Jump to content

རྨ་རྒྱལ་སྦོམ་རའི་གནས་ཡིག་

ཡོང་ཁུངས་Wikipedia

༄༅། །ཀུན་བཟང་ཐུགས་སྤྲུལ་ལྷ་ཆེན་སྦོམ་ར་ལ།། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།། བེེ་རོའི་ལུང་བསྟན་གསལ་བྱེད་ཉི་མའི་དཀྱིལ་འཁོར་ལས། གནས་མཆོག་ཁྱད་པར་སྦོམ་རའི་མཚན་ཅན་ལ།། ཞལ་མཐོང་ཙམ་གྱིས་ངན་སོང་སྒོ་མོ་ཁེགས། ཀུན་བཟང་གཤེན་ལྷས་བྱིན་གྱིས་བརླབས་པའི་གནས།། གྲུབ་ཆེན་བརྒྱད་ཅུས་འགོག་པའི་དོན་དགོངས་པས། སྔར་འདས་སངས་རྒྱས་ས་སྟེང་གཤེགས་པའི་ཤུལ།། ད་ལྟའི་སངས་རྒྱས་གཤེན་རབ་བགྲོད་པའི་གནས།། མ་འོངས་སངས་རྒྱས་མེ་སྒྲོན་འབྱོན་པའི་ལམ།། རྩེ་མོ་ནམ་མཁའི་ལྕགས་ཀྱི་གུར་ཁང་ན།།ཞི་བའི་ལྷ་ཚོགས་ནམ་མཁའི་སྐར་ལྟར་བཀྲ།། སྐེད་པ་འཇའ་འོད་འཁྱིལ་བའི་གུར་ཁང་ན།། དབང་དྲག་ཁྲོ་ཚོགས་བར་སྣང་སྤྲིན་ལྟར་གཏིབས།། རྩ་བ་རྩི་ཤིང་ནགས་ཚལ་འཛིང་བ་ལ།། དམ་ཅན་བོན་སྐྱོང་སྲུང་མ་མཚོ་ལྟར་འཁྱིལ།། རྩེ་མོ་གངས་དཀར་མཆོད་རྟེན་འདྲ་བ་ལ།། ཞི་ལྷ་བཞི་བཅུ་མ་བཞེངས་རང་བྱོན་ཡོད།། འཐུག་པོ་བཀོད་པའི་འཇའ་ཚོན་ཉག་ཐག་ཡོད།། རྐེད་པ་གཡའ་སྔོན་ཁྲལ་ཁྲོལ་ནང་ཤེད་ན།། རིག་འཛིན་བརྒྱད་ཅུའི་སྒྲུབ་ཕུག་བརྒྱད་ཅུ་ཡོད།། བཀའ་རྟགས་མི་འདྲ་ངོ་མཚར་མང་བོ་ཡོད།། རྩ་བ་ཆུ་མིག་ཤིང་ལོ་རྒྱས་འདྲ་ལ།། ཀླུ་ཡི་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་ཡོད།། བཞི་བརྒྱའི་ནད་སེལ་སྨན་ཆུ་བཞི་བརྒྱ་ཡོད།། སྨན་ཆུའི་དབུ་ལ་བརྡ་ཡིག་རེ་རེ་ཡོད།། གཏེར་ཁ་མི་འདྲ་བརྒྱད་ཅུ་རྩ་ལྔ་ཡོད།། གཏེར་སྲུང་སྟོང་བདུད་དམར་ནག་བཅས་ནས་ཡོད།། ཤར་ཕྱོགས་གཡུང་དྲུང་འདྲ་བའི་རི་བོ་ལ།། སློབ་དཔོན་པདྨའི་ཁ་ཊཱ་རྡོ་རྗེ་ཡོད།། སངས་རྒྱས་སྣང་བ་མཐའ་ཡས་རང་བྱོན་ཡོད།། བསྟན་སྲུང་འབར་བའི་སྒྲུབ་སྐོར་དགྲ་འདུལ་ཡོད།། སྒྲོལ་མ་རང་བྱོན་མགོན་པོ་རང་བྱོན་ཡོད།། ཆོས་གཏེར་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོད།། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་ཡོད།། བཅོམ་ལྡན་ཤཱཀྱ་ཐུབ་པའི་རང་བསྲེལ་ཡོད།། བྱང་ཕྱོགས་བུམ་པ་འདྲ་བའི་རི་བོ་ལ།། དྲི་མེད་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་དང་།། མཁའ་འགྲོ་ཀྱེ་མ་འོད་མཚོ་རང་བྱོན་ཡོད།། ཕ་བོང་རལ་གྲི་གཤིབ་འདྲའི་རྩ་བ་རུ།། མཁའ་འགྲོ་ཀུན་འདུས་སྒྲུབ་སྐོར་གཏེར་དུ་ཡོད།། གཏེར་སྲུང་མཁའ་འགྲོ་སེང་གདོང་བཅས་ནས་ཡོད།། ཕ་བོང་སྦྲུལ་སྦལ་འདྲ་བའི་གཡས་ཟུར་ན།། མཛེ་ནད་སེལ་བའི་སྨན་ཆུ་རང་འཁྱིལ་ཡོད།། རྩི་ཤིང་ཀུན་ཀྱང་འཕན་གདུགས་ཚུལ་དུ་ཡོད།། མཁའ་འགྲོ་ཀུན་གྱི་བརྡ་རྟགས་གྲངས་མང་ཡོད།། ཡུམ་ཆེན་ཐུགས་རྫེ་ཀུན་སྒྲོལ་རང་བྱོན་ཡོད།། ཁྲོ་རྒྱལ་རགྴ་དབུ་གསུམ་རང་བྱོན་ཡོད།། དྲེགས་པ་བཅོ་བརྒྱད་སྟོང་བདུན་རང་བྱོན་ཡོད།། རྒྱ་བོན་ཟིང་བ་མཐུ་ཆེན་ཞབས་རྗེས་ཡོད།། ཁྲོ་བོ་གཙོ་མཆོག་མཁའ་འགྱིང་རང་བྱོན་ཡོད།། རླུང་གིས་ས་ལེ་འོད་ཀྱི་རང་སྒྲ་སྒྲོག། རིག་འཛིན་སྟོང་བརྒྱད་མཐུ་ཆེན་སྒྲུབ་ཕུག་ཡོད།། མཚོ་ལ་ཀླུ་སྒྲུབ་སྙིང་བོ་རང་བྱོན་ཡོད།། ལས་ཅན་སྐྱེས་བུས་སྐྱེ་བ་སྔ་ཕྱི་མཐོང་།། ཐང་ལ་གཡུང་དྲུང་ས་བཅུའི་བགྲོད་གནས་ཡོད།། རྡོ་ལ་གསལ་བ་དགུ་འཛབ་རང་བྱོན་ཡོད།། ཁྲག་གདོང་སྟག་གདོང་བསྟན་མ་རང་བྱོན་ཡོད།། ཀུན་བཟང་གཤེན་ལྷ་གཙོ་འཁོར་རང་བྱོན་ཡོད།། ནུབ་ཕྱོགས་རི་བོ་བན་གླང་འགྱིང་འདྲ་ལ།། དབལ་བོན་སྟག་ལྷ་མེ་འབར་རང་བྱོན་ཡོད།། ཁྲག་གདོང་སྟག་གདོང་བསྟན་མ་རང་བྱོན་ཡོད།། དྲག་པོ་མཐུ་ཡི་གཏེར་ཁ་དེ་ན་ཡོད།། ཐུགས་རྗེ་བྱམས་མའི་གསང་ཆུ་རང་འབབ་ཡོད།། དྷ་ཤ་གྷྲི་ཝ་བསྒྲལ་བའི་གཞུ་མོ་དང་།། མེ་ལྷ་བཞི་ཅུ་མེ་འབུད་གཏེར་དུ་ཡོད།། ཕ་བོང་དུག་སྦྲུལ་འདྲ་བའི་རྩ་བ་རུ།། གསང་བ་འདུས་པའི་གཟིག་གི་ཐུལ་བ་དང་།། གསེར་གྱི་བེར་རྒ་རྩེ་དགུ་གཏེར་དུ་ཡོད།། གཏེར་སྲུང་བཀའ་གསང་ལྷ་མོ་བཞུགས་ནས་ཡོད།། ཕ་བོང་དབལ་སྟག་ཁྲ་བོ་མཆོང་འདྲ་ལ།། ཛ་ཡི་གཏེར་ཁ་ཛ་ཡི་སྒྲུབ་སྐོར་ཡོད།། གསེར་གྱི་རྣ་རུ་དབལ་ཆུ་གཏེར་དུ་ཡོད།། གཏེར་སྲུང་རྒྱལ་ཆེན་ཉི་པང་སད་ཝེར་ཡོད།། མགོན་པོ་རྣམ་གསུམ་རང་བྱོན་དངོས་སུ་ཡོད།། ཐེའུ་དམ་ལ་བཏགས་པའི་བཀའ་རྟགས་ཡོད།། མཚོ་ལ་མགོ་ཡི་ཛ་དམར་རང་འཁྱིལ་ཡོད།། རྒྱལ་བསེན་བྲན་དུ་འཁོལ་བའི་ཆུ་མིག་ཡོད།། རྡོ་ལ་དབལ་གྱི་ཕུར་བ་རང་བྱོན་ཡོད།། ཞང་ཞུང་སྟག་སྣ་རྒྱལ་བོའི་ཞབས་རྗེས་ཡོད།། རིན་ཆེན་གསེར་གྱི་གཏེར་ཁ་གྲངས་མེད་ཡོད།། གཏེར་བདག་ཆུ་བདག་རྒྱལ་བོ་བཅས་ནས་ཡོད།། ཕ་བོང་དཀར་བོ་སེང་ཆེན་འདྲ་བ་ལ།། མཐའ་དམག་བཟློག་པའི་རལ་གྲི་གཏེར་ཁ་ཡོད།། ལྷོ་ཕྱོགས་མེ་རི་འདྲ་བའི་རི་བོ་ལ།། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་ཕྱག་སྟོང་རང་བྱོན་ཡོད།། བོན་སྐྱོང་དམ་ཅན་རྒྱ་མཚོའི་སྒྲུབ་སྐོར་ཡོད།། གཏེར་བདག་བཀའ་གསང་ལྷ་མོ་བཅས་ནས་ཡོད།། བྲག་སྔོན་ཁྱུང་གཤོག་འདྲ་བའི་རྩ་བ་རུ།། བོན་སྐྱོང་མ་བདུད་བཙན་གསུམ་རང་བྱོན་ཡོད།། དྲག་པོ་ཐོག་གི་གཏེར་ཁ་དེ་ན་ཡོད།། གཏེར་སྲུང་གནམ་ལྷ་དཀར་པོས་སྲུང་ནས་ཡོད།། བྲག་དམར་ཤ་བ་འདྲ་བའི་རྩ་བ་རུ།། དམར་བོ་བཙན་གྱི་སྲོག་ཡིག་གཏེར་དུ་ཡོད།། སྤེ་བོན་ཐོག་འཕྲུལ་ཕྱག་རྗེས་འཕར་མ་ཡོད།། རྩེ་མོ་མེ་ལྕེ་ཆད་འདྲའི་ཕ་བོང་ལ།། རིག་འཛིན་དྲན་པ་ཡབ་སྲས་རང་བྱོན་ཡོད།། སྲིད་གསུམ་ཟིལ་གནོན་ཁྱུང་གི་སྒྲུབ་སྐོར་ཡོད།། གཏེར་བདག་རྫུ་འཕྲུལ་སྨན་བཞིས་སྲུང་ནས་ཡོད།། ཕ་བོང་དམག་མི་འཚོགས་འདྲའི་ནང་དུ་ཡང་།། དབལ་མོ་གཟི་གྱད་སྤར་གསུམ་རང་བྱོན་ཡོད།། སྡེ་བརྒྱད་ལྷ་འདྲེ་སྲོག་གི་གཏེར་ཁ་ཡོད།། གཏེར་སྲུང་བྱང་སྨན་རྒྱལ་མོ་བཅས་ནས་ཡོད།། མཚོ་མོ་མེ་ཏོག་འདྲ་བའི་དབུས་དཀྱིལ་ན།། ཀླུ་རྒྱལ་གཙུག་ན་རིན་ཆེན་རང་བྱོན་ཡོད།། ཀླུ་ཡི་བོན་སྐོར་ཁམས་གསུམ་འགྲས་སྡུམ་ཡོད།། གཏེར་སྲུང་ཀླུ་རྒྱལ་འཇོག་པོ་བཅས་ནས་ཡོད།། སྤུང་རི་མདའ་གམ་འདྲ་བའི་ནང་དུ་ཡང་།། དབུས་མཐོང་ཚལ་དང་མཚལ་གཏེར་གྲངས་མེད་ཡོད།། གཏེར་སྲུང་ཐུགས་སྤྲུལ་མ་བཞི་བཅས་ནས་ཡོད།། ཕ་བོང་གཡུ་འབྲུག་གནམ་ལ་གཤེགས་འདྲ་ལ།། སྤྲུལ་སྐྱ་འདུལ་བ་གཤེན་དྲུག་རང་བྱོན་ཡོད།། ཕྱོགས་བཞིར་དུས་བཞིའི་རྒྱལ་མོ་རང་བྱོན་ཡོད།། མཚམས་བཞིར་མཁའ་འགྲོ་སྡེ་བཞི་རང་བྱོན་ཡོད།། རི་བོ་དེ་ལ་བསྐོར་བ་གསུམ་བྱས་ན།། ས་བཅུ་གཡུང་དྲུང་སེམས་དཔའི་གྲལ་དུ་སྐྱེ།། སླར་ཡང་ལྔ་བདོ་དུས་ཀྱི་མཐའ་མ་ལ།། རྨ་གཉན་སྦོམ་ར་བྱིན་རླབས་ཤིན་ཏུ་ཆེ།། སྨད་ཀྱི་མཐའ་མི་ཐམས་ཅད་དེ་རུ་འདུ།། རི་བོ་དེ་ལ་བསྙེན་སྒྲུབ་བྱེད་གྱུར་ན།། ལས་བཞི་ལྷུན་གྲུབ་ལྷ་ཞལ་མངོན་སུམ་མཐོང་།། རི་བོ་དེ་ལ་རྣམ་ལྔའི་ཚོགས་ཕུལ་ན།། ཚོགས་གཉིས་རྫོགས་ཤིང་དོན་གཉིས་མཐའ་རུ་ཕྱིན།། ལྔ་བཅུ་ཁ་རལ་སེམས་ཅན་ཐམས་ཅད་ཀྱིས།། དམག་འཁྲུག་དུས་སུ་སྦོམ་ར་མཆོད་བསྐུལ་ན།། བསྟན་དགྲ་སྒྲོལ་ཞིང་དམག་དཔུང་བཟློག་ནུས་སོ།། ཕྱྭ་དང་གཡང་ལ་སྦོམ་ར་སྒྲུབ་གྱུར་ན།། ལོངས་སྤྱོད་ཟད་མེད་ས་གཞི་ལྟར་དུ་འཕེལ།། ཚེ་ཟད་པ་ལ་ཚེ་སྒྲུབ་བྱེད་གྱུར་ན།། ཚེ་སྲོག་བསྲིང་ཞིང་བཀྲག་དང་གཟི་མདངས་རྒྱས།། མངོན་ཤེས་དག་ལ་སྦོམ་ར་སྒྲུབ་གྱུར་ན།། དུས་གསུམ་མ་སྒྲིབ་གསལ་བའི་མངོན་ཤེས་སྟོན།། དུས་ཀྱི་མཐའ་ལ་བྱིན་རླབས་དགུ་འགྱུར་ཆེ།།