རྨ་རིན་ཆེན་མཆོག
རྨ་རིན་ཆེན་མཆོག
[རྩོམ་སྒྲིག]ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་སད་མི་བདུན་གྱི་ཡ་རྒྱལ་ཡིན་ལ་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ་ཡང་ཡིན། གླང་དར་མས་ཆོས་བསྣུབས་པའི་དུས་སུ་བཀྲོངས། འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་དང་ཚོམས་སུམ་ཅུ་རྩ་གསུམ་པ་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས། འདི་མདོ་སྡེ་པ་རྣམས་ཀྱི་བསྟན་བཅོས་སུ་འདོད་ཀྱང་བྱེ་བྲག་སྨྲ་བས་བཀའ་ཡིན་པར་འདོད། བསྟན་འགྱུར་ལས། ཁྱར་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་མཆོག་གིས་འགྱུར། སླད་ཀྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་ལོ་ཙཱ་བ་རིན་ཆེན་མཆོག་གིས་འགྱུར་ལ་ཞུ་ཆེན་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་ལོ་ཙཱ་བ་རིན་ཆེན་མཆོག་གིས་འགྱུར་ལ་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་ ལོ་ཙཱ་བ་རིན་ཆེན་མཆོག་གིས་འགྱུར་ལ་ཞུ་ཆེན་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པ། ཆེད་དུ་རྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་ཤོ་ལོ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་པ་སོགས་ལོ་ཙཱ་བ་འདིས་འགྱུར་བའི་བསྟན་བཅོས་མང་ངོ་། །