Jump to content

རྨེ་རུ་རྙིང་པ།

ཡོང་ཁུངས་Wikipedia

རྨེ་རུ་རྙིང་པ།

[རྩོམ་སྒྲིག]

ལྷ་སའི་གཙུག་ལག་ཁང་གི་ཤར་སྒོ་སྟེ་སེ་ར་ལྟག་སྒོའི་འགྲམ་དུ་ཡོད་པའི་རྨེ་རུ་རྙིང་པ་ནི་དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱིས་གཙུག་ལག་ཁང་གི་ཤར་སྒོ་བྱང་གསུམ་ལ་ལྷ་ཁང་དྲུག་བཞེངས་པའི་གྲས་ཤར་རྨེ་རུ་ཞེས་པ་དེ་ཡིན་སྐད། སྐབས་དེའི་ལྷ་ཁང་ནི་ད་ལྟ་སྒོ་ཤར་བལྟ་ཡིན་པའི་འོག་ཁང་དེ་ཡིན་པ་དང་། རྟེན་གཙོ་སངས་རྒྱས་མར་མེ་མཛད་ལ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བའི་འཇིམ་བརྙན་ཐོག་ཚད་མ་དང་། ལྷ་བྱང་གཉིས་སུ་ཛམ་བྷ་ལ་དང་། རྣམ་སྲས་ལྗང་སེང་གི་སྐུ་ཡོད། དེའི་ཛམ་ལྷ་དེ་ནི་པཎྜི་ཏ་ད་ན་ཤི་ལས་ཛམ་ལྷའི་ལྟོ་བ་ནས་དངུལ་ཕྱེ་བཏོན་པའི་ལོ་རྒྱུས་ཡོད། རྗེས་སུ་རྨེ་རུ་དགོན་པ་དེ་ལྷ་སའི་བྱང་ངོས་སུ་སྤོས་སྟབས་དེ་གར་རྨེ་རུ་རྙིང་པ་ཞེས་མིང་ཆགས། ལྷ་ཁང་དེའི་འཛིན་བདག་རྨེ་རུ་གྲྭ་ཚང་ནས་བྱེད། དེའི་ཉེ་འགྲམ་རྒྱ་སྐྱེད་ཀྱིས་ལྷ་ཁང་རྙིང་པའི་སྟེང་དུ་ས་ལུགས་ཀྱི་དགོན་ཁང་ནང་རྟེན་གཙོ་བོ་འཇིགས་བྱེད་ཀྲོང་བསྐྱེད་དང་། མགོན་པོ་བྲམ་གཟུགས་སོགས་ཀྱི་སྐུ་བརྙན་ཡོད་པ་དེའི་འཛིན་བདག་ལྷོ་ཁ་གོང་དཀར་ཆོས་སྡེས་བྱེད། རྒྱལ་སྒོ་བྱང་བལྟའི་ཤར་ངོས་ཀྱི་མ་ཁང་གསུམ་ཐོག་འདུ་ཁང་དང་བཅས་པ་དེའི་འཛིན་བདག་གནས་ཆུང་གྲྭ་ཚང་ནས་བྱེད་ཅིང་། སྨོན་ལམ་དང་། ཚོགས་མཆོད་སྐབས་གནས་ཆུང་སྐུ་བརྟེན་དེ་གར་གཞིས་ཕབས་ཀྱི་ཡོད། འདུ་ཁང་ནང་གནས་ཆུང་རྡོ་རྗེ་དྲག་ལྡན་གྱི་སྐུ་གསོབ་སོགས་ཡོད། །