི་བ་དང་། བརྟན་པའི་ཆ་འཕེལ་བས་ལྦུ་བ་ཡལ་དཀའ་བ་དང་། འབྱར་བག་གི་ཆ་འཕེལ་བས་ལྦུ་བ་ཕན་ཚུན་འདབ་འབྲེལ་ནས་འབྱར་བའོ། །ཞེས་གསུངས་སོ། ། ཚད་ནད་ཅན་གྱི་དྲི་ཆུའི་ཁ་དོག་དམར་སེར་སོགས་འབྱུང་བའི་རྒྱུ་མཚན་རྟོགས་བྱེད་ཀྱི་མན་ངག་ནི། གནད་ཀྱི་ལྡེ་མིག་ལས། ཚ་བའི་དྲི་ཆུའི་ཁ་དོག་དམར་སམ་སེར་བ་ནི། ཚ་བའི་རྟ་ཁྲག་རྒྱས་པའི་ཆ་ནས་ཁ་དོག་དམར་བ་དང་། ཚ་བའི་རྟེན་མཁྲིས་པ་རྒྱས་པའི་ཆ་ནས་ཁ་དོག་སེར་བའོ། །སྐ་ལ་དྲི་དུགས་པ་ནི། ལུས་ཀྱི་མེ་ཁམས་རྒྱས་པའི་ཆུ་ཁམས་བྲི་ནས་སྐ་བ་དང་། གནོད་བྱེད་ཚ་བ་རྒྱས་པས་གནོད་བྱ་ལུས་ཟུངས་འདྲུལ་བས་དྲི་དུགས་པའོ། །ཞེས་གསུངས་སོ། ། ཆུ་ལྡོག་པ་ནི། དང་པོའི་དུས་ཀྱི་ཆུའི་ཁ་དོག་དང་། གར་སླ། དྲི་མ་བཅས་གཞན་ཞིག་ཏུ་གྱུར་པ་ལ་བྱ་སྟེ། དྲང་སྲོང་ཞལ་ལུང་ལས། དང་པོ་བཏང་མ་ཐག་པར་མདོག་དམར་སེར་དྲི་དུགས་ནའང་རྗེས་ནས་ཇེ་དྭངས་དང་དྲི་ཆུང་བར་འགྱུར་བ་དང་། ཡང་དང་པོར་ཚན་དེའི་དུས་སུ་དྭངས་པ་ལ་རྗེས་ནས་རུལ་ཏེ་ཚིག་ཅན་དུ་འགྱུར་བ་ལྟ་བུ་དང་པོ་བཏང་མ་ཐག་པ་སོགས་ཚན་དེའི་དུས་ཀྱི་ཆུའི་མདོག་སོགས་ལས་འགྱུར་བ་ནི་ཆུ་ལྡོག་པ་ཞེས་བྱ་ལ། དང་པོ་ཅི་ལྟ་བ་ལས་ཅིའང་མི་འགྱུར་ན་ནི་མ་ལོག་པའོ། །ཞེས་གསུངས་སོ། །ཟླ་རྒྱལ་ལས། ཆུ་མདོག་སྔོ་ལ་ཀུ་ཡ་སྔོ། །བུད་མེད་སྦྲུམ་མ་དག་ཡིན་ནོ། །ཞེས་དང་། དུས་སུ་ལྡོག་པ་ནད་མེད་དེ། །མི་ལྡོག་པ་ནི་དུག་ཡོད་དམ། །ཡང་ན་ཉལ་པོ་དྲགས་པ་དང་། །ཆུ་སེར་ནག་པོ་མི་ལྡོག་གོ །ཞེས་དང་། རིན་ཆེན་སྤྲིན་གྱི་ལྡིང་ཁང་ལས། ལྡོག་པ་སྔ་ན་ཚ་བ་དང་། །ལྡོག་པ་ཕྱི་ན་གྲང་བའི་ནད། །དུས་སུ་ལྡོག་པ་ནད་མེད་རྟགས། །མི་ལྡོག་པ་ནི་དུག་ནད་དང་། །ཉལ་པོ་དྲགས་དང་སྦྲུམ་མའི་ཆུ། །ཆུ་སེར་ནག་པོ་བཅས་མི་ལྡོག ། ཅེས་གསུངས་སོ། ། ཚ་བ་བྱེར་དང་གྲང་བ་འབྱམས་པ་དང་། །གདོན་ཤས་ཆེ་བའི་ཆུ་གསུམ་ལྡོག་མི་འགྱུར། །ཞེས་པའི་ རྒྱུ་མཚན་རྟོགས་བྱེད་ཀྱི་མན་ངག་ནི། ལག་ལེན་གསལ་བྱེད་ལས། ཚ་བ་བྱེར་བ་གྲང་བའི་གནས་སུ་སླེབ་པ་དང་། གྲང་བ་དྲོད་ཀྱིས་མ་ཆོད་པར་འབྱམས་པ་དང་། གདོན་ཤས་ཆེ་བ་བླ་ཚེ་དྲོད་ཉམས་པའི་ཆུ་འདི་གསུམ་ནི་ལྡོག་པར་མི་འགྱུར་ཏེ། ཆུ་ལྡོག་པ་གང་ཞིག་དྲོད་ཀྱི་ཁམས་ཉམས་པ་ནས་གཞན་དུ་འགྱུར་བ་སྟེ། འདི་གསུམ་ལ་དྲོད་ཀྱི་ཁམས་བག་ལ་ཞ་བ་ལྟར་གནས་པའོ། ། ཞེས་གསུངས་སོ། ། ལུ་མའི་ཆུ་ནི། དབྱར་བསིལ་ཞིང་དགུན་དྲོ་བའི་མཚན་ཉིད་ལྡན་པའི་ས་གཏིང་རིང་ནས་འབབ་པའི་ཆུ་མིག་ལ་བྱ་སྟེ། འདི་ཉིད་ཀརྨ་པ་རང་བྱུང་རྡོ་རྗེ་དང་། དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་རང་བྱུང་གི་ཡན་ལག་བརྒྱད་ལྡན་དུ་བཞག་པར་སྣང་ངོ་། ། རྒྱ་བཤལ་ནི། རྒྱ་སྐྱེགས་བཞུས་པའི་སྣོད་ཆུས་བཤལ་བའི་ཁུ་བ་ལྟར་ཆུ་མདོག་དམར་སྨུག་དྭངས་པ་ཅན་ནོ། ། མར་ནག་ནི། ཡུངས་ཀར་ནག་གི་འབྲས་བུ་བཙིར་བ་ལས་བྱུང་བའི་སྣུམ་ལ་བྱའོ། ། དུགས་ཀྱི་གོ་དོན་ནི། དེལ་དམར་པའི་ཉེར་མཁོའི་དོན་གསལ་ལས། དུགས་ནི་འཕྲལ་ཟུག་འཇོམས་བྱེད་པའི། །ནད་སྟེང་བདུག་བྱའི་གཉེན་པོ་དང་། །དྲི་ངན་སྣ་སྒོར་ཕོག་པ་དང་། །ཁ་དོག་སྨུག་ནག་རྣམས་ལ་འཇུག །ཅེས་གསུངས་པ་ལྟར་དོན་གསུམ་ལ་འཇུག་སྟེ། དང་པོ། བསིལ་དུགས་དང་། དྲོད་དུགས་ལྟ་བུའི་སྐབས་སུ་དུགས་ནི། ནད་དམིགས་སྟེང་དུ་བདུག་བྱའི་གཉེན་པོའི་རྫས་ལ་གོ་དགོས་སོ། །གཉིས་པ། དྲི་མ་དུགས་ལ་ཞེས་པ་ལྟ་བུའི་སྐབས་སུ་དུགས་ནི། སྣ་སྒོར་དྲི་མ་ངན་པ་མནམ་པའི་དོན་ལ་གོ་དགོས་སོ། །གསུམ་པ། སྨུག་ལ་དུགས་ན་ཞེས་པ་ལྟ་བུའི་སྐབས་སུ་དུགས་ནི། ཁ་དོག་སྨུག་ལ་ནག་ཤས་ཅན་གྱི་དོན་ལ་འཇུག་པས་སྐབས་ཐོབ་ཤེས་དགོས་སོ། ། དུག་ནད་ཅན་གྱི་དྲི་ཆུའི་ཁ་དོག་ནག་པོ་དང་། འཇའ་ཚོན་ལྟ་བུའི་ཚོན་མདོག་འདྲེས་པར་འབྱུང་བའི་རྒྱུ་མཚན་ནི། གོང་སྨན་པའི་ཆུའི་སྟོང་ཐུན་ལས། སྦྱར་བའི་དུག་ལ་མང་ཡོད་ཀྱང་། ཕལ་ཆེར་རིན་ཆེན་སྦྱོར་བར་མང་། །རིན་ཆེན་གཡའ་དུག་སྨིན་པའི་ཚེ། །ལུས་ཟུངས་དྲི་མ་ནག་པོར་འགྱུར། །ཡང་ན་འཇའ་ཚོན་དང་འདྲ་བའི། །ཁ་དོག་དུ་མ་འདྲེས་པའང་འབྱུང་། །ཞེས་གསུངས་སོ། ། དཀུ་ནི། ༡ མངལ་གྱི་མིང་གི་རྣམ་གྲངས་སོ། །༢ དཔྱིའི་སྟ་ཟུར་གྱི་མིང་གི་རྣམ་གྲངས་སོ། ། ༣ མིག་ནས་མཆི་མ་འཛགས་པའི་དོན་ནོ། །༤ ཞེན་པ་ལོག་པའི་དྲི་ངན་སྣ་སྒོར་མནམ་པའི་དོན་བཅས་ལ་འཇུག་པས་སྐབས་ཐོབ་ཤེས་དགོས་ཏེ། དང་པོ་ནི། དེ་ཡང་གཡས་ལོག་ལ་བརྟེན་དཀུ་གཡས་མཐོ། །ཞེས་པ་ལྟ་བུའོ། ། གཉིས་པ་ནི། རྫའི་རྫོང་འཕྲང་ལས། དཀུའི་རུས་པ་ནི། དཔྱིའི་སྟ་ཟུར་རོ། །ཞེས་པ་ལྟ་བུའོ། །གསུམ་པ་ནི། རྒྱལ་མཆོག་ལྔ་པ་ཆེན་པོས། སྔོན་བྱོན་མཁས་པའི་ལེགས་བཤད་ཡིད་བཞིན་ནོར། །ལམ་ཁའི་རྡོ་བ་ལྟ་བུར་དོར་བྱས་ནས། །དེང་དུས་ཆེར་རློམ་ངག་སྒྲོས་མཆིང་བུ་ལ། །རིན་ཐང་གཞལ་བའི་ཚུལ་དེས་མཆི་མ་དཀུ། ། ཞེས་པ་ལྟ་བུའོ། །བཞི་པ་ནི། དྲི་མ་དུགས་ལ་དཀུ་ན་ཚ་བ་ཆེ། །ཞེས་པ་ལྟ་བུའོ། ། བྱེར་བའི་ནད་ནི། རླུང་གིས་ལུས་ཀྱི་གནས་ཀུན་ཏུ་ཁྱབ་པར་གཏོར་བའི་ནད་ལ་བྱ་སྟེ། རྒྱུད་ལས། དེ་ལྟར་བྱེར་ཀུན་སྣ་ཁྲིད་རླུང་གིས་བྱེད། །རྩ་མིག་ཀུན་ཏུ་ཞུགས་ནས་ལུས་ཀུན་ཁྱབ། །བྱེར་བ་མ་བསྡུས་གཉེན་པོ་བསྟེན་བྱས་ཀྱང་། །རི་དྭགས་ཐང་འདེད་འདྲ་སྟེ་གསོད་མི་འགྱུར། །འདི་ལ་ཐང་དང་ཕྱེ་མ་ཟས་སྤྱོད་ཀྱིས། །རླུང་གཞིལ་ནད་དེ་ཁོང་དུ་བསྡུས་བྱས་ནས། །གཉེན་པོ་བསྟེན་ན་མེ་སྟེང་ཆུ་བླུག་འདྲ། །ཞེས་གསུངས་པས་སོ། ། ཀུ་ཡ་ཆུའི་སྟེང་འོག་བར་གསུམ་གྱི་གནས་སྟངས་ལ་བལྟོས་ནས་ལུས་ཀྱི་སྟེང་འོག་བར་གསུམ་གྱི་ནད་ངོས་འཛིན་བྱེད་ཐབས་ཀྱི་མན་ངག་ནི། ཟླ་བའི་རྒྱལ་པོ་ལས། ཀུ་ཡ་ཆུ་ཁར་སྤྲིན་འདྲ་བ། །གློ་དང་སྙིང་ལ་ནད་ཡོད་དེ། །བར་དུ་བྱུང་ན་རླངས་པ་འདྲ། །མཆིན་པ་དང་ནི་མཆིན་དྲི་དང་། །མཁྲིས་པ་ཕོ་བ་མཆེར་པ་དང་། །བར་གྱི་ནད་དེ་ཀུན་ཏུ་འོ། །ཞབས་སུ་བྱུང་བ་སྙིགས་མ་སྟེ། །མཁལ་མ་ཆུ་སོ་རྒྱུ་ལོང་དང་། །ལྒང་ཕུག་དག་ལ་ནད་ཡོད་པའོ། ཁ་ཞབས་ཀུན་ཏུ་ཁྱབ་པས་ན། །སྙོམས་པས་ནད་མེད་འདུས་པའོ། །ཞེས་དང་། ཆུ་མདོག་སྔོ་ལ་ཀུ་ཡ་སྔོ། །བུད་མེད་སྦྲུམ་མ་དག་ཡིན་ནོ། །ཞེས་དང་། བེ་བུམ་ནག་པོ་ལས། ཀུ་ཡ་ཁ་རུ་བྱུང་བ་ན། །མགོ་དང་རོ་སྟོད་ན་བ་ཡིན། །བར་དུ་བྱུང་ན་ཕོ་མཆིན་ན། །ཞབས་སུ་བྱུང་ན་རྒྱུ་ལོང་ན། །ཞེས་གསུངས་སོ། ། ཞོ་ཤི་ནི། ཞོ་རུལ་བར་གྱུར་པའི་དོན་ནོ། ། ཆུ་སྐ་ན་ཚ་བའི་ནད་དང་། སླ་ན་གྲང་བའི་ནད་ཡིན་པའི་རྒྱུ་མཚན་ནི། ལུས་ལ་ཚ་བ་རྒྱས་པའི་ཚེ་ཆུ་ཁམས་བྲི་བས་དྲི་ཆུ་སྐ་བར་གྱུར་པ་དང་། ལུས་ལ་གྲང་བ་རྒྱས་པའི་ཚེ་དྲོད་ཁམས་ཉམས་པས་དྲི་ཆུ་སླ་བ་ཡིན་ཏེ། ལག་ལེན་གསལ་བྱེད་ལས། སྐ་ན་ཚ་བ་ཡིན་ཏེ་མེ་ཁམས་དྲོད་ཀྱིས་ཆུ་བཅད་པས་སོ། །སླ་ན་གྲང་བ་ཡིན་ཏེ་ཆུ་ཁམས་བསིལ་འཕེལ་བས་སོ། །ཞེས་གསུངས་སོ། ། ལྟར་སྣང་ཚ་ནི། ནད་ཀྱི་ངོ་བོ་གྲང་བ་ཡིན་པ་ལ་ལྟར་སྣང་གི་རྟགས་ཚ་བ་ལྟར་སྟོན་པ་ལ་བྱའོ། ། ལྟར་སྣང་གྲང་ནི། ནད་ཀྱི་ངོ་བོ་ཚ་བ་ཡིན་པ་ལ་ལྟར་སྣང་གི་རྟགས་ཚ་བ་ལྟར་སྟོན་པ་ལ་བྱའོ། ། ཚ་བ་ཁོང་ཤོར་ནི། ཚ་བ་དོན་སྣོད་ལ་ཤོར་བའི་དོན་ནོ། ། གྲང་བ་འབྱམས་ནི། གྲང་བ་རྒྱ་ཆེ་རུ་ཕྱིན་ཏེ་ལུས་ཟུངས་ལ་ཞེན་པར་གྱུར་པའི་དོན་ནོ། ། ལར་ན་ནི། སྤྱི་ཡི་བརྡ་རྙིང་ངོ་། ། ཆུའི་འཁྲུལ་སོ་བསལ་ཐབས་ཀྱི་མན་ངག་ནི། བྱང་པ་རིགས་ལྡན་ཆེན་པོས། སྟོངས་ཚད་ཆུ་མདོག་དམར་ལ་དྭངས་པ་དང་། །ཁྲག་ཚད་དམར་ལ་རྙོགས་པ་གཉིས་ཡོད་དེ། །ཁ་དོག་དམར་བའི་ཆ་ནས་འཁྲུལ་སོ་ཡོད། །བད་ཀན་སྨུག་པོ་སྨུག་ལ་དུགས་པ་དང་། །ཆུ་སེར་ཆུ་ནི་སྨུག་ལ་དྭངས་པ་གཉིས། །སྨུག་པའི་ཆ་ནས་ཆུ་ལ་འཁྲུལ་སོ་ཡོད། །མཁལ་མ་རྙོགས་ཤིང་མཆིན་པ་དྭངས་པ་དང་། །མཆེར་པ་ཅུང་ཟད་སྨུག་དམར་ཆ་ནས་འཁྲུལ། །གབ་ཚད་རླུང་གིས་མགོ་གཡོགས་སྔོ་བ་དང་། །བད་རླུང་གྲང་བས་ཆུ་མདོག་སྔོ་བ་གཉིས། །ཁ་དོག་སྔོ་བའི་ཆ་ནས་འཁྲུལ་སོ་ཡོད། །འོན་ཀྱང་གབ་ཚད་ཀུ་ལྡན་བད་རླུང་མེད། །ཅེས་དང་། ལག་ལེན་གསལ་བྱེད་ལས། སྟོངས་ཚད་དམར་ཡང་དྭངས་ལ་ལྦུ་བ་ཆེ། །ཁྲག་ཚད་དམར་ཡང་སྐ་དུགས་ཀུ་ཡ་འདྲིལ། །བད་ཀན་སྨུག་པོ་སྨུག་ཀྱང་རྙོགས་ལ་དུགས། །ཆུ་སེར་སྨུག་ཀྱང་རྒྱ་བཤལ་དྭངས་པ་འོ། །མཆིན་ཚད་དམར་རྙོགས་མཆེར་ཚད་དམར་ལ་སྨུག །མཁལ་ཚད་ཁྲག་འདྲ་མཚལ་ཞབས་གཏིང་དུ་ཉིག །གབ་ཚད་སྔོ་ཡང་སྐ་ལ་ཀུ་ཡ་མཐུག །གྲང་བ་སྔོ་ཡང་སླ་ལ་ཀུ་ཡ་སྲབ། །ཅེས་དང་། གཞན་ཡང་རྗེ་བཙུན་ཟུར་མཁར་བས། མན་ངག་ཏུ་ནི། ཆུ་མདོག་དམར་སེར་དུ་འདུག་ཀྱང་ཀུ་ཡ་མེད་ཅིང་། དྲི་དང་རོ་ཆུང་བའམ་མེད་པ་ལ་སེན་མོ་སྣུམ་མེད་ཀྱི་སྟེང་དུ་ཐིགས་པ་གཅིག་བླུགས་པས་ཆལ་གྱིས་འགྲོ་ན་ཕྱི་རྟགས་ཚ་ལ་ངོ་བོ་གྲང་བའོ། །ཡང་ཁ་དོག་དཀར་རམ་སྔོ་ཡང་ཀུ་ཡ་མཐུག་ཅིང་དྲི་དང་རོ་བཟང་། ལྦུ་བ་སངས་སླ། སེན་མོའི་སྟེང་དུ་སྲན་མ་ལྟར་འདྲིལ་ན་རྟགས་གྲང་ཡང་ངོ་བོ་ཚ་བའོ། ། ཁ་དོག་ཇི་ལྟར་འདུག་ཀྱང་རོ་ཚ་སྐྱུར་ཚ་བསྐ་གང་འདུག་ཚ་ཆུ། ཁ་དོག་ཇི་ལྟར་འདུག་ཀྱང་རོ་མངར་བའམ་མེད་ན་གྲང་ཆུ། དཀྲུགས་པའི་ལྦུ་བ་ཞི་ཚེ་ཚེག་སྒྲ་དང་བཅས་ན་ཚ་ཆུ། ཚེག་སྒྲ་མེད་དམ་ཆུང་ན་གྲང་ཆུ་ཡིན། གསང་བའི་རྟགས་བསླུ་བ་མེད་པའོ། །ཞེས་གསུངས་སོ། ། ཚོགས་པ་ཆད་འདྲའི་གོ་དོན་ནི། གནད་ཀྱི་ལྡེ་མིག་ལས། ཚོགས་པ་ནི། སྔོ་ཚོད་དོ། །སྔར་གྱི་དཔེ་རྙིང་དུ་ཚོད་པ་ཞེས་འབྱུང་བ་དོན་གཅིག་གོ །ཞེས་དང་། རབ་གསལ་སྒྲོན་མེ་ལས། ཚོགས་པ་ཆད་འདྲ་ནི། སྔོ་ཚོད་ཁུ་དྭངས་འབྱེད་པ་དང་འདྲ་བ་ཆུ་སྔོན་ཁུ་ཚིགས་དྭངས་སྙིགས་བྱེ་ཞིང་སྙིགས་མ་དུམ་བུ་སོ་སོར་ཆད་པ་ཅན་ནོ། །ཞེས་གསུངས་སོ། །གཞན་དུ་ལག་ལེན་གསལ་བྱེད་ལས། ཤ་གསར་གྲིས་འཐག་བྱས་པ་ཆུ་དང་སྦྱར་བའི་ཐུག་པ་ལ་ཚོགས་པ་ཞེས་བྱ། ཞེས་གསུངས་ཀྱང་བརྟག་བྱའི་གནས་སོ། ། ཆུ་རྩ་ཆད་འདྲའི་གོ་དོན་ནི། ཆུ་རྩ་བསྐོལ་བའི་ཁུ་བ་རུལ་བ་ལྟར་ཆུ་མདོག་སེར་རུལ་ཅན་ལ་བྱའོ། ། མཚལ་ཆད་འདྲ་ནི། རྒྱ་མཚལ་བསྐོལ་བའི་ཁུ་བ་རུལ་བ་ལྟར་ཆུ་མདོག་དམར་རུལ་ཅན་ལ་བྱའོ། ། འོ་མ་ཤི་འདྲ་ནི། འོ་མ་རུལ་བ་ལྟར་ཆུ་མདོག་སྐྱ་རུལ་ཅན་ལ་བྱའོ། ། སྣག་ཚ་ཆད་པ་འདྲ་ནི། སྣག་ཚ་བཞུས་པའི་ཁུ་བ་རུལ་བ་ལྟར་ཆུ་མདོག་ནག་རུལ་ཅན་ལ་བྱའོ། ། གདོན་ཆུ་ནི། ལག་ལེན་གསལ་བྱེད་ལས། གདོན་ཞེས་པ་དེའི་མཐུ་ནུས་དེ་ལ་གདོན་ནམ་འདོན་པས་གདོན་ཞེས་བྱ་སྟེ། བྱེད་པའི་མིང་བདག་པོ་ལ་བཏཊ་པ་ཡིན་ལ། དེའི་རྟཊ་ཆུ་ལ་འཆར་བས་གདོན་ཆུའོ། ། ཞེས་གསུངས་སོ། ། གདོན་ཆུ་གང་ནས་བཏང་བའི་ངོས་དེ་ཤར་དུ་བརྩི་དགོས་པའི་རྒྱུ་མཚན་ནི། ཟླ་བའི་རྒྱལ་པོ་ལས། གང་དུ་བཏང་བ་ཤར་གྱི་ཕྱོགས། །སྐྱེས་པ་ཕོ་ལ་བརྟག་པར་བྱ། །བུད་མེད་ནུབ་ཀྱི་ཕྱོགས་སུ་བརྟག །ཆུ་ནི་ཁ་སྦུབས་གན་རྐྱལ་ལོ། །ཞེས་སྐྱེས་པར་མོ་སྦལ་གྱི་རྣམ་པའི་ཆུ་གན་རྐྱལ་དང་། བུད་མེད་ལ་ཕོ་སྦལ་གྱི་རྣམ་པའི་ཆུ་ཁ་སྦུབས་སུ་བརྩི་དགོས་པར་གསུངས་ཤིང་། རྒྱུད་དུ་ཕོ་གཙོ་ཆེ་བའི་དབང་དུ་བྱས་ནས་དངོས་བསྟན་ཕོ་བྱས་པ་དང་། ཤུགས་སུ་མོ་ལ་གོ་ལྡོག་ཏུ་ཤེས་དགོས་པར་གསུངས་སོ། དེ་བཞིན་དྲི་ཆུ་གང་དུ་བཏང་བ་ཤར་གྱི་ཕྱོགས་སུ་བཞག་དགོས་པའི་རྒྱུ་མཚན་ནི། ཕྱོགས་ཀྱི་དང་པོ་ཤར་ཡིན་པ་ལ་བལྟོས་ནས་གསུངས་པ་ཡིན་ཏེ། ལག་ལེན་གསལ་བྱེད་ལས། གང་ནས་བཏང་བའི་ངོས་དེ་ཤར་དུ་བརྩི་བ་ནི། ཕྱོགས་ཀྱི་ཐོག་མར་ཤར་ཡིན་པས་སོ། །ཞེས་གསུངས་སོ། ། བརྩི་བྱ་རུས་སྦལ་གྱི་གློ་གཡས་ཤར་ཤིང་ཁམས་དང་། གཡོན་ལྷོ་ལྕགས་ཁམས། མགོ་བོ་ནུབ་མེ་ཁམས། མཇུག་མ་བྱང་ཆུ་ཁམས། ཡན་ལག་མཚམས་བཞི་ས་ཁམས་སུ་བཞག་པའི་རྒྱུ་མཚན་ནི། བཻ་ཌཱུར་དཀར་པོ་ལས། ཏིང་འཛིན་རལ་གྲི་རྣོན་པོ་ཡིས། །རྩིབ་ལོགས་གཡས་ནས་བསྣུན་པ་ཡིས། །གྲི་རྩེ་ནུབ་ཏུ་ཐོན་པ་དང་། །སོ་ཡི་རུས་ལས་ནུབ་ཕྱོགས་ལྕགས། །ཡུ་བ་ཤར་དུ་ལུས་པ་དང་། །བ་སྤུ་ཤར་ཕྱོགས་འབྱུང་བ་ཤིང་། ཁ་ནས་དྭངས་པའི་རླངས་དྲོད་དེ། །ལྷོ་ཕྱོགས་འབྱུང་བ་མེ་རུ་སྲིད། །བྲེད་པའི་དྲི་ཆུ་བོར་བ་ཡིས། །བྱང་ཕྱོགས་ཆུ་ཡི་འབྱུང་བ་གྲུབ། །པགས་པ་ཡན་ལག་མཚམས་བོར་ས། །ཞེས་དང་། དོན་གསལ་སྒྲོན་མེ་ལས། དེ་ཡང་ནག་རྩིས་ཀྱི་བརྡ་ཆད་ལས། རྒྱ་མཚོའི་དབུས་སུ་འཇམ་དཔལ་གྱི་སྤྲུལ་པ་གསེར་གྱི་རུས་སྦལ་ཞིག་བྱུང་སྟེ། དེ་ཡང་འཇམ་དཔལ་གྱིས་རྩིས་གཞིའི་དོན་དུ་གྲི་ཤིང་ཡུ་བ་གཅིག་གཡས་ནས་རྒྱབ་པས་གཡོན་དུ་ཐོན་ཏེ་གན་རྐྱལ་དུ་འགྱེལ་བ་ལས་གྲིའི་ཡུ་བ་ཤར་དུ་ཤིང་། རུས་སྦལ་གྱི་ཁ་ནས་མེ་བྱུང་བས་ལྷོ་རུ་མེ། གྲི་རྩེ་གློ་གཡོན་དུ་ཐོན་པས་ནུབ་ཏུ་ལྕགས། དེའི་མཚན་མ་ལས་ཆུ་བྱུང་བས་བྱང་དུ་ཆུ། མཚམས་བཞིར་ཡན་ལག་བཞིས་ཟུག་མ་བཟོད་པར་བྲད་པས་མཚམས་བཞི་ས་བྱུང་བ་ཡིན་ཟེར་བ་སྣང་། ཞེས་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། མཁྱེན་རབ་དབང་ཕྱུག་འཇམ་དཔལ་གྱིས། །ཀུན་རྫོབ་རྩིས་ཀྱི་གཞུང་བསྟན་སྐབས། །མ་ཧཱ་གསེར་གྱི་རུས་སྦལ་ལ། །ཏིང་འཛིན་རལ་གྲི་བསྣུན་པའི་ཚེ། །གྲི་རྩེ་ནུབ་ཏུ་ཐོན་པ་ལས། །ནུབ་ཕྱོགས་འབྱུང་བ་ལྕགས་སུ་བཞག །གྲི་ཡུ་ཤིང་དེ་ཤར་ལུས་པས། །ཤར་ཕྱོགས་འབྱུང་བ་ཤིང་དུ་བཞག །ཁ་ནས་རྨས་ཁྲག་འཛགས་པ་ལས། །ལྷོ་ཕྱོགས་འབྱུང་བ་མེ་རུ་བཞག །བྲེད་ནས་དྲི་ཆུ་འཆོར་བ་ལས། །བྱང་ཕྱོགས་ཆུ་ཡི་ཁམས་སུ་བཞག །སྡེར་བཞིས་ས་ལ་འབྲད་པ་ཡིས། ། མཚམས་བཞི་འབྱུང་བ་ས་རུ་བཞག །ཅེས་གསུངས་སོ། ། རུས་སྦལ་གྱི་མགོ་བོ་ལྷོར་བསྟན་པ་དང་། ཁ་གྱེན་དུ་བལྟ་བ། ལུས་གན་རྐྱལ་དུ་གནས་པའི་རྒྱུ་མཚན་ནི། བཻ་ཌཱུར་དཀར་པོ་ལས། སྤྲུལ་པའི་སྐུ་མཆོག་ལྷོ་གླིང་དུ། །འབྱུང་བར་དགོངས་ནས་མགོ་ལྷོར་བསྟན། །ཆགས་ཞེན་སྐྱོན་གྱིས་མ་གོས་ཕྱིར། །པདྨའི་གདན་དུ་གནས་པ་དང་། །འཁོར་བའི་ཁ་ལོ་གྱེན་འདྲེན་ཕྱིར། །ཁ་ནི་གྱེན་དུ་བལྟ་བ་སྟེ། །ནམ་མཁའ་བར་སྣང་བསྟན་པ་དང་། །འཁོར་བར་རྒྱབ་ཀྱིས་ཕྱོགས་རྟགས་སུ། །གན་རྐྱལ་དག་ཏུ་གནས་པ་ཡིན། །ཞེས་དང་། རིན་ཆེན་ཀུན་བཏུས་ལས། འཇིག་རྟེན་སྲིད་པའི་གཙུག་ལག་འདི། །རྩ་བ་རུས་སྦལ་ཆེན་པོ་སྟེ། །དེ་ཡང་གན་རྐྱལ་དག་ཏུ་གནས། །མགོ་བོ་ལྷོར་བསྟན་མཇུག་མ་བྱང་། །གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་མཚམས་བཞིར་བརྐྱང་ནས་གནས། །དེ་ལ་སྤར་སྨེ་ལོ་འགྲོས་སོགས། །འཆད་པའི་རིམ་པ་བསྟན་པ་ནི། །ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ། །ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ། །མཚམས་བཞི་ས་རུ་ཤེས་པར་བྱ། །ཞེས་གསུངས་སོ། ། ལིང་ཚེ་ནི། གྲུ་བཞིར་བཅད་པའི་རེའུ་མིག་གོ ། གཟུགས་བརྙན་ནི། སྙིང་པོ་བསྡུས་པ་ལས། ཉི་མ་མེ་ལོང་ཆུ་སོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པ་སྣང་གྱུར་པ། །གཟུགས་བརྙན་ཞེས་ནི་དེ་ལ་བཤད། །ཅེས་དང་། ཟླ་ཟེར་ལས། གང་གི་ལུས་ཉི་མ་དང་། མེ་ལོང་དང་། ཆུ་ལ་སོགས་པ་ལུས་ཀྱི་དབྱིབས་དང་ཚད་ཀྱི་རྣམ་པ་གཟུགས་བརྙན་གྱི་གཟུགས་ཅན་དུ་འབྱུང་བར་འགྱུར་བ་ལ་ནི་གཟུགས་བརྙན་ཞེས་བྱའོ། །ཞེས་གསུངས་སོ། ། ཉ་མིག་ནི། རབ་གསལ་སྒྲོན་མེ་ལས། ཉ་མིག་ནི། ལྦུ་བ་སྲན་རིལ་ཙམ་ནས་ཡུངས་ཀར་གྱི་འབྲུ་ཙམ་བར་ཆེ་ཆུང་སྣ་ཚོགས་འབྱུང་བ་ཅན་ཆུའི་ནང་ཕྱེད་ཙམ་ནུབ་ཅིང་ཡལ་དཀའ་བ་ཞིག་གོ །ཞེས་གསུངས་སོ། ། བསྟེན་པའི་ལྷ་སྲུང་ནི། སྔར་རང་ཉིད་ཀྱིས་བསྟེན་ཅིང་ཅིང་མཆོད་པའི་ལྷ་དང་སྲུང་མ་ལ་བྱའོ། ། སྲིད་པའི་སྤྱི་འདྲེ་ནི། ལག་ལེན་གསལ་བྱེད་ལས། སྲིད་པའི་སྤྱི་འདྲེ་སྟེ། འབྱུང་བ་ལྔ་ལ་ཐོག་མར་ནས་གནས་པ་དང་། སྡེ་བརྒྱད་ཀྱིས་བསྡུས་པ་གནོད། ཅེས་གསུངས་སོ། ། བཙན་ནི། ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་དམར་པོ་བཙན་གྱི་སྡེ་སྟེ་བཙན་རོལ་པ་རྐྱ་བདུན་དང་། བཙན་རྒོད་ཡམ་ཤུད་དམར་པོ་ལྟ་བུའོ། ། རིག་འཛིན་ནི། ལག་ལེན་གསལ་བྱེད་ལས། རིག་འཛིན་ཞེས་པ། ལྷའི་རིགས་ལས་བྱུང་བ་སྔགས་ཀྱི་དམོད་པ་གྲུབ་པའི་རིག་འཛིན། ཞེས་དང་། རྡོ་རྗེའི་མདུད་འགྲོལ་ལས། རིགས་འཛིན་ཏེ། གྲུབ་པའི་གདོན། ཞེས་དང་། བཻ་ཌཱུར་སྔོན་པོ་ལས། རིགས་འཛིན་ཏེ་རིགས་བརྒྱུད་ཀྱིས་བསྟེན་ཅིང་ལྷར་འཛིན་པ། འགའ་ཞིག་གྲུབ་པའི་གདོན་གནོད་པར་འདོད། ཅེས་དང་། དྲང་སྲོང་ཞལ་ལུང་ལས། རིག་འཛིན་ནི། ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་རིག་འཛིན་རྒྱལ་པོ་གདོན་གྱི་བདག་ཅེས་པ་དེའོ། །ཞེས་གསུངས་པ་ལྟར་ཕྱི་མ་ལ་ངོས་འཛིན་ན་ལེགས་ཤིང་ཡང་འཇུག་ས་ཡོད་པའང་མ་དག་པ་ཡིན་ནོ། ། ནག་སྨུག་ནི། མ་མོའི་ཚོགས་ཀྱི་མིང་སྟེ། དྲང་སྲོང་ཞལ་ལུང་ལས། ནག་སྨུག་ནི། རྒྱལ་པོ་དང་ཐེའུ་རང་བསྡོངས་པ་སོགས་ལ་ངོས་འཛིན་པ་སྣང་ཡང་། མ་མོའི་རྒྱུད་ལུང་རྣམས་སུ་ཨེ་ཀ་སྡི་ཊི་སོགས་སྨུག་མོའི་ཚོགས་དང་། རེ་མ་ཏི་སོགས་ནག་མོའི་ཚོགས་ལ་ནག་སྨུག་ཅེས་བརྡ་མཛད་པས་ན། འདིར་ཡང་དེ་བཞིན་མ་མོའི་ཚོགས་ཀྱིས་གནོད་པ་ལ་ངོས་འཛིན་པ་ལེགས་སོ། །ཞེས་གསུངས་སོ། ། བ་དན་ནི། རུ་དར་གྱི་མིང་ཡིན་ཞིང་དེ་ཡང་འཕན་འགོ་གྲུ་བཞིར་བཞེད་པ་ཞིག་དང་། འཕན་འགོ་གྲུ་གསུམ་ལ་བཞེད་པ་ཞིག་གཉིས་མཆིས་ཏེ། དྲང་སྲོང་ཞལ་ལུང་ལས། བ་དན་ཕྱར་བ་སྟེ་གྲུ་བཞི་ལ་དར་ལྕེ་ཡོད་པ་ལྟ་བུ། ཞེས་དང་། བཻཌཱུར་སྔོན་པོ་ལས། བ་དན་ཏེ་འཕན་འགོ་གྲུ་གསུམ་པ་ལྕེ་དང་བཅས་པ། ཞེས་གསུངས་པས་སོ། ། མགོན་པོ་ནི། ཡེ་ཤེས་ཀྱི་ལྷ་མགོན་པོ་དང་། འཇིག་རྟེན་གྱི་ལྷ་མགོན་པོ་གཉིས་སོ། སྔ་མ་ནི། སྤྱན་རས་གཟིགས་དྲག་ཏུ་ཁྲོས་པའི་སྐུ་མགོན་པོ་ཕྱག་བཞི་པ་དང་། ཕྱག་དྲུག་པ་ལྟ་བུའོ། །ཕྱི་མ་ནི། ལྷའི་མགོན་པོ་གུང་ལང་དབང་ཕྱུག་དང་། བཙན་གྱི་མགོན་པོ་བེག་ཙེ་ལྟ་བུའོ། ། ལྷ་མོ་ནི། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་དང་ཐུགས་རྒྱུད་གཅིག་པའི་མ་གཅིག་དཔལ་ལྡན་ལྷ་མོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། གནད་ཀྱི་ལྡེ་མིག་ལས། ལྷ་མོ་ནི། མ་གཅིག་དཔལ་ལྡན་ལྷ་མོའོ། །ཞེས་གསུངས་སོ། ། ཕོ་ལྷ་ནི། སྐྱེས་པ་ཕོ་ལ་སྡོང་གྲོགས་བྱེད་ཅིང་རིགས་བརྒྱུད་བུ་སྤེལ་བར་བྱེད་པའི་ལྷན་ཅིག་སྐྱེས་པའི་ལྷ་ལྔའི་ཡ་གྱལ་ཞིག་སྟེ། བཻ་ཌཱུར་དཀར་པོ་ལས། ཕོ་ལྷ་མོ་ལྷ་ཞང་ལྷ་དང་། །སྲོག་ལྷ་དགྲ་ལྷ་གྲོགས་ལྷ་ལྔ་པོ་ནི། །ལྷན་ཅིག་སྐྱེས་པའི་ལྷ་ལྔ་ཡིན། །ཞེས་དང་། ཕོ་ལྷས་ཕོ་འཕེལ་རིགས་བརྒྱུད་མང་། །མོ་ལྷས་སྲིད་འཕེལ་མོ་གཡང་ཆེ། །ཞང་ལྷས་མིས་བྱམས་ཕྱ་གཡང་ཕྱུག །དགྲ་ལྷས་ནོར་ཆེ་དགྲ་བོ་ཉུང་། །སྲོག་ལྷས་ཚེ་རིང་སྲོག་ཀྱང་བརྟན། ། ཞེས་གསུངས་པས་སོ། ། ར་སྐྱེས་ནི། ར་ཐུག་པོའོ། ། དགྲ་ལྷ་ནི། ལྷན་ཅིག་སྐྱེས་པའི་ལྷ་ལྔའི་ཡ་གྱལ་དགྲ་ཕྱོགས་དང་གཡུལ་འགྱེད་པའི་ཚེ་དགྲ་ཕྱོགས་འཇོམས་ཤིང་རང་ཕྱོགས་སྐྱོབ་པར་བྱེད་པའི་ལྷའོ། ། ཡུལ་ལྷ་ནི། སྐྱོབ་པའི་ལྷ་ལྔའི་ཡ་གྱལ་རང་ཉིད་སྐྱེ་སའི་ཡུལ་དུ་གནས་པའི་ལྷའི་མིང་སྟེ། བཻ་ཌཱུར་དཀར་པོ་ལས། སྲིད་ལྷ་ནོར་ལྷ་ཡུལ་ལྷ་དང་། །བཙན་ལྷ་རྒན་ལྷ་ལྔ་པོ་ནི། །དེ་ལྔ་སྐྱོབ་པའི་ལྷ་ལྔ་ཡིན། །ཞེས་དང་། བཙན་ལྷས་དཔལ་འདུ་བུ་ཡང་འཕེལ། །རྒན་ལྷས་ཚེ་ལ་ཧུར་ཐུམ་མེད། །སྲིད་ལྷས་བཙན་ཐུབ་ཤི་ཆད་ཉུང་། ། ནོར་ལྷས་ནོར་གྱི་རྨ་གཡང་ཆགས། །ཡུལ་ལྷས་ཁ་དོག་རྩལ་ཡང་ཆེ། །ཞེས་གསུངས་སོ། ། མ་ལྷ་ནི། ཟ་མ་མོ་ལ་འགོ་ཞིང་རིགས་བརྒྱུད་བུ་མོ་སྤེལ་བར་བྱེད་པའི་ལྷན་ཅིག་སྐྱེས་པའི་ལྷ་ལྔའི་ཡ་གྱལ་ཞིག་གོ ། ཞིབ་པར་རྟོགས་འདོད་ན། ཕོ་ལྷའི་ཐད་དུ་གཟིགས་པར་འཚལ། འོད་ཀོར་ནི། གནད་ཀྱི་ལྡེ་མིག་ལས། འོད་ཀོར་ནི། འོད་དཀར་པོ་ཟླུམ་པོའི་རྣམ་པ་ཅན་ནོ། །ཞེས་གསུངས་སོ། ། ཡམ་ཤུད་ནི། བཙན་གྱི་སྡེ་དཔོན་ཞིག་གི་མིང་ངོ་། ། གལ་ཏེ་ནི། ༡ ཚིག་གི་དབང་དུ་བྱས་ན་བརྟག་པ་མཐའ་བཟུང་གི་དོན་ནོ། །༢ མིང་གི་དབང་དུ་བྱས་ན་རྟ་སྒྲོ་ལྟ་བུའི་ཕད་བུ་མགོ་སྤྲེལ་གྱི་སྣོད་ལ་བྱའོ། ། ཏམྦུར་ནི། ལེགས་སྦྱར་སྐད་ཀྱི་རྒྱུད་མང་སྟེ། པི་ཝང་གི་མིང་ངོ་། ། ཆུ་སྲིན་ནི། ཆུར་གནས་པའི་སྲོག་ཆགས་ཏེ་ཉའི་རིགས་ཤིག་དང་། རྩངས་པའི་རིགས་ཤིག་དང་གཉིས་མཆིས་ཤིང་སྔ་མའི་མིང་ལ་ཆུ་སྲིན་གྲ་བ་ཁ་ཆེ་ཞེས་དང་། ཕྱི་མའི་མིང་ལ་ཆུ་སྲིན་རྩངས་པ་ཁ་རལ་ཞེས་བྱའོ། ། ཀླུ་གདོན་ནི། འབྱུང་པོའི་གདོན་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཀླུའི་གདོན་ལ་བྱ་སྟེ། དེ་ཉིད་འཇུག་ཚུལ་དབང་གིས་སེམས་ལ་འཇུག་པ་ཞིག་དང་། ལུས་ལ་འཇུག་པ་ཞིག་གཉིས་མཆིས་སོ། །སྔ་མས་ནི་སེམས་རྒྱུད་འགྱུར་བར་བྱེད་པ་དང་། ཕྱི་མས་ནི་ལུས་བསྲུལ་བར་བྱེད་པའི་མཛེ་ནད་བྱེད་པ་ཡིན་ནོ། ། མིག་མང་ནི། གྲུ་བཞིར་བཅད་པའི་རི་མོའོ། ། ཕུར་ཁ་ནི། སྔགས་པ་ཕུར་ཐོག་ཅན་གྱིས་མཐུ་ཁ་ཕོག་པ་ལ་བྱའོ། ། ཀླུ་གཏད་ནི། རྒྱ་མཚོ་དང་ཆུ་བོ་སོགས་ཀླུ་གཉན་པོར་གནས་པའི་ས་ཕྱོགས་སུ་མནན་གཏད་བྱས་པ་ལ་བྱའོ། ། བསྐོར་ཕྱྭ་བཏབ་ནི། དྲང་སྲོང་ཞལ་ལུང་ལས། བསྐོར་ཕྱྭ་བཏབ་པ་སྟེ་ནས་འབྲུ་དགུའི་མོའི་འདེབས་ཚུལ་ལྟར་འཆད་པའང་ཡོད་དེ། བསྐོལ་ཞེས་ལ་མཐའ་དང་། བསྐོར་ཞེས་ར་མཐའི་ཁྱད་པར་ཅན་དུ་བྱེད་པ་དང་། (མཆན། སྐོར་མགོ་སྟེ་རྩིས་བྱེད་པ་དང་)ཕྱྭ་ཞེས་པ་མོ་འདེབས་པའི་དོན་དང་། བཏབ་རྒྱུའི་སྨན་དེ་ལ་འཆད་པའི་ཁྱད་པར་དག་འབྱུང་ངོ་། །ཞེས་གསུངས་སོ། ། དོན་ནད་རྩ་དང་། སྣོད་ནད་ཆུ་ལ་གསལ་ཆེ་ཆེ་བའི་རྒྱུ་མཚན་ནི། ལག་ལེན་གསལ་བྱེད་ལས། དོན་གྱི་ནད་རྣམས་རྩ་ལ་གསལ་ཏེ། རླུང་ཁྲག་དོན་ལ་རྒྱུ་བ་ཤས་ཆེ་བས་སོ། །སྣོད་ཀྱི་ནད་རྣམས་ཆུ་ལ་གསལ་ཏེ། ནད་ཆུ་སྣོད་རྣམས་སུ་བརྒྱུད་ནས་འབྱུང་བས་སོ། །སེམས་རྟེན་རླུང་གིས་བྱེད་པས་འཚོ་བ་དང་། འཆི་བའི་ལ་ཤན་རྩ་ཡིས་འབྱེད་ན་ཡང་། ཁྲག་མཁྲིས་དང་ཆུ་ཁམས་ཀུན་ལ་ཁྱབ་པའི་ངེས་པས་ཚ་གྲང་གི་ལ་ཤན་ཆུ་ལ་མཐོང་བས་གསལ་བས། རྒྱུ་མཚན་དེའི་ཕྱིར་བརྟག་ཐབས་མཁས་པའི་སྨན་པས་ཆུ་ལ་བརྟག་པར་བྱའོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། འཚོ་འཆིའི་ལ་ཤན་རྩ་ཡིས་འབྱེད་དེ། ཁྱབ་བྱེད་རླུང་གི་བྱེད་ལས་ལ་བརྟེན་ནས་རྩ་འཕར་བ་ཡིན་པས། དེའི་རྒྱུན་ལས་སྲོག་གི་རྟེན་ཉམས་མ་ཉམས་ཤེས་ནུས་པས་སོ། ། ཚ་གྲང་ལ་ཤན་ཆུ་ལ་གསལ་ཏེ། ཁྲག་མཁྲིས་དང་ལྷན་ཅིག་ཏུ་ཆུ་ཁམས་ལུས་ཀུན་ལ་ཁྱབ་པའི་ངེས་པས་སོ། །ཞེས་གསུངས་སོ། ། ལ་ཤན་ནི། གནད་ཀྱི་ལྡེ་མིག་ལས། ལ་ཤན་ནི། དབྱེ་བ་ཕྱེ་བའི་བརྡ་རྙིང་ངོ་། །ཞེས་གསུངས་སོ། ། གལ་འགག་བཞི་ནི། རྟགས་དང་ངོ་བོ་གཉིས་ཀ་ཚ་བ་ཡིན་པའི་ནད་དང་། རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཡིན་པའི་ནད། ཕྱི་རྟགས་ཚ་ལ་ངོ་བོ་གྲང་བའི་ཡིན་པའི་ནད། ངོ་བོ་ཚ་ལ་ཕྱི་རྟགས་གྲང་བ་ཡིན་པའི་ནད་བཅས་བཞིའོ། ། ལྟ་རྟོག་འཐེམས་ནི། ཐོས་པའི་ཤེས་རབ་ཀྱིས་ལྟ་ཞིང་། བསམ་པའི་ཤེས་རབ་ཀྱིས་རྟོགས་དཔྱོད་གནད་དུ་འཐེམས་པ་ལ་བྱ་སྟེ། ཤེས་རབ་ནི། ལེགས་སྦྱར་སྐད་ཀྱི་པྲ་ཛྙཱ་ཞེས་པའི་སྒྲ་ལས་དྲངས་པ་སྟེ། བོད་སྐད་དུ་བསྒྱུར་ན་རབ་ཏུ་རྟོགས་པའམ་རབ་ཏུ་ཁོང་དུ་ཆུད་པ་ཞེས་འགྱུར། ངོ་བོ་ནི། ཆོས་རབ་ཏུ་འབྱེད་པའི་བློའོ། ། དབྱེ་ན་གསུམ་སྟེ་ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་བོ། །དང་པོ་ཐོས་པའི་ཤེས་རབ་ནི། ཐོས་པ་མང་དུ་བཙལ་བའོ། །གཉིས་པ་བསམ་པའི་ཤེས་རབ་ནི། ཐེ་ཚོམ་གྱི་དྲ་བ་གཅོད་ཐུབ་པའི་རིག་པས་མཐའ་སྤྱོད་པ་ལ་བྱའོ། །གསུམ་པ་སྒོམ་པའི་ཤེས་རབ་ནི། གང་བསླབ་བྱའི་ཡོན་ཏན་དེ་བློ་ལ་འདྲིས་ཤིང་གོམས་པར་བྱ་བ་ལ་བྱ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལ་སྒོམ་པ་ཡང་ནི་རབ་ཏུ་བྱུང་། །ཞེས་པ་ལྟར་དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཤེས་བྱ་བཅུ་ཕྲག་རིག་པའི་གནས་རྣམས་ཡིན་ཏེ། རྗེ་བཙུན་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང་། ས་པཎ་གྱིས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །ཤེས་བྱའི་གནད་ཀུན་སྦྱང་ཞེས་ལེགས་པར་གསུངས། །ཞེས་དང་། ས་བཟང་མ་ཏི་པཎ་ཆེན་གྱིས། ཀུན་མཁྱེན་ཐོབ་པ་འདོད་རྣམས་ཀྱིས། །རིག་པའི་གནས་ལྔ་ཤེས་བྱ་སྟེ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །ཅེས་དང་། དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན། །སྒོམ་བྱུང་ཤེས་རབ་རྒྱུད་ལ་སྐྱེ་བར་བྱ། །ཞེས་གསུངས་སོ། ། འཐེམས་ནི། ནན་ཏན་གྱི་བརྡ་རྙིང་ངོ་། ། བདུད་རྩི་ནི། སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་བདུད་ཅེས་སྐྱེས་བུའི་ལུས་སྲོག་ལ་འཚེ་བར་བྱེད་པའི་ནད་གྱི་མིང་དང་། རྩི་ཞེས་ནད་དེ་འཇོམས་པར་བྱེད་པའི་སྨན་ལ་གོ་བར་བྱ་སྟེ། དབུས་མཐའི་ཊཱིཀྐ་ལས། ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིས་ནི། །ཚེ་བསྲིང་འདུ་བ་སྙོམས་ཕྱིར་བདུད་རྩི་འོ། །ཞེས་དང་། ས་ར་ཨུ་ཏ་ལས། རྫས་སྦྱོར་ཚོགས་པའི་བདུད་རྩི་ཆེན་པོ་འདིས། །དུས་མིན་ནད་ལས་བཟློག་ཕྱིར་བདུད་རྩི་འོ། །ཞེས་དང་། ཨ་ཙ་ར་ཕྱག་རྡུམ་གྱིས་མཛད་པའི་བྱ་ལོག་གི་འགྲེལ་པ་ལས། སྤྱོད་ལམ་ཆོ་གས་རྐྱེན་རྣམས་བཟློག །སྨན་དང་དཔྱད་ཀྱིས་ཟུག་རྔུ་སེལ། །ལྷ་སྒོམ་དམིགས་པས་རྟོག་པ་འཇོམས། །འཆི་བདག་འཇོམས་པའི་འཁོར་ལོ་སྟེ། །སེལ་འགྱུར་བདུད་རྩི་དངོས་ཡིན་ནོ། །ཞེས་གསུངས་པས་སོ། ། སྙིང་པོ་ནི། འཕྲོ་བའི་གཞིའམ། བཅུད་དམ། དམ་པའི་མཆོག་བཅས་ལ་འཇུག་སྟེ། གསང་སྙིང་དཀོན་ཅོག་འགྲེལ་པ་ལས། སྙིང་པོ་ཞེས་བྱ་བ་ནི། སྤྱིར་ན་གརབཧ་ས་ར་སྟེ་འཕྲོ་བའི་གཞིར་གྱུར་པས་སྙིང་པོ་ཞེས་བྱ། གརབཧ་ཧྲི་ད་ཡ་སྟེ་དཀྱིལ་ན་གནས་པའམ་བཅུད་དུ་གྱུར་པས་སྙིང་པོ་ཞེས་བྱ། གརབཧ་པར་མ་གྲ་སྟེ་དམ་པའི་མཆོག་ཏུ་གྱུར་པས་སྙིང་པོ་ཞེས་བྱའོ། །ཞེས་དང་། ཟླ་ཟེར་ལས། སྙིང་པོའི་སྒྲ་ནི། གཅེས་པའི་ཚིག་ཡིན་ཏེ་གཅེས་པར་གྱུར་པ་གཙོ་བོར་བྱས་པའི་གཅེས་པའི་དོན་ཏོ། །ཞེས་གསུངས་པས་སོ། ། ཡན་ལག་བརྒྱད་ནི། རྒྱུད་ལས། ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །ཡན་ལག་བརྒྱད་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ལ། གཞན་དུ་མདོ་སྡེ་གསེར་འོད་དང་། བརྒྱད་པའི་སྙིང་པོ་བསྡུས་པ་སོགས་སུ་ཡན་ལག་བརྒྱད་དུ་བཤད་པ་ཡོད་ཀྱང་འདི་དང་མི་མཐུན་ཏེ། གསེར་འོད་ལས། ཤེས་པའི་ཡན་ལག་བརྒྱད་རིག་ནས། །སྨན་དཔྱད་རྣམས་ནི་ཀུན་བསྡུས་པས། །སེམས་ཅན་ནད་མང་གསོ་བར་བྱ། །གཏར་བ་དང་ནི་རྨས་ནད་དང་། །ལུས་ཀྱི་ནད་དང་འདྲེ་གདོན་དང་། །མ་རུང་དུག་དང་བྱིས་པ་དང་། །ཚེ་བསྲིང་བ་དང་མཐུ་བསྐྱེད་ཡིན། །ཞེས་གཏར་བ་དང་། རྨས་པ། ལུས་ནད། འདྲེ་གདོན། དུག བྱིས་པ། ཚེ་བསྲིང་བ། ལུས་མཐུ་བསྐྱེད་པ་བཅས་བརྒྱད་དུ་འདྲེན་པ་དང་། སྙིང་པོ་བསྡུས་པ་ལས། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་ལུས་དང་། བྱིས་པ། གདོན། ལུས་སྟོད་དབང་པོ། མཚོན་རྨ། མཆེ་བ། རྒས་པ། རོ་ཙ་བཅས་བརྒྱད་དུ་འདྲེན་པ་ཡིན་ནོ། ། གསང་བ་ནི། བསྟན་བྱའི་སྣོད་ལ་བལྟོས་ནས་གསུངས་པ་སྟེ། སྣོད་ཁ་སྦུབས་དང་། སྣོད་ཞབས་རྡོལ། སྣོད་དུག་ཅན་ལྟ་བུའི་གང་ཟག་ལ་གསང་དགོས་པའི་དོན་ནོ། ། མན་ངག་ནི། གཞུང་དོན་གཏན་ལ་ཕབ་པ་དང་གདམས་ངག་ཉེ་བར་བསྟན་པའི་དོན་ཏེ། གསང་རྙིང་དཀོན་ཅོག་འགྲེལ་པ་ལས། མན་ངག་ཅེས་བྱ་བ་ནི། ཨུ་པ་རྡེ་ཤ་ཞེས་བྱ་བའི་སྒྲས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་ལ་ཡང་བྱ། རྣམ་པ་གཅིག་ཏུ་ཨུ་པ་ནི་ཉེ་བ། རྡེ་ཤ་ནི་བསྟན་པ་སྟེ་དོན་ཆེན་པོ་བསྒྲུབ་པ་ལ་ཐབས་ཉེ་བར་བསྟན་པ་ནི་མན་ངག་ཅེས་བྱའོ། །ཞེས་དང་། མན་ངག་ནི། ཐབས་ཀྱི་མཆོག་ཏུ་གྱུར་པ་ལ་བྱ་སྟེ་གཏན་ལ་ཕབ་པ་དང་། ཉེ་བར་བསྟན་པའི་དོན་ཡིན་པས་ངེས་པའི་ཚིག་གི་ཚུལ་གྱིས་(ཨུ་པ་དེ་ཤ་ཞེས་བྱ་བའི་སྒྲས་)ན། འདོད་པའི་འབྲས་བུ་བསྒྲུབ་པ་ལ་ཐབས་ཆེན་པོ་གཏན་ལ་ཕབ་སྟེ་ཉེ་བར་བསྟན་པའི་ཕྱིར་མན་ངག་ཅེས་བྱའོ། །ཞེས་གསུངས་པས་སོ། ། རྒྱུད་ནི། གསོ་བ་རིག་པའི་དོན་མ་ཚང་བ་མེད་པར་སྡུད་ཅིང་རྒྱུན་མ་ཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱ་སྟེ། ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོའི་རྒྱུད་གསུམ་ལས། རྒྱུད་ནི་ཚང་ཞིང་འབྲེལ་བ་སྟེ། །ཕུན་ཚོགས་ལྔ་ལྡན་ཆུ་རྒྱུན་བཞིན། །ཞེས་དང་། དབུས་མཐའི་ཊཱིཀྐ་ལས། རྒྱུད་ཅེས་བྱ་བའི་མཚན་ཉིད་ནི། །འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་དང་། ཟླ་ཟེར་ལས། རྒྱུད་ཅེས་པ་སྨན་དཔྱད་ཀྱི་གཞུང་བྱས་ཤིང་རྒྱ་ཆེར་སྦྱར་བ་ཡིན་ནོ། །དེ་ཡང་གཞུང་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཅེས་བྱའོ། །ཞེས་གསུངས་པས་སོ།། ལེའུ་ནི། ཡི་གེའི་རྒྱ་རིམ་པ་བདུན་གྱི་ཡ་གྱལ་བརྗོད་བྱའི་དོན་རྣམས་སྡེ་ཚན་སྡེ་ཚན་དུ་རིས་སུ་བཅད་པའི་མཚམས་འཛིན་པའི་དོན་ནམ་བརྗོད་བྱའི་དོན་གྱི་རིམ་པ་སོ་སོར་ཕྱེ་བའི་མཚམས་འབྱེད་པར་བྱ་བའི་རྒྱ་ལ་བྱ་སྟེ། གསང་སྙིང་དཀོན་ཅོག་འགྲེལ་པ་ལས། ལེའུ་ཞེས་བྱ་བ་ནི། པ་ཏ་ལ་ཞེས་པའི་སྒྲ་བཤད་ན། པ་ཏ་ནི་གོས་ཀྱི་དོན་ཏེ་སྐྱོབ་པའི་མཚན་ཉིད་དོ། །ལ་ནི་འཛིན་པའི་དོན་ཏེ་སྐྱབས་འཛིན་པའི་ཕྱིར་ལེའུ་ཞེས་བྱ་སྟེ་གཞུང་དོན་དང་བཅས་པ་ལ་འཇུག་གོ རྣམ་པ་གཅིག་ཏུ་ན། པ་ཏ་ལ་ཞེས་དྲིལ་ཏེ་བརྗོད་ན་རིས་སུ་བཅད་པ་ལ་འཇུག་སྟེ། དེའི་ཕྱིར་རིས་དང་ལེའུར་བཅད་པའི་ཕྱིར་ལེའུ་ཞེས་བྱའོ། །ཞེས་དང་། སྤྱོད་འགྲེལ་ཡོན་ཏན་བུམ་བཟང་ལས། ལེའུའི་སྐད་དོད་པ་རི་ཆེ་ད་(བྟར)ཞེས་པ་ཡོངས་སུ་གཅོད་པ་སྟེ་བརྗོད་བྱའི་དོན་ཚན་སོ་སོར་ཡོངས་སུ་གཅོད་པ་ན་ལེའུ་ཞེས་པ་ལྟར་བྱས་ལ། ཡང་ལེའུའི་སྐད་དོད་ཀྲ་མ་བྷད་ཅེས་པ་རིམ་པར་ཕྱེ་བ་སྟེ་བརྗོད་བྱའི་དོན་གྱི་རིམ་པ་སོ་སོར་ཕྱེ་སྟེ་སྟོན་པས་ལེའུ་ཞེས་བྱ་ལ། གཞན་ཡང་དེའི་སྐད་དོད་མི་འདྲ་བ་དུ་མ་ཡོད་པས་ངེས་ཚིག་ཀྱང་དུ་མར་འགྱུར་བ་ཡོད་པར་གསུངས་སོ། །ཞེས་དང་། གནད་ཀྱི་ལྡེ་མིག་ལས། ལེའུ་ནི། མཚམས་འབྱེད་པར་བྱེད་པའི་དོན་ཏེ་གཞུང་གི་སྡེ་ཚན་ནམ་རིམ་པ་སོ་སོའི་གོང་འོག་མི་འཁྲུགས་པར་ཡི་གེའི་མཚམས་འབྱེད་པར་བྱེད་པས་སོ། །ཞེས་གསུངས་པས་སོ། །དེ་ལྟར་རྩ་ཆུའི་དཀའ་འགྲེལ་རེག་མཐོང་གསལ་བར་འཆར་བའི་ནོར་བུ་བཻཌཱུརྱའི་མེ་ལོང་ཞེས་བྱ་བ་འདི་ཉིད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ལུག་ལོར་སློབ་མ་རྣམས་ལ་གཞུང་འདི་ཞིབ་ཁྲིད་བགྱིས་སྐབས་སྔོན་བྱོན་མཁས་པའི་གསུང་ལས་བཏུས་ཏེ་བལྟས་ཆོག་ཏུ་བཀོད་པ་འདི་ཉིད་ ༧ བདེ་ཅན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ཀྱི་རྣམ་རོལ་ ༧ པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གོ་འཇོ་དབང་འདུས་ཞེས་མིང་དུ་བསྩལ་བ་རྨོངས་བརྟུལ་གྱི་ན་བ་དེས་བོད་སྨན་སློབ་གྲྭ་ཆེན་མོར་སྦྱར་བའོ། །སརྦ་མངྒ་ལཾ། །དགེའོ། །བཀྲ་ཤིས་པར་ཤོག །