Jump to content

རྣལ་འབྱོར་མའི་ཆོ་ག་

ཡོང་ཁུངས་Wikipedia

༼ས་ཆོས་སྒྲུབ་མཆོད་ལྟར་ན།༽

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་གསལ་བར་བཤད་པ་འགྲོ་ཀུན་མཁའ་སྤྱོད་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་བུདྡྷ་དྷྭ་ཛ་བཛྲ་ཝརྞ་ནཱི་ཡེ། བླ་མ་རྗེ་བཙུན་མུས་པ་ཆེན་པོ་དང་གཉིས་སུ་མེད་པའི་རྡོ་རྗེ་རྣལ་འབྱོར་མ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ། རྗེ་བཙུན་བླ་མ་མཆོག་དང་དབྱེར་མེད་པའི། །རྗེ་བཙུན་མཁའ་སྤྱོད་མཆོད་པའི་ཆོ་ག་འདི། །རྗེ་བཙུན་མུས་པའི་ཐུགས་དགོངས་རྫོགས་ཕྱིར་དུ། །རྗེ་བཙུན་གོང་མའི་གསུང་བཞིན་འདིར་བཤད་བྱ། །རྒྱུད་སྡེ་ཀུན་གྱི་ཡང་ཟབ་གསང་མཐའ་ཡི། །ལམ་བཟང་ཀུན་གྱི་བཅུད་བསྡུས་རྣལ་འབྱོར་མའི། །སྒྲུབ་དཀྱིལ་ཀུན་གྱི་ནང་ནས་རབ་གསལ་འདི། །འགྲོ་བ་ཀུན་གྱི་ཉམས་སུ་ལེན་ཕྱིར་སྤེལ། །ངོ་མཚར་དལ་འབྱོར་ལན་གཅིག་ཐོབ་དུས་འདིར། །ངོ་མཚར་ས་སྐྱའི་ཡབ་ཆོས་ཡང་སྙིང་མཆོག །ངོ་མཚར་འདི་འདྲ་ཉམས་ལེན་སྐལ་བ་འདི། །ངོ་མཚར་ལས་ཀྱང་མཆོག་ཏུ་ངོ་མཚར་ལགས། །སྐལ་བཟང་ཁོ་བོའི་རྗེས་འཇུག་སློབ་མ་རྣམས། །སྐལ་བཟང་ལམ་འདིར་སྤྲོ་བས་རབ་ཞུགས་ལ། །སྐལ་བཟང་མང་པོ་འདུས་པའི་སྒྲུབ་མཆོད་ཀྱིས། །སྐལ་བཟང་གྲངས་མེད་མཁའ་སྤྱོད་འདྲེན་པར་མཛོད། །ཅེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་སྤྲོ་བ་བསྐྱེད་པའི་ཚིག་སྔོན་དུ་བཏང་ནས། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག རང་བཟོའི་སྐྱོན་སྤངས་ནས། རྗེ་བཙུན་གོང་མའི་གསུང་རབ་བཞིན་བཀོད་པ་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་བསོད་ནམས་གསོག་པར་འདོད་ན། ཡར་ངོའི་ཚེས་བཅུ་དང་། སྒྲིབ་པ་སྦྱོང་བར་འདོད་ན་མར་ངོའི་ཚེས་བཅུ་སྟེ། ཚེས་བཅུ་རྣམ་པ་གཉིས་སོགས་དུས་ཁྱད་པར་ཅན་གྱི་ཚེ། རང་ཉིད་ཀྱི་སྒྲུབ་ཁང་ལ་སོགས་པ་དབེན་ཞིང་ཡིད་དང་མཐུན་པའི་གནས་བྱི་དོར་བྱས་པར། བླ་མ་དང་རྗེ་བཙུན་མ་ཆོས་སྐྱོང་སོགས་ཀྱི་བྲིས་འབུར་གྱི་སྐུ་ཡོད་ན་ཚུལ་བཞིན་དུ་བཤམས་ལ་འཐས་ཤིང་ངོས་སྙོམས་པའི་ས་གཞིའམ། མཎྜལ་ལམ་ཤིང་གི་སྟེགས་བུ་ལ་སོགས་པ་གང་ཡང་རུང་བར། དྲི་བཟང་གི་ཆུས་བྱུགས། ཁྲུ་གང་ལ་སོགས་པའི་ཚད་ཀྱི་ཟླུམ་སྐོར་བྱ། ནང་གི་ཟླུམ་སྐོར་དང་མཐུན་པར་ཆོས་འབྱུང་ཉིས་བརྩེགས་ཀྱི་ཐིག་གདབ། དེ་ལ་ཚོན་བཀྱེ་བ་ནི་ཆོས་འབྱུང་གཉིས་དམར་པོ། ཐིག་གི་གཅོད་མཚམས་རེ་ཁཱ་དཀར་པོ། ནང་གི་ཟླུམ་སྐོར་དང་ཆོས་འབྱུང་གི་བར་གྱི་ཁྱམས་རྣམས་ལྗང་ཁུ། མུ་ཁྱུད་སྔོན་པོ། ཡང་ན་ཁྱམས་སྔོན་པོ་ལ་མུ་ཁྱུད་ལྗང་ཁུར་བྱ་བའང་བཤད་པས་གང་བདེ་བྱའོ། །མུ་ཁྱུད་ཀྱི་ཕྱི་ནང་གཉིས་ཀའི་རེ་ཁཱ་དཀར་པོ། ཆོས་འབྱུང་གཉིས་དབུས་སུ་ཚོན་སྤུངས་དཀར་པོ་དགུ་བྱས་པའི། རྩེ་མོ་རྣམས་བརྡལ་བའི་དབུས་མའི་སྟེང་དུ་ཚོན་སྤུངས་དམར་པོ་བྱ། གཞན་བརྒྱད་པོ་ནི་པདྨའི་འདབ་མ་མཚོན་བྱེད་དུ་གསུངས་སོ། །དེ་ནི་སྐུ་ཚོམ་བུའི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ལ། འདི་ཉིད་འཇུག་པ་བདེ་བར་འདོད་པས་རས་སམ་དར་དམར་པོ་སོགས་ལ་བྲིས་པས་ཀྱང་རུང་བར་བཤད་ཅིང་། དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར། རྡོ་ཐོད་དམ། ཐོད་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཆང་ལ་སྦྲང་ངམ་བུ་རམ་ལ་སོགས་པ་སྦྱར། བདུད་རྩི་རིལ་བུའི་ཕྱེ་བཏབ་པ་དཔྲལ་བ་རང་ཉིད་ལ་ཕྱོགས་པར་བཞག དེའི་སྟེང་དར་དམར་རམ་རས་དམར་པོ་ཁ་བཅད་དེ། དེ་ནི་གསུང་བདུད་རྩིའི་དཀྱིལ་འཁོར་ཡིན་ཞིང་། དེའི་ཁར་རིན་པོ་ཆེའམ་གང་ཡང་རུང་བའི་མཎྜལ་ཟླུམ་པོ་གཅིག་གི་སྟེང་། དྲི་མ་མེད་པར་བྱས་པ་གུར་གུམ་མམ་ཆང་གིས་བྱུགས་པ་ལ། སིནྡྷུ་རའི་ཕྱེ་མ་གཙགས་པས་ཁྱེ་མ་མེད་པར་བཀྲམ་སྟེ། གསེར་གྱི་ཐུར་མའམ། མེད་ན་རྡོ་རྗེའི་རྩེ་མོས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་སུ། རྒྱ་ཡིག་གམ་བོད་ཡིག་གང་ཡང་རུང་བས་བྃ་ཡིག་བྲིས་པའི་མཐར་མདུན་ནས་གཡོན་སྐོར་གྱི་ཨོཾ་གསུམ་མའི་སྔགས་མགོ་ཕྱིར་བསྟན་ཁོར་ཡུག་ཏུ་བྲི། དེ་ཡང་། ཨོཾ་གསུམ་དེའི་རྗེས་སུ། སརྦ་དང་། བུདྡྷ་དང་། ཌཱ་ཀི་དང་། ནཱི་ཡེ་དང་། བཛྲ་དང་། ཝརྞ་དང་། ནཱི་ཡེ་དང་། བཛྲ་དང་། བཻ་རོ་དང་། ཙ་ནཱི་ཡེ་དང་། ཧཱུྃ་གསུམ་དང་། ཕཊ་གསུམ་དང་། སྭཱ་ཧཱ་རྣམས་རིམ་བཞིན་གཡོན་སྐོར་དུ་བྲི་བ་མ་གཏོགས་འབྲུ་རེ་རེ་ནས་བཟློག་པ་མི་མཛད་ཅིང་། ཡི་གེ་ཐམས་ཅད་དབུ་ཅན་དུ་བྲི། འདིའང་ཤར་དྲང་པོར་ཨོཾ་དང་། བྱང་དུ་ཌཱ་དང་། ནུབ་ཏུ་ཝརྞ་དང་། ལྷོར་ནཱི་བྲིས་ན་ཆ་སྙོམས་པར་འགྱུར་ཞིང་། ཡང་བླ་མ་གོང་མའི་ཕྱག་ལེན་འཁྲུལ་མེད་ཀྱི་ཆོས་འབྱུང་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ཤིང་སོགས་ལ་བརྐོས་ནས་པར་དུ་བཏབ་ཆོག་པ་ཡོད་ཚེ་ལག་ལེན་བཞིན་བཏབ་ལ། ཆོས་འབྱུང་གི་མདུན་རྒྱབ་གཉིས་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་པ་རེ་རེ་བྲི་སྟེ། དེ་ནི་ཐུགས་སིནྡྷུ་རའི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ནོ། །དེ་རྣམས་ཀྱི་སྟེང་དུ་དར་དམར་རམ་རས་དམར་གང་རུང་བའི་གུར་ཁང་ལེགས་པར་ཕུབ། དེའི་མཐའ་སྐོར་དུ། དཀྱིལ་འཁོར་གྱི་ཤར་ལྷོ་འཇིག་རྟེན་པའི་ལྷོ་ནུབ་ཏུ་མཚམས་འཛིན་གྱི་མེ་ཏོག གཞན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་གཡོན་སྐོར་དུ་བཤམས། མཆོད་པ་བཤམས་ཚུལ་འདི་ནི། དཀྱིལ་འཁོར་གྱི་ཞལ་འཇིག་རྟེན་པའི་ལྷོར་གཟིགས་པའི་དབང་དུ་བྱས་པ་སྟེ། ཕྱོགས་གཞན་རྣམས་ལ་དེའི་རིགས་པས་ཤེས་ཤིང་བདེ་མཆོག་ལཱུ་ནག་ལྟར་དཀྱིལ་འཁོར་གྱི་ཞལ་འཇིག་རྟེན་པའི་ལྷོར་བསྟན་ཁོ་ན་ངེས་པར་དགོས་པ་ཡང་མ་ཡིན་ནོ། །གཞན་ཡང་གོང་གི་བྲིས་འབུར་གྱི་སྐུའི་དྲུང་དུ། གཏོར་མ་དམ་རྫས་ལྔའམ། བདུན་ནམ། བཅུ་གཅིག་གམ། གཅིག་ལ་སོགས་པ་དང་། བསྐང་གཏོར་སོགས་རང་རང་གི་ཕྱག་ལེན་བཞིན་བཤམས། སློབ་དཔོན་གྱི་མདུན་དུ་སྟེགས་ཇི་ལྟར་རིགས་པར་བུམ་གདན་པདྨ་འདབ་བརྒྱད་དམ་ནས་འབྲས་སོགས་འབྲུ་གང་འབྱོར་གྱི་ཚོམ་བུ་བརྒྱད་ལ། བུམ་པ་མཚན་ཉིད་དང་ལྡན་པ་ཞིག་མགུལ་ཆིངས་དམར་པོས་དཀྲིས། ཁ་ནས་གུ་གུལ་གྱིས་བདུག སུམྦྷ་ནི་བཟླས་ཤིང་ཞབས་ནས་ཡུངས་ཀར་གྱིས་བྲབས་ལ་བཞག ཁ་རྒྱན་ཀུ་ཤ་གཙང་མ། དུང་ཆོས། རྡོ་རྗེ་གཟུངས་ཐག བུམ་ནང་དུ་ཆུ་གཙང་མ་ལ་དྲི་བཟང་དང་། བདུད་རྩི་རིལ་བུ་སོགས་བླ་མེད་ནས་གསུངས་པའི་བུམ་རྫས་མཚན་ཉིད་དང་ལྡན་པ་སྦྱར། བུམ་རྫས་ཚང་མ་ཡེ་མ་འབྱོར་ན། ནང་མཆོད་ནས་ཇི་ལྟར་རིགས་པ་དང་དྲི་བཟང་བསྲེས་པས་རུང་། གཞན་ཡང་རྡོ་རྗེ་དྲིལ་བུ་ཌཱ་མ་རུ། ནང་མཆོད་བདུད་རྩི་རིལ་བུ་སྦྱར་བ། མཎྜལ་ཆུང་ངུ་མེ་ཏོག་ནས་དང་བཅས་པ་དང་། སྒྲུབ་གྲོགས་རྣམས་ཀྱི་མདུན་དུའང་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་དུང་ཆོས་རྣམས་དང་། རྔ་ཆ་ལང་དུང་ལ་སོགས་པ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་འདུས་པར་བྱ་བ་ནི་སྦྱོར་བའི་ཆོས་སོ།། །།སྤྱི་དོན་གཉིས་པ་དངོས་གཞི་ལ། དཔོན་སློབ་རྣམས་གྲལ་ལ་འཁོད་དེ། ཐོག་མར་སྔོན་འགྲོ་གཏོར་མ་བཏང་བ་ནི། མཆོད་གཡོག་པས་སྔོན་འགྲོ་གཏོར་མ་ཆུ་གཙང་གིས་སྦྱངས་ནས། ཕྱག་གསུམ་བཙལ་ལ། དཀྱིལ་འཁོར་ཆེན་པོའི་སྔོན་དུ་འགྲོ་བའི་གཏོར་མ་བསང་སྦྱངས་བྱིན་རླབས་མཛད་དེ་འབུལ་བར་ཞུ། ཞེས་དང་། དཔོན་སློབ་རྣམས་ཀྱིས་རྡོ་རྗེའི་རྩེས་ནང་མཆོད་གཏོར་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོཿ བྷ་ག་ཝཱན་བི་དྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱངས། ལག་པ་གཡས་གཡོན་གཉིས་བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ། ངག་ཏུ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། འབར་བའི་ཕྱག་རྒྱ་བསྐོར་ཞིང་། ཕཻཾ་བཛྲ་ཨ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནི་ས་མ་ཡ་སཏྭཾ་དྲྀ་ཤྱ་ཧོཿ ཞེས་པས་སྤྱན་དྲངས། དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པ་སྨ་ར། ཌཱ་ཀ ཌཱ་ཀི་ནྱཱེ། དཱ་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྻ། སཏྶུ་ཁཾ། བི་ཤུདྡྷེ། ས་ཧཱ་ཡི་ཀ བྷ་ཝནྟུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨོཾ་ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་སྲིན་ལག་གིས་ནང་མཆོད་ཀྱང་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །རྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་བསྟོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་སྤྱོད་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་ཞི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ། སའི་ཕྱོགས་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན། སྲུང་མའི་དབང་པོ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་ཞི་བ་དང་། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་ཞིང་། དངོས་གྲུབ་སྒྲུབ་པའི་སྟོངས་གྲོགས་མཛོད། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་དཀྱིལ་འཁོར་ཆེན་པོའི་གསང་སྤྱོད་བལྟ་བར་མི་དབང་བའི་འབྱུང་པོ་གདུག་པ་ཅན་དེ་དག་འདིར་མ་གནས་པར་གཞན་དུ་སོངས་ཤིག ཨོཾ་སུམྦྷ་ནི་སོགས་བརྗོད། རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་ཏུ་དཀྲོལ། མཆོད་གཡོག་པས་གཏོར་མ་ཕྱི་རོལ་དུ་དོར་རོ། །དེ་ནས་གནས་ཡོ་བྱིན་རླབས་ནི། མཆོད་གཡོག་པས་ཕྱག་གསུམ་བཙལ་ཏེ། གནས་དང་མཆོད་པའི་ཡོ་བྱད་ལ་བྱིན་རླབས་གནང་བ་ཞུ། ཞེས་དང་། དཔོན་སློབ་རྣམས་ཀྱིས་རྡོ་རྗེའི་རྩེས་ནང་མཆོད་གཏོར་ལ། སུམྦྷ་ནི་སོགས་ཀྱིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་ཨཱཿཧཱུྃ། རོལ་ཆེན་དང་། ཨོཾ་བཛྲ་གྷཎྜི་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ན་ད་སྭ་བྷ་ཝེན་བཛྲ་དྷརྨཱ་ཧྲི་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཚར་གསུམ་གྱི་དང་པོས་མཆོད་ཡུལ་སྤྱན་དྲངས། གཉིས་པས་མཆོད་ཡུལ་དེ་རྣམས་ཀྱི་གནས་ཁང་བྱིན་གྱིས་རླབས། གསུམ་པས་མཆོད་རྫས་ལ་སོགས་པའི་ཡོ་བྱད་རྣམས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་ཞུ་འབུལ་ཕྱག་བཅོ་བརྒྱད་བདེ་ཀྱཻ་ལྟར་བྱས། དེ་ནས་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ་དབུས་སུ་རྩ་བའི་བླ་མ་འཁོར་ལོ་བདེ་མཆོག་གི་རྣམ་པ་ལ། སྙིང་པོའི་རྣལ་འབྱོར་མ་བཞི་ཐུགས་གསུང་སྐུའི་ལྷ། སྒོ་མཚམས་མ་བརྒྱད་ཀྱིས་བསྐོར་བ། གཙོ་བོའི་རྒྱབ་ཁཎྜ་རོ་ཧིའི་མདུན་དུ་ཆོས་པོ་ཏི་བྲག་རི་བརྩེགས་པ་ལྟ་བུ་སྟེ། དེ་ཡང་གཙོ་བོ་ནི་བླ་མ་དང་སངས་རྒྱས་དཀོན་མཆོག་གི་ངོ་བོ། ཆོས་པོ་ཏིའི་རྣམ་པ་ནི་ཆོས་དཀོན་མཆོག འཁོར་རྣམས་ནི་དགེ་འདུན་དཀོན་མཆོག་གི་རང་བཞིན་དུ་བཞུགས་པར་གྱུར། ཅེས་བརྗོད་པས་སྐྱབས་ཡུལ་གསལ་བཏབ་འདི་ནི་སྐྱབས་ཡུལ་གྱི་དམིགས་པ་རྒྱས་པའི་ལུགས་ཏེ། བསྡུས་པ་ལྟར་ན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བླ་མ་དཀོན་མཆོག་ཐམས་ཅད་འདུས་པའི་ངོ་བོར་བསམ་པའམ། ཡང་ན་བླ་མ་དཀོན་མཆོག་དབྱེར་མི་ཕྱེད་པའི་ངོ་བོ་རྣམ་པ་དཔའ་བོ་རྗེ་བཙུན་ཆོས་ཀྱི་སྐུར་བསྒོམ་པར་ཡང་བཤད་དོ། །དེ་ནས་སྐྱབས་འགྲོ་དངོས་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུམཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉི་ཤུ་རྩ་གཅིག བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། གཙོ་བོ་བླ་མ་འོད་སྔོན་པོར་ཞུ། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཆོས་པོ་ཏི་འོད་དམར་པོར་ཞུ། མགྲིན་པར་ཐིམ། ངག་གི་དྲི་མ་དག གསུང་གི་བྱིན་རླབས་ཞུགས། འཁོར་གྱི་ལྷ་རྣམས་འོད་དཀར་པོར་ཞུ། དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག སྐུའི་བྱིན་རླབས་ཞུགས། ཞེས་བརྗོད་ཅིང་བསམ། དེ་ནས་ཚད་མེད་བཞིའི་ངོ་བོ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཚར་གསུམ། དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཞིང་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བས་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་ཧཱུྃ་ལས་བདུད་རྩི་བབས་ཡབ་ཀྱི་སྐུ་གང་། རྡོ་རྗེའི་ལམ་བརྒྱུད། ཡུམ་གྱི་པདྨར་བབས། ཡུམ་གྱི་སྐུ་གང་ཡབ་ཡུམ་གཉིས་ཀའི་སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ལས་ངན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་། རྐང་མཐིལ་གཉིས་ནས་ཐོན། ཤུལ་ཐམས་ཅད་བདུད་རྩི་དཀར་པོས་ཁེངས་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏཱེ་ནོ་པ་ཏིཥྛ། དྲྀ་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྷིམྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ་བཛྲ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཉི་ཤུ་རྩ་གཅིག བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ཤེལ་སྒོང་གཡའ་དག་པ་ལྟ་བུར་གྱུར། ཅེས་བརྗོད་ཅིང་བསམ་ལ། དེ་ནས། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གནས་པ་དེ་ཉིད་གསལ་བར་གྱུར། ཅེས་བརྗོད། དེ་གསལ་གདབ་པ་ནི་སྐུའི་དགའ་བ་ཡིན་ལ། དེ་ནས་རང་གི་མདུན་གྱི་ནང་མཆོད། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པས་བདུད་རྩིར་བྱིན་གྱིས་བརླབས་ནས། རང་གི་སྙིང་གར་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་བྃ་ཡིག་བསམ་སྟེ། དེ་ལ་བདུད་རྩི་ཕུལ་བས་ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ཚིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བདུད་རྩི་མྱང་ངོ་། །དེ་ཡང་སྙིང་གར་བྃ་ཡིག་བསྒོམ་པ་ཐུགས་ཀྱི་དགའ་བ། བདུད་རྩི་མྱང་བ་གསུང་གི་དགའ་བ་ཡིན་པར་གསུངས་སོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། རང་གི་མདུན་གྱི་ནམ་མཁར་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་དཔའ་བོ་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བདེ་སྟོང་གི་སྒྲ་སྒྲོགས་པའི་ཌཱ་མ་རུ་དང་། གཡོན་ཐོད་པ་བདུད་རྩིའི་གང་བ་བསྣམས་པ། གྲུ་མོར་ཁ་ཊྭཱཾ་ག་འཛིན་ཅིང་། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཞལ་འཛུམ་བག་དང་ལྡན་པས་བདག་ལ་དགེས་ཤིང་བཞུགས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། ཅེས་བརྗོད་ཅིང་བསམ་ལ། དེ་ཉིད་ལ་བློ་ཁ་ཞེ་མེད་པར་གཏད་དེ། བདག་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། རེ་ས་ལྟོས་ས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ཁྱེད་རང་མཁྱེན་སྙམ་པའི་དད་གུས་དུང་དུང་པ་དང་བཅས་ཐལ་མོ་སྙིང་ཁར་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་ཞེ་ཐག་པ་ནས་གསོལ་བ་བཏབ་སྟེ་བསོད་ནམས་ཀྱི་ཚོགས་བསགས་ལ། དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་དེ་ཉིད་འོད་དུ་ཞུ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་ཏེ། བདེ་སྟོང་གི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་བདག་ཉིད་ལྷར་བསྐྱེད་པ་ནི། རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྃ་ཡིག་དམར་པོའི་མཐའ་མར་གཡོན་སྐོར་གྱི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་ཏེ་གནས་པ་ལས་འོད་ཟེར་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ལས་ངན་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་གཞལ་ཡས་ཁང་གི་ནང་དུ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། རང་ཉིད་རྣམ་སྣང་རིགས་བདག་དང་བཅས་པའི་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབས་པའི་གདོང་པ་མནན་པ། སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཅིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་། དྲིལ་བུ་དང་། འཕན་རྩེ་གསུམ་པ་འཕྱང་བ་དང་བཅས་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་བརྗོད་ཅིང་བསྒོམ་པ་ནི་བདག་ཉིད་ལྷར་བསྐྱེད་པའོ། །དེ་ནས་འགྲོ་བ་དག་པའི་རྣལ་འབྱོར་བསྒོམ་པ་ནི། རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། ཆོས་འབྱུང་གནས་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་དཔའ་བོ་དང་དཔའ་མོས་བྱིན་གྱིས་བརླབས་པ་སྟེ། ཡེ་ཤེས་པ་དགུག་གཞུག་བྱ་བ་ནི། འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་གཡོན་དུ་བསྐོར་ཞིང་། ཕཻཾ། རང་གི་སྙིང་གའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དང་། འགྲོ་བ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཞེས་བརྗོད་ཅིང་བསམ་ལ། དེ་ནས་ལག་པ་གཉིས་པད་སྐོར་དང་བཅས་པས་འཁྱུད་རྒྱ་བྱས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད། དེ་ནས་གོ་ཆ་དགོད་པ་ནི། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་གསལ་བར་གྱུར། ཅེས་བརྗོད་ཅིང་བསམ། གོ་ཆ་དགོད་པ་འདི་ཡེ་ཤེས་པ་ཞུགས་པའི་སྔ་རྟིང་གང་ལ་བསྒོམ་ཀྱང་འགལ་བ་མེད་དེ། སྔོན་ལ་བསྒོམ་པ་རྒྱུད་གཞུང་ཕལ་ཆེར་གྱི་དགོངས་པ་ཡིན་ཞིང་། རྟིང་ལ་བསྒོམ་པ་ཇོ་བོ་ནཱ་རོ་ཏ་པའི་མན་ངག་ཡིན་གསུངས་པས་འདིར་ནི་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །དེ་ལྟར་གོ་ཆ་དགོད་པའི་རྗེས་སུ་བསྐྱེད་རིམ་ལ་སེམས་འཛིན་གྱི་དམིགས་པ་ཙམ་ཞིག་བསྒོམ་ལ། དེ་ནས་བཟླས་པ་ལ་གཉིས་ཀྱི་དང་པོ་ངག་བཟླས་བྱ་བ་ནི། རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། དེ་དག་གི་སྣ་ལས་ཕྱི་ནང་གསང་གསུམ་གྱི་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་སྤྲུལ་ཏེ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་རྣམས་ལ་ཕུལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་གྱིས་བརྙེས་པས་རང་གི་ཚོགས་རྫོགས་ཤིང་སྒྲིབ་པ་དག ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། འོད་ཟེར་རྣམས་ཚུར་འདུས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ནམ་མཁའ་གང་བར་བྱོན་ནས། རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཞེས་བརྗོད་ཅིང་བསམ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལྔ་བརྒྱ་དང་སྟོང་ལ་སོགས་པའམ། ཐ་ན་ཡང་བརྒྱ་རྩ་ལ་སོགས་པའི་དམ་བཅའ་ལས་མི་ཉུང་བ་བཟླ་བ་གལ་ཆེ་སྟེ། སྤྱིར་གསང་སྔགས་ཐམས་ཅད་ཀྱི་ཟབ་མོའི་མཐར་ཐུག་པ་ནི། འཁོར་ལོ་བདེ་མཆོག་གི་སྐོར་འདི་རྣམས་ཡིན་པར་གསུངས་ཤིང་། དེའི་ཡང་ཟབ་མཐར་ཐུག་པ་ནི་རྗེ་བཙུན་ལཱུ་ནག་དྲིལ་གསུམ་གྱིས་མཛད་པའི་ལམ་རིམ་རྣམས་ཡིན་ལ། དེ་དག་གི་དོན་གྱི་སྙིང་པོ་མ་ལུས་པ་འདུས་པ་མན་ངག་གི་ཡང་རྩེར་གྱུར་པ་ནི་ནཱ་རོ་མཁའ་སྤྱོད་ཀྱི་ལམ་འདི་ཉིད་ཡིན་པར་གསུངས་པ་དང་། གཞན་ཡང་སྒྲུབ་བྱའི་ཡུལ་དུ་གྱུར་པའི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་དེ་རྣམས་བྱེ་བ་ཕྱེད་དང་བཞི་རུ་འདུས་པ་ཡིན་ལ། དེ་ཡང་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདུས་ཤིང་། དེ་ཡང་སུམ་ཅུ་རྩ་བདུན་དུ་འདུས། དེ་ཡང་ཉི་ཤུ་རྩ་བཞིའམ་བརྒྱད་དམ་ལྔར་འདུས། དེ་ཡང་རྡོ་རྗེ་རྣལ་འབྱོར་མ་འདི་ཁོ་ན་ལ་འདུས་པས། འདི་ཉིད་གཅིག་པུ་བསྒོམ་ཞིང་བསྒྲུབས་པས། མཁའ་འགྲོ་མ་བྱེ་བ་རབ་འབྱམས་རི་རབ་ཀྱི་རྡུལ་དང་མཉམ་པ་བསྒོམ་པར་འགྱུར་བ་དང་། དེ་བཞིན་དུ་འདིའི་གསང་སྔགས་ཨོཾ་གསུམ་མ་ཡང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ངོ་བོ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྔགས་ཐམས་ཅད་འདུས་པར་བཤད། དེ་ལ་དགོངས་ནས་བླ་མ་གོང་མ་རྣམས་ཀྱིས་བདེ་མཆོག་ལཱུ་ནག་གི་བྱིན་རླབས་དྲུག་སྐོར་གྱི་སྐབས་དང་རྣམ་རྒྱལ་བུམ་པའི་ལྷ་ཐམས་ཅད་ཀྱི་བཟླས་སྔགས་ལ་ཡུམ་གྱི་ཉེ་སྙིང་ཁོ་ན་བཟླས་ཆོག་པར་གསུངས་པ་ཡིན་ལ། དེས་ན་གསང་སྔགས་ཨོཾ་གསུམ་མ་འདི་ལ་ཆིག་སྒྲིལ་དུ་བྱས་པས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་འཁུལ་ཞིང་བྱིན་གྱིས་རློབས་པར་འགྱུར་ཞིང་། ཨོཾ་གསུམ་མ་ལན་གཅིག་ཙམ་བརྗོད་པས་ཀྱང་བསྐལ་པ་མང་པོའི་སྒྲིབ་པ་འདག་པར་ངེས་པ་ཡིན་ཏེ། དེའི་རྒྱུ་མཚན་གསང་སྔགས་པ་རྣམས་ཚེ་གཅིག་ལུས་གཅིག་ལ་དངོས་གྲུབ་ཐོབ་པའི་གནད་ཀྱང་འདི་འདྲའི་རིགས་ཀྱི་ཟབ་གནད་དང་ལྡན་པ་ལས་འབྱུང་བ་ཡིན་པར་གསུངས་པ་སོགས་རྩོད་པ་དང་བྲལ་བའི་རྗེ་བཙུན་གོང་མ་རྣམས་ཀྱིས་གསུང་རྒྱུན་དག་ལས། སྤྱིར་མི་ལུས་ལན་གཅིག་ཙམ་ཐོབ་དུས་འདིར་གསང་སྔགས་ཟབ་མོའི་ལམ་ཉམས་སུ་ལེན་པ་ཤིན་ཏུ་སྐལ་བ་བཟང་བའི་ཚུལ་དང་། ལྷག་པར་མཁའ་སྤྱོད་དབང་མོ་འདི་ཉིད་ཀྱི་བཟླས་སྒོམ་ཉམས་སུ་བླངས་པ་ཕན་ཡོན་གཞན་ལས་ཆེ་བའི་རྒྱུ་མཚན་སྒྲུབ་བྱེད་མང་དུ་འབྱུང་ཡང་འདིར་ནི་མ་སྤྲོས་ལ། ཤེས་པར་འདོད་ན་ཁོ་བོའི་ངག་ལས་སྩལ་བར་བྱའོ། །དེ་ནས་ཡིད་བཟླས་བྱ་བ་ནི། རང་གི་སྙིང་གའི་ཆོས་འབྱུང་ཉིས་བརྩེགས་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལྟེ་བར་བབས་ཏེ་དེའི་ཆོས་འབྱུང་གི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་བ་བདེ་བའི་ཉམས་དང་ལྡན་པ་དཀར་ལ་དམར་བའི་མདངས་ཆགས་པ་གཡོན་སྐོར་དུ་འཁོར་བ་རྣམས་ལ་སེམས་གཏད། ཅེས་བརྗོད་ཅིང་བསམ་ལ་རླུང་རོ་ལན་གསུམ་འབུད། དེ་ནས་འོག་རླུང་བསྐུམ། སྟེང་རླུང་མནན་ཏེ་ཁ་སྦྱར་བུམ་པ་ཅན་བཟུང་ལ་གོང་དུ་གསལ་བཏབ་པའི་དགའ་བ་འཁྱིལ་བ་རྣམས་ལ་སེམས་གཏད་པའི་ངང་ནས། ཡིད་ཀྱིས་བྃ་ཡིག་གི་མཐའ་མའི་སྔགས་ཕྲེང་གཡོན་སྐོར་དུ་ཀློག་ཚུལ་བྱེད་ཅིང་ཕྲེང་བ་ལ་གྲངས་བཟུང་། རླུང་ཅི་ཐུབ་ཀྱི་བར་ལ་ཨོཾ་གསུམ་མ་བཟླ། མི་ཐུབ་པ་དང་རླུང་དལ་བུའི་སྒོ་ནས་གློད་དོ། །ཡིད་བཟླས་འདི་ནི་རྫོགས་རིམ་མཚན་བཅས་ཡིན་པས་དྲོད་དང་བདེ་བ་སྐྱེ་ཞིང་། འཕར་གཡོ་དྲག་ཏུ་འབྱུང་ལ། དེ་བྱུང་ན་རིམ་གྱིས་གློད་དོ། །དུ་བ་ལ་སོགས་པའི་རྟགས་ཐམས་ཅད་ཀྱང་འདི་ཉིད་ལས་འབྱུང་བར་བཤད་དོ། །དེ་ནས་ཡིད་བཟླས་ཀྱི་རླུང་དལ་བུས་བཏང་གྲུབ་པ་དང་། བཟླས་པ་བསྡུ་བ་ནི་ཕྲེང་བ་ཐལ་མོའི་བར་དུ་བཟུང་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་ཕྲེང་བ་མགོ་ཐོག་ཏུ་བཞག དེ་ནས་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་བསྒོམ་པ་ནི། རང་གི་ལྟེ་བའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ། དེ་ཡང་གཟུགས་མེད་ཁམས་འོད་ཟེར་སྔོན་པོའི་རྣམ་པས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་འོད་ཟེར་དམར་པོའི་རྣམ་པས་ལུས་ཀྱི་བར་གྱི་ཆ་ལ་ཐིམ། འདོད་ཁམས་འོད་ཟེར་དཀར་པོའི་རྣམ་པས་ལུས་ཀྱི་སྨད་ཀྱི་ཆ་ལ་ཐིམ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ཆོས་འབྱུང་ཉིས་བརྩེགས་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་སྔགས་ཕྲེང་ལ་ཐིམ། དེ་བྃ་ཡིག་ལ་ཐིམ། བྃ་ཡིག་ཁོག་པ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ལ་ཐིམ། དེ་ཡང་ཇེ་ཕྲ་ཇེ་ཕྲར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཅེས་བརྗོད་ཅིང་དོན་བསམ་ལ་ཅི་གནས་སུ་མཉམ་པར་བཞག དེ་ནས་རྟོག་པ་འཕྲོ་ན། རང་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཅེས་བརྗོད་ཅིང་བསམ་ལ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་བརྗོད་པས་གོ་ཆ་དགོད་པར་གསལ་བཏབ་ལ།། ༈ །དེ་ནས་རང་གི་མདུན་གྱི་ནང་མཆོད་དང་མཉྫིའི་སྟེང་གི་གསུང་བདུད་རྩིའི་དཀྱིལ་འཁོར་ལ་བྱིན་རླབས་རྒྱས་པར་བྱ་བ་ནི། ཨོཾ་སུམྦྷ་སོགས་ཀྱིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གོ་ལས་བ་གླང་གི་ཤ། ཤར་དུ་ཀུ་ལས་ཁྱིའི་ཤ། བྱང་དུ་ད་ལས་གླང་པོ་ཆེའི་ཤ། ནུབ་ཏུ་ཧ་ལས་རྟའི་ཤ། ལྷོར་ན་ལས་མིའི་ཤ། དེ་རྣམས་རེ་རེའི་སྟེང་དུ་བདུད་རྩི་ལྔ་ལྔ་ཡོད་པ་ནི། དབུས་སུ་བི་ལས་དྲི་ཆེན། ཤར་དུ་མུ་ལས་དྲི་ཆུ། བྱང་དུ་ཤུ་ལས་བྱང་སེམས། ནུབ་ཏུ་མྃ་ལས་ཀླད་པ། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁྃ་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། ལྷོར་ཨཱྃ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར་ཞིང་། རྫས་རྣམས་ཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་བས། སྟེང་གི་ཨོཾ་དང་ཟླ་བ་སྣ་ཚོགས་རྡོ་རྗེ་རྣམས་ལས་བདུད་རྩིའི་རྒྱུན་བབས། ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བྱུང་ནས་འོག་གི་བདུད་རྩི་ལ་ཐིམ་པས། སྟེང་གི་ཨོཾ་དང་ཟླ་བ་སྣ་ཚོགས་རྡོ་རྗེ་རྣམས་ཀྱང་འོད་དུ་ཞུ་བ་བདུད་རྩི་ལ་ཐིམ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ཕྱག་རྒྱ་དང་བཅས་པས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་རྡོ་རྗེའི་རྩེས་ནང་མཆོད་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསུམ་ཆར་ལ་གཏོར་ལ། སུམྦྷ་ནི་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཝྃ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར། དེའི་སྟེང་དུ་སུྃ་ལས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་ལྔས་གང་བ། དེའི་སྟེང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། འཁོར་ཡུག་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཀུན་ཏུ་མདའི་དྲྭ་བ་དང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྃ་ཡིག་དམར་པོའི་མཐའ་མར་གཡོན་བསྐོར་གྱིས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱ་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་ཏེ་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབས་པའི་གདོང་པ་མནན་པ། སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཅིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་དྲིལ་བུ་དང་། འཕན་རྩེ་གསུམ་པ་འཕྱངས་པ་དང་བཅས་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་བརྗོད་པས་མདུན་བསྐྱེད་ཀྱི་དམ་ཚིག་པ་བསྐྱེད། དེ་ནས་ཡེ་ཤེས་པ་བསྟིམ་ཞིང་གོ་ཆ་དགོད་པ་དང་དབང་བསྐུར་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་ནི། ཕཻཾ། རང་གི་སྙིང་ཁའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྡྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད། དེ་ནས་གོ་ཆ་དགོད་པ་ནི། མདུན་བསྐྱེད་ཀྱི་ལྷའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་གསལ་བར་གྱུར། སླར་ཡང་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཞེས་བརྗོད་ཅིང་བསམ། དེ་ནས་ཕྱིའི་མཆོད་པ་བྱ་བ་ནི། མཆོད་པ་རྣམས་ལ་རྡོ་རྗེས་ནང་མཆོད་གཏོར། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས་ཏེ། དེ་ནས་མདུན་བསྐྱེད་ཀྱི་སྟེང་གི་ཆ་ལ། རང་གི་རྩ་བའི་བླ་མ་དེ་ཉིད་རྡོ་རྗེ་ཆོས་ཀྱི་རྣམ་པ་ལ། བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བསྐོར་བ་དང་བཅས་པ་ཁ་བ་བུ་ཡུག་འཚུབ་པ་ཙམ་གྱིས་ས་དང་བར་སྣང་ཐམས་ཅད་གང་བར་བཞུགས་པར་བསམ་ལ་དེ་རྣམས་མདུན་བསྐྱེད་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་ལ་མཆོད་པར་བསམ་པས། རང་གི་སྙིང་ཁ་ནས་མཆོད་པའི་ལྷ་མོ་མཆོད་རྫས་སོ་སོར་ཐོགས་པ་མང་དུ་སྤྲུལ་ནས། མཆོད་ཡུལ་ཐམས་ཅད་ལ་མཆོད་པ་ཕུལ་བས་མཉེས་པར་བསམ་ལ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང་། སྟོང་གསུམ༴ །ལྷ་རྫས་ཞབས་བསིལ་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་སྔོན་དུ་འགྲོ་བས་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་ཞབས་བསིལ། སྟོང་གསུམ༴ །ལྷ་རྫས་མེ་ཏོག་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་དང་། པུཥྤེ་ཞེས་པས་མེ་ཏོག་དང་། སྟོང་གསུམ༴ །ལྷ་རྫས་བདུག་སྤོས་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་དང་། བཛྲ་དྷཱུ་པེ། ཞེས་པས་བདུག་སྤོས་དང་། སྟོང་གསུམ༴ །ལྷ་རྫས་མར་མེ་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་དང་། བཛྲ་ཨཱ་ལོ་ཀེ་ཞེས་པས་མར་མེ་དང་། སྟོང་གསུམ༴ །ལྷ་རྫས་དྲི་མཆོག་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་དང་། བཛྲ་གནྡྷཾ་ཞེས་པས་དྲི་ཆབ་དང་། སྟོང་གསུམ༴ །ལྷ་རྫས་ཞལ་ཟས་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་ནས། བཛྲ་ནཻ་ཝི་དྱེ་ཞེས་པ་ཞལ་ཟས་དང་། སྟོང་གསུམ༴ །ལྷ་རྫས་རོལ་མོ་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་སོགས་དང་། བཛྲ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་རོལ་མོ་སྟེ། གྷཎྜེ་ར་ཎིས་རོལ་ཆེན་དང་བཅས་པ་རྣམས་རང་རང་གི་སྔགས་དང་། ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་གྱིས་ཕུལ་བ་སྟེ་ཕྱི་མཆོད་དོ། །ན་བཟའི་མཆོད་པ་ནི། རྟེན་ཁེབས་ལ་སོགས་གོས་ཟུང་ལ། རྡོ་རྗེས་བདུད་རྩི་གཏོར། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ། འཇམ་པ། ཡང་བ། ལྷ་རེ་རེ་ལ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མཁའ་སྤྱོད་ཕག་མོའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་སོགས་དང་། ཨོཾ་བཛྲ་ཝཥྚ་ཡེ་ཨཱཿཧཱུྃ། ཞེས་བརྗོད་པས་ལྷ་རེ་རེ་ལ་སྟོད་གཡོགས་སྨད་གཡོགས་ཕུལ་བར་བསམ། རིག་མ་བཅུ་དྲུག་གིས་མཆོད་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་མཆོད་པའི་ལྷ་མོ་རྣམས་སྐུ་མདོག་རྒྱན་ཆ་ལུགས་སོ་སོར་མཆོད་རྫས་རྣམས་ཐོགས་པ་སྤྲོས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་པར་བསམ་ལ། སྤྲོ་བའི་སྔགས་དངོས་ནི། ཨོཾ་ཝི་ནི་བཛྲི་ནི་ཧཱུྃ་ཨཱཿ ཞེས་བརྗོད། དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝཾ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་པི་ཝཾ་སྒྲ་ཡིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་་་་་་འདི་སྒྲ་སྙན་བསྒྱུར་ཚུལ་གྱི་ཕྱག་རྒྱ་བྱེད་བི་ནི་བཛྲི་ནཱི་བཛྲ་པུ་ཛི་ཏེ་ཨཱཿཧཱུྃ། ཞེས་བརྗོད་ལ་མཆོད་པར་བསམ། དེ་བཞིན་དུ། ཨོཾ་ཝཾ་སྱེ་བཛྲི་ནི་ཧཱུྃ་ཨཿ གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་གླིང་བུའི་སྒྲ་ཡིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཝཾ་སྱ་བཛྲི་ནི་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་བཛྲ་མྲྀ་ཏཾ་གེ་བཛྲི་ནི་ཧཱུྃ་ཨཱ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་རྫ་རྔའི་སྒྲ་ཡིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། བཛྲ་མྲྀ་་་་་་འདི་ལ་རྔ་སྦོ་ལོགས་ནས་བརྡུངས་ཚུལ་བྱེད་ཏཾ་གེ་བཛྲི་ནི་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་མུརྫི་བཛྲི་ནི་ཧཱུྃ་ཨཱཿ མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་རྔ་ཟླུམ་སྒྲ་ཡིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། མུརྫི་་་་་་འདི་ལ་རྔ་སྟེང་ནས་རྡུང་ཚུལ་བྱེད་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཧཱུྃ་ཨཱཿ ཨོཾ་ཧ་སྱ་བཛྲི་ནི་ཧཱུྃ་ཨཱཿ ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་བཞད་པའི་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཨོཾ་ཧ་སྱེ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ལ་སྱ་བཛྲི་ནི་ཧཱུྃ་ཨཱཿ ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་སྒེག་མཛེས་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ལ་སྱ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་གིརྟི་བཛྲི་ནི་ཧཱུྃ་ཨཱཿ གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་སྙན་པའི་གླུ་ཡིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། གཱིརྟི་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ནིརྟི་བཛྲི་ནི་ཧཱུྃ་ཨཱཿ པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་མཛེས་པའི་གར་གྱིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ནིརྟི་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་པུཥྤཾ་བཛྲི་ནི་ཧཱུྃ་ཨཱཿ ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་མེ་ཏོག་སིལ་མས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། པུཥྤཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་དྷཱུ་པཾ་བཛྲི་ནི་ཧཱུྃ་ཨཱཿ ཨིནྡྲ་ནི་ལའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་བདུག་པའི་སྤྲིན་གྱིས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། དྷཱུ་པཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་དཱི་པཾ་བཛྲི་ནི་ཧཱུྃ་ཨཱཿ ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་མར་མེའི་ཕྲེང་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། དཱི་པཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་གྷནྡྷཾ་བཛྲི་ནི་ཧཱུྃ་ཨཱཿ སིནྡྷུ་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་དྲི་བཟང་བྱུགས་པས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། གྷནྡྷཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་རུ་པ་བཛྲི་ནི་ཧཱུྃ་ཨཱཿ ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་གཟུགས་ཀྱི་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། རཱུ་པ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ར་ས་བཛྲི་ནི་ཧཱུྃ་ཨཱཿ བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་རོ་ཡི་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ར་ས་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་པརྵྱ་བཛྲི་ནི་ཧཱུྃ་ཨཱཿ སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་རེག་བྱའི་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། པརྵྱ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ།་་་་་འདི་ལ་གོས་ཟུང་ལག་པས་བླངས་ལ་འབུལ་ཚུལ་བྱེད། ཨོཾ་དྷརྨཱ་དྷཱ་ཏུ་བཛྲི་ནི་ཧཱུྃ་ཨཱཿ སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་ཆོས་ཁམས་བདེ་བས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། དྷརྨཱ་དྷཱ་་་་་་འདི་ལ་ནོར་བུ་མིག་གསུམ་པའི་ཕྱག་རྒྱ་བྱེད་ཏུ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པ་རྣམས་རང་རང་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་ཕུལ་བ་སྟེ། རིག་མ་བཅུ་དྲུག་གི་མཆོད་པའོ། །རིན་ཆེན་སྣ་བདུན་གྱི་མཆོད་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་རིན་ཆེན་སྣ་བདུན་རིམ་པ་བཞིན་དུ་གྱུར། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བསམ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཝསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། མ་ཧཱ་སྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཁཌྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་ཕུལ་བ་སྟེ། རིན་ཆེན་སྣ་བདུན་གྱི་མཆོད་པའོ། །འདོད་ཡོན་ལྔའི་མཆོད་པ་ནི། མཆོད་པ་ཇི་སྙེད་ཡོད་པ་རྣམས། བསྡུ་ན་དངོས་སུ་བཤམས་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་གཟུགས་ལ་སོགས་པ། མཆོད་པའི་ཁྱད་པར་གྱི་མཆོད་པར་མོས་ཏེ་ཕྱག་རྒྱ་དང་བཅས་པས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིམས་བྱེད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ཤཔྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམས་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། གྷནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམས་བྱེད་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། པརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་འདོད་ཡོན་ལྔས་མཆོད། དེ་ནས་ནང་མཆོད་བདུད་རྩིའི་མཆོད་པ་ནི། ལག་པ་གཡོན་པའི་མཐེབ་སྲིན་སྦྱར་བའི་བྱིན་གྱིས་བརླབས་པའི་ནང་མཆོད་ལ་འབྲུ་གསུམ་བརྗོད་ཅིང་གཡོན་དུ་ལན་གསུམ་ཆོས་འབྱུང་བྲི་ཚུལ་གྱིས་བསྐོར་ལ་དབུས་ནས་བླངས་ཏེ་གཏོར་བས། རྡུལ་ཕྲ་རབ་དང་མཉམ་པའི་ཐོད་པ་བདུད་རྩིས་གང་བར་གྱུར་པས་མཆོད་པར་བསམ་ལ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ། དྲིན་ཅན་རྩ་བའི་བླ་མ་དམ་པ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་་་་་་རང་རང་གི་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གང་ལས་ཐོབ་པའི་བླ་མའི་མཚན་ནས་བརྗོད་པའོ།། རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་ཐོག་མར་རྩ་བའི་བླ་མ་ལ་ཕུལ་ནས་དེའི་རྗེས་སུ་བརྒྱུད་པའི་བླ་མ་རྣམས་ལ་ནང་མཆོད་འབུལ་ནི། རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས། །མཁའ་སྤྱོད་དབང་མོ་རྡོ་རྗེ་རྣལ་འབྱོར་མ། །གྲུབ་པའི་སར་བཞུགས་པཎ་ཆེན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་་་་་་གཅེན་འཇིགས་མེད་གྲགས་པ། གཅུང་དུས་འཁོར་བ། ཞལ་དུ་ཨོཾ་ཨཱཿཧཱུྃ། ཟབ་ཡངས་ཆོས་ཀྱི་གཏེར་གྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །རྡོ་རྗེ་འཆང་དངོས་བླ་ཆེན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་ལྔ་རིག་པ་ས་སྐྱ་པཎ་ཆེན་དང་། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་ཞབས། །རིམ་གཉིས་ཐུགས་གཞོལ་དཀོན་མཆོག་དཔལ་བ་དང་། །བྲག་ཕུག་ཆོས་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་ཞབས། །གདམས་པ་རྒྱ་མཚོའི་མངའ་བདག་དཔལ་ལྡན་པ། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ༠ རྒྱལ་བ་གཉིས་པ་དཀོན་མཆོག་རྒྱལ་མཚན་དང་། །ཀུན་མཁྱེན་མཁས་པའི་དབང་པོ་སེངྒེའི་མཚན། །ས་བཅུའི་དབང་ཕྱུག་སངས་རྒྱས་རིན་ཆེན་དང་། །ས་སྐྱ་ལོ་ཙཱའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཤེས་བྱ་ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་དང་། །སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་རྗེ། །གང་གི་ཐུགས་སྲས་བསོད་ནམས་དབང་པོ་དང་། །གྲགས་པ་བློ་གྲོས་ཞལ་དུ་ཨོཾ་ཨཱཿཧཱུྃ། ༠ བླ་མ་ལྷར་གཟིགས་སངས་རྒྱས་དཔལ་བཟང་དང་། །མཁས་གྲུབ་ཆེན་པོ་དཔལ་ལྡན་རྒྱལ་པོའི་ཞབས། །སྙན་བརྒྱུད་གདམས་པའི་གཏེར་གྱུར་བཟང་པོ་དཔལ། །པཎ་ཆེན་ནམ་དབང་ཞལ་དུ་ཨོཾ་ཨཱཿཧཱུྃ། གྲུབ་ཆེན་སྦས་པའི་སངས་རྒྱས་ཆོས་དབང་ཕྱུག །དེ་སྲས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །འཁོར་ལོ་སྡོམ་པ་ངུར་སྨྲིག་བླ་གོས་ཅན། །སངས་རྒྱས་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས་དང་། །གྲུབ་པའི་དབང་ཕྱུག་བསོད་ནམས་དབང་ཕྱུག་ཞབས། །སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་དང་། །བསོད་ནམས་རིན་ཆེན་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙན་བརྒྱུད་མངའ་བདག་ཀུན་དགའ་བློ་གྲོས་དང་། །དེ་སྲས་ཐུ་བོ་དབང་སྡུད་སྙིང་པོའི་མཚན། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །ཀུན་དགའ་རིན་ཆེན་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བའི་མགོན་པོ་ཀུན་དགའ་རྒྱལ་མཚན་དང་། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་ཞབས། །རྣལ་འབྱོར་དབང་མོ་སྐལ་བཟང་ཆོས་ཉི་དང་། །ཀརྨ་རཏྣའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །དྲན་པས་སྙིང་གི་གདུང་བ་སེལ་མཛད་པ། །རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་། །ཆོས་ཀྱི་་་་་་ཁོ་བོས་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་དང་གྲུབ་མཆོག་དབང་ཕྱུག་རབ་བརྟན་ལས་ཀྱང་འདིའི་ཆོས་སྐོར་ཐོབ་ཡོད་ཀྱང་། གཅིག་ཆོག་རྒྱལ་པོ་རྒྱལ་བ་མུས་པ་ཆེན་པོ་དང་དབྱེར་མེད་དུ་བྱས་ནས་ནང་མཆོད་འབུལ་བའི་ལུགས་སུ་བྱས་ཏེ། བརྒྱུད་ལུགས་མི་འདྲ་བའི་བླ་མ་མང་པོའི་མཚན་རྣམས་འཛིན་འདོན་གཉིས་ཀ་ལ་དཀའ་བར་བསམ་ནས་འདིར་མ་བྲིས་སོ།། འབྲེལ་བ་ཐོབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དབང་མོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དེ་ནས་རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་ཏུ་ཐིག་ལེ་བྱས། ཕུང་ཁམས་སྐྱེ་མཆེད་ལྷའི་ངོ་བོར་གསལ་བ་བདེ་བས་ཚིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དེ་ཝི་ཡེ། དྷརྨཱ་པ་ལ་ཙ་ཏུརྨུ་ཁ་བཛྲ་ཀཱ་ལ་ཡཀྵ། ཀཱ་ལི་ཡཀྵི་ནི་ཡཀྵ་པུ་ཏྲ། རུ་ཏྲ་བྷ་ཊ། རུ་ལུ་རཀྵ་སི། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ། གདོང་བཞི་པ་སོགས་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ཆོས་འཁོར་སྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། མཁའ་འགྲོ་སྡེ་ལྔའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལ་སྐྱེས་པའི་མཁའ་འགྲོའི་ཚོགས་དང་། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུྃ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང་། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང་། གནས་བདག གཞི་བདག གྲོང་བདག ཡུལ་བདག དཀོར་བདག གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་གྱི་ལྷར་བསམ་ལ། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་བ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས། མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ། ཡང་ཨོཾ་ཨཱཿཧཱུྃ་བརྗོད་ལ་བདུད་རྩི་ལྕེ་ཐོག་ཏུ་མྱང་བས་བདག་བསྐྱེད་ཀྱི་ལྷ་མཉེས་པར་བསམ་སྟེ། བདུད་རྩིའི་མཆོད་པའོ། །ཡིད་ལས་བྱུང་བའི་མཆོད་པ་ནི། གང་བའི་ཕྱག་རྒྱ་སྤྱི་བོར་བཅིངས་ལ་ངག་ཏུ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག སེ་གོལ་གཅིག་གཏོགས། ཡང་སྔགས་ཀྱི་ཕྱག་རྒྱ་སྙིང་ཁར་བཅས་ལ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ ན་མཿས་མཱནྟ། བུདྡྷཱ་ནཱན། ཨ་བི་སྨ་ར་ཡེ། སྥ་ར་ཎ། ཨི་མཾ་ག་ག་ན་ཁཾ། དྷརྨཱ་དྷཱ་ཏུ། ཨ་ཀ་ཤཱ། ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་པརྵ་དྷ་ལ་མཎྜ་ལེ། མ་མ་པྲ་ཎི་དྷ་ན། པུ་ཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བནྡྷ་ནི། སྭ་སྡྱ། བ་ལེ་ན་ཙ་སྭཱ་ཧཱ། ཕྱག་རྒྱ་བཀྲོལ་ལ་སེ་གོལ་ལན་གཉིས་སུ་གཏོགས། དེ་ནས་བསྟོད་པའི་མཆོད་པ་ནི། ཌཱ་དྲིལ་རོལ་ཆེན་དང་བཅས་པས། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་ཝ་ར་ཧི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་ཝ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཝ་ཤྱངྐ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཥ་ནི་ཤྭ་ཥ་ནི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མསྶཾ་ཏྲཱ་ས་ནི་མཱ་ར་ནི་སུ་པྲ་བྷེ་ད་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཔ་རཱ་ཛ་ཡེ་བི་ཛཿཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧཱ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་ར་ཧཱི་མ་ཧཱ་ཡོ་གི་ནི་ཀ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བསྟོད། དེ་ནས་དྲིལ་གསིལ་གདངས་དང་བཅས་པས། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་འདིས་ཀྱང་བསྟོད་པར་བྱ་སྟེ། ཡེ་ཤེས་ཆེན་པོའི་མཛོད་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མར། །དྭང་བའི་ཡིད་ཀྱིས་ཅུང་ཟད་བསྟོད་པར་བགྱི། །འདབ་བརྒྱའི་ལྟེ་བར་ཉིན་མོར་བྱེད་པའི་དབུས། །ཞལ་གཅིག་ཕྱག་གཉིས་འབར་བའི་སྤྱན་གསུམ་གཡོ། །པདྨ་རཱ་ག་ལྟར་དམར་རྗེ་བཙུན་མ། །མཁའ་སྤྱོད་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཆགས་ཆེན་སྐྱེས་བུ་འདུལ་བར་བྱ་བའི་ཕྱིར། །བརྟན་གཡོའི་བདག་པོ་ཧེ་རུ་ཀ་དཔལ་དང་། །གཉིས་མེད་ལྷན་སྐྱེས་གར་གྱིས་རོལ་མཛད་མ། །མཁའ་སྤྱོད་ཁ་སྦྱོར་ཆེ་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཟག་པ་མེད་པའི་བདེ་བ་ཆེ། །འགྱུར་མེད་དགའ་བ་གྱ་ནོམ་བླ་ན་མེད། །རྒྱུན་ཆད་མེད་པའི་བདེ་བས་རོས་གང་མ། །མཁའ་སྤྱོད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་དབྱིངས། །མཐའ་ཡས་ཡོན་ཏན་མང་པོས་ཉེར་མཛེས་པའི། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །མཁའ་སྤྱོད་རང་བཞིན་མེད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་རྣམ་པར་མི་རྟོག་ཀྱང་། །ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་ལ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་མ། །མཁའ་སྤྱོད་སྙིང་རྗེས་ཡོངས་གང་ལ་ཕྱག་འཚལ། །སྲིད་དང་ཞི་བའི་མཐའ་དང་བྲལ་བ་ཡིས། །མི་གནས་མྱ་ངན་འདས་པའི་ས་བརྙེས་ནས། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་མ། །མཁའ་སྤྱོད་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེས་གཞན་གྱི་དབང་གྱུར་ནས། །འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ། །མྱ་ངན་མི་འདའ་བརྟན་པར་རབ་བཞུགས་མ། །མཁའ་སྤྱོད་འགོག་པ་མེད་ལ་ཕྱག་འཚལ་ལོ། །དབང་བཞིའི་དོན་ལྡན་བསྐྱེད་རིམ་ཟབ་མོའི་ལམ། །ཐུན་བཞིར་བསྒོམ་ཞིང་གུས་པས་གསོལ་བཏབ་པས། །སྐུ་བཞི་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྐུ། །མཁའ་སྤྱོད་སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གསུམ་ལྡན་པའི་གསང་སྔགས་ཡི་གེའི་ཚོགས། །དུས་གསུམ་ངག་དང་ཡིད་ཀྱིས་རབ་བཟླས་པས། །སྲིད་གསུམ་སྒྲ་དབྱངས་རྣམ་སྤངས་བརྗོད་བྲལ་གསུང་། །མཁའ་སྤྱོད་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །བདེན་གཉིས་རྣམ་དག་རྫོགས་རིམ་དབུ་མའི་ལམ། །སྒྲིབ་གཉིས་སྦྱངས་ཕྱིར་བརྩོན་པས་ལེགས་བསྒོམ་པས། །དོན་གཉིས་ལྷུན་གྲུབ་འགྱུར་མེད་བདེ་བའི་ཐུགས། །མཁའ་སྤྱོད་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །ཚེ་འདི་ཉིད་དམ་བར་དོ་ལ་སོགས་པར། །མཁའ་སྤྱོད་ཆེན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་བསྟོད་ལ་སྤྲོས་པ་ལ་དགའ་ན་སྐབས་འདིར་ཟབ་མོའི་ཡང་རྩེ་ནཱ་རོ་མཁའ་སྤྱོད་ཀྱི་ལམ་རིམ་ཟབ་མོའི་དོན་རྣམས་བདག་དང་མཐའ་ཡས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་པར་མཛོད་ཅིག་སྙམ་དུ་མདུན་བསྐྱེད་ཀྱི་མཁའ་སྤྱོད་དབང་མོ་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་ཁ་ཞེ་མེད་པར་བློ་ལྷིང་ཁེལ་གྱི་ངང་ནས་ཐལ་མོ་སྙིང་ཁར་སྦྱར་ལ་གདངས་དང་བཅས་པས། དེ་ལྟར་བདག་གི་བྱང་ཆུབ་བར་གྱི་སྐྱབས། །བླ་མ་མཁའ་སྤྱོད་དབང་མོའི་དཀྱིལ་འཁོར་ལ། །མཆོད་ཅིང་བསྟོད་པས་རབ་ཏུ་དགྱེས་མཛད་ནས། །བསམ་དོན་འདི་རྣམས་ཡིད་བཞིན་འགྲུབ་པར་མཛོད། །དལ་འབྱོར་གྲུ་ཆེན་མི་རྟག་དྲན་པ་ཡི། །བ་དན་དཀར་པོས་བསྐྱོད་པའི་ལས་འབྲས་ཀྱི། །བླང་དོར་མཐུན་པའི་རླུང་གིས་རབ་བསྐུལ་ནས། །འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བར་མཛོད། །སྐྱབས་གསུམ་གསེར་གྱི་ཅོད་པཎ་སྤྱི་བོར་བཅིངས། །བྱང་ཆུབ་སེམས་གཉིས་ནོར་བུའི་དོ་ཤལ་མཛེས། །རྡོར་སེམས་བདུད་རྩིས་ཉེས་ལྟུང་དྲི་མ་བཀྲུས། །བསླུ་མེད་བླ་མའི་བྱིན་རླབས་འཇུག་པར་མཛོད། །ཡིད་འོང་རྒྱལ་ཡུམ་ཕྱི་ཡི་རྣལ་འབྱོར་མ། །བྃ་ཡིག་ནང་གི་རྡོ་རྗེ་བཙུན་མོའི་མཆོག །སེམས་ཉིད་སྟོང་གསལ་གསང་བའི་མཁའ་སྤྱོད་ཡུམ། །རང་ཞལ་མཐོང་བའི་རྩེ་དགས་རོལ་པར་མཛོད། །སྣོད་ཀྱི་འཇིག་རྟེན་ཨེ་ཡིག་གཞལ་མེད་ཁང་། །བཅུད་ཀྱི་སེམས་ཅན་བྃ་ཡིག་རྣལ་འབྱོར་མ། །ཟུང་འཇུག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །ཅིར་སྣང་དག་པའི་སྣང་བར་འཆར་བར་མཛོད། །དེ་ལྟར་བསྐྱེད་རིམ་གསལ་བས་ཕོ་ཉ་མཆོག །རིགས་ལྡན་མཆོད་པ་བསམ་གྱིས་མི་ཁྱབ་དུས། །དབུ་མར་རླུང་ཞུགས་གཉིས་མེད་ཡེ་ཤེས་འབར། །མ་རིག་སྒོ་ངའི་སྦུབ་ཆེན་འབྱེད་པར་མཛོད། ༠ །སྒྱུ་མ་མཁན་པོ་འཁྲུལ་འཁོར་གནད་ལ་མཁས། །གདོལ་པ་སྲོག་གི་གནད་ལ་མཁས་པ་དང་། །ཤིང་མཁན་ཤིང་གི་གནད་ལ་མཁས་པ་ལྟར། །ཀུན་ཀྱང་ལུས་ཀྱི་གནད་ལ་མཁས་པར་མཛོད། །རྟོག་བཅས་སེམས་དང་ཟག་བཅས་ལུས་བསྐྱེད་པ། །རྩ་གནས་སོ་སོར་ཞུགས་པའི་རླུང་སེམས་རྣམས། །དབུ་མར་ཐིམ་པས་མི་རྟོག་ཆོས་སྐུ་དང་། །ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་མཛོད། །ཐུན་ཆེན་དྲུག་ལ་ཐུན་ཆུང་སུམ་ཅུ་པོ། །རེ་རེ་རེ་རེ་འཕེལ་བ་གོམས་པའི་མཐུས། །རླུང་སྦྱོར་རྒྱལ་པོ་དཔལ་ལྡན་ཀུམྦྷ་ཀས། །ལས་རླུང་མ་ལུས་དབུ་མར་ཞུགས་པར་མཛོད། །ལྟེ་བའི་པདྨོར་རླུང་ལྔའི་ཏི་ལ་ཀ །རྩེ་གཅིག་བསྒོམས་པས་ཁ་སྦྱོར་རྣལ་འབྱོར་གྱིས། །ལུས་སེམས་རྩ་ལ་དྲི་བཞོན་ཞུགས་པ་ཡིས། །བདེ་བ་མཆོག་གིས་བདག་རྒྱུད་ཚིམ་པར་མཛོད། །ལུས་སེམས་རྩ་ལ་རླུང་རྣམས་རིམ་ཞུགས་པ། །དེ་ཚེ་ཚོར་བདེ་མི་རྟོག་བདེ་བ་དང་། །མཚོན་བྱེད་དཔེ་ཡི་ཡེ་ཤེས་ལེགས་སྐྱེས་ནས། །གསལ་ལ་རྫོགས་པའི་རྟགས་བཅུ་འཆར་བར་མཛོད། །སྤྲུལ་པའི་འཁོར་ལོའི་ལས་ཀྱི་གཏུམ་མོ་དང་། །བདེ་ཆེན་འཁོར་ལོའི་འོད་ཀྱི་གཏུམ་མོ་གཉིས། །ཆོས་ཀྱི་འཁོར་ལོ་རོ་མཉམ་འདྲེས་པ་ཡིས། །བདེ་དྲོད་ཡེ་ཤེས་ལྷག་པར་འབར་བར་མཛོད། ༠ །རྡོ་རྗེ་བཙུན་མོ་ཉི་མ་འབུམ་གྱི་གཟིས། །འོད་གཟུགས་གངས་རིའི་དབང་པོ་ཞུ་བ་ལས། །ཨ་ཝ་དྷུ་ཏིའི་འབར་འཛག་རྣམ་རོལ་བས། །བདེ་སྟོང་མཆོག་གི་དཔལ་ལ་རོལ་པར་མཛོད། །ཆེས་ཟབ་རྣལ་འབྱོར་བཅུ་གཅིག་ལ་འབད་པས། །ནམ་ཞིག་དུས་ན་དགའ་མ་བྱུ་རུའི་མདོག །ལི་ཁྲིའི་སྐྲ་གྲོལ་དམར་སེར་མིག་གཡོ་བས། །མངོན་སུམ་རིག་འཛིན་གྲོང་དུ་འཁྲིད་པར་མཛོད། །སིནྡྷུར་ལངྐ་ལི་ཡི་སྡོང་བུར་བཅས། །རོ་ལྡན་གནས་སུ་བསྒྲུབས་ཤིང་ཡུལ་ཀུན་ཏུ། །ཉུལ་བས་གང་གི་མཛོད་སྤུར་འཁྱིལ་རིས་ཅན། །འཕོས་པའི་མཛེས་མས་མཁའ་སྤྱོད་འཁྲིད་པར་མཛོད། །ནང་གི་ཕག་མོས་གཟུང་འཛིན་འཁྲིལ་ཤིང་བཅོམ། །མཆོག་གི་དྷཱུ་ཏིར་ཞུགས་པའི་གར་མཁན་མ། །ཚངས་པའི་སྒོ་ནས་སྤྲིན་ལམ་དབྱིངས་སུ་འཐོན། །ཁྲག་འཐུང་དཔའ་བོར་འཁྱུད་ཅིང་རོལ་བར་མཛོད། །སྐྱེ་འགག་གནས་གསུམ་བྲལ་བ་གདོད་མའི་གཤིས། །སྟོང་གསལ་བརྗོད་དུ་མེད་པ་གཉུག་མའི་ངང་། །ཟུང་འཇུག་བློ་འདས་རང་སེམས་རྣལ་འབྱོར་མ། །རང་ངོ་ཤེས་ནས་རྟག་ཏུ་སྐྱོང་བར་མཛོད། །རྩ་རླུང་ཐིག་ལེ་ཨེ་ཝྃ་དབྱིངས་སུ་ཐིམ། །སེམས་ཉིད་བདེ་ཆེན་ཆོས་སྐུའི་དཔལ་ཐོབ་ནས། །བགྲང་ཡས་གཟུགས་སྐུའི་རྣམ་རོལ་དཔག་མེད་ཀྱིས། །འགྲོ་ཀུན་མཁའ་སྤྱོད་གནས་སུ་འཁྲིད་པར་མཛོད། །ཅེས་བརྗོད་པས་གསོལ་བ་བཏབ་ལ། ༈ །དེ་ནས་བུམ་པ་སྒྲུབ་པ་ནི། ཚུལ་བཞིན་བཤམས་པའི་བུམ་པ། ཉིན་དང་པོར་བུམ་པར་གུ་གུལ་གྱིས་བདུག སློབ་དཔོན་གྱིས་སུམྦྷ་ནི་བཟླ་བཞིན་ཡུངས་ཀར་གྱིས་བྲབ་པ་བཅས་མཛད་སྲོལ་ཡོད། སུམྦྷ་ནི་སོགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁར་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་དབུས་སུ་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྃ་ཡིག་དམར་པོའི་མཐའ་མར་གཡོན་སྐོར་གྱིས། ཨོཾ་ཨོཾ་ཨོཾ། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཞེས་པས་བསྐོར་ཏེ་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབ་པའི་གདོང་པ་མནན་པ། སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཅིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་། དྲིལ་བུ་དང་། འཕན་རྩེ་གསུམ་པ་འཕྱང་བ་དང་བཅས་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་བརྗོད་ཅིང་དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པ་བསྟིམ། གོ་ཆ་དགོད་པ་དང་དབང་བསྐུར་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་ནི། ཕཻཾ། རང་གི་སྙིང་གའི་བྃ་ཡིག་ལས་འོད་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད། དེ་ནས་གོ་ཆ་དགོད་པ་ནི། མདུན་བསྐྱེད་ཀྱི་ལྷའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་གསལ་བར་གྱུར། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེ་ནས་ཕྱི་ནང་གི་མཆོད་ཅིང་བསྟོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཀུན་ལ་སྦྱར་བའི་པཱ་དྱཾ། པུཥྤཾ་ནས། ཤཔྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པ་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ་རྡོ་རྗེ་དྲིལ་བུ་འཛིན་པས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ལག་པ་གཉིས་པད་སྐོར་དང་བཅས་པས་གཟུངས་ཐག་ནས་བཟུང་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བས། བུམ་ནང་གི་རྡོ་རྗེ་རྣལ་འབྱོར་མ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་ལུས་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་བརྒྱ་རྩ་བརྒྱད་དང་། ཨོཾ་སུམྦྷ་ནི་སུམྦྷ་སོགས་ཧཱུྃ་བཞི་མ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པའི་སྔགས་ཚན་གཉིས་པོ་འདིའང་ཉི་ཤུ་རྩ་གཅིག་རེ་བཟླས་ནས་གོང་བཞིན་མཆོད་ཅིང་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མཚན་སྔགས་ཀུན་ལ་སྦྱར་བའི་པཱ་དྱཾ་ནས། ཤཔྡའི་མཆོད་རོལ། དྷརྨཱ་ར་ཎི་སོགས་གོང་ལྟར་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། གིས་ནང་མཆོད་ཕུལ། དེ་ནས་རྡོར་དྲིལ་འཛིན་པས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཤློ་ཀ་གཉིས་གོང་བཞིན་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་དུ་འཁྲིད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ་ལ། དུང་ཆོས་ཀྱི་ཆུ་བུམ་ནང་དུ་བླུག་ལ། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་རྗེ་བཙུན་མ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་ཅན་དུ་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕུད་ཕུལ་ནས། སྒྲུབ་གྲོགས་གཞན་ཐམས་ཅད་ལ་དུང་ཆོས་རྣམས་སུ་ཅུང་ཟད་རེ་བཀྱེ་ལ།། ༈ །དེ་ནས་བདག་འཇུག་བྱ་བ་ནི། མདུན་བསྐྱེད་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་། རང་རང་གི་རྩ་བའི་བླ་མ་གཉིས་སུ་མེད་པ་ལ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་དམིགས་ལ། དབང་གི་དུས་ཀྱི་བྱ་བ་རྣམས་ནི་མདུན་བསྐྱེད་ཀྱི་བླ་མ་རྣལ་འབྱོར་མའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཞིག་གིས་མཛད་ཅིང་ཚིག་རྣམས་ནི་སིནྡྷུ་རའི་དཀྱིལ་འཁོར་གྱི་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་གསུངས་པར་བསམ་པའམ། ཡང་ན་དབང་གི་ཚིག་དང་བྱ་བ་ཐམས་ཅད་མདུན་བསྐྱེད་ཀྱི་བླ་མ་རྡོ་རྗེ་རྣལ་འབྱོར་མ་རང་ཉིད་ཀྱིས་མཛད་པར་བསམ་པའང་བཤད་པས་དམིགས་པ་གང་བདེ་དང་བཅས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་ནས་ཅུང་ཟད་འཐུང་ལ་གདོང་བཀྲུ་བའི་ཚུལ་བྱ། དེ་ནས་འཇུག་པའི་ཡོན་དུ་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་ར་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། ཧཱུྃ་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པ་ལ་འཇུག་པའི་ཆོས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་ཡོན་ཕུལ་ནས་གསོལ་བ་གདབ་པ་ནི། ལག་པར་མེ་ཏོག་ཅུང་ཟད་དང་བཅས་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་ལ་སྐྱོབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གྱི་གསོལ་བ་བཏབ། དེ་ནས་རྡོ་རྗེ་རྣལ་འབྱོར་མས་བརྗོད་པར་བསམ་སྟེ། ཨ་ཁཾ་ཝཱི་ར་ཧཱུྃ་གིས་གདོང་བཅིངས། ཡང་ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བླང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཁཎྜ་རོ་ཧི་དཔག་ཏུ་མེད་པ་སྤྲོས་ཏེ། བདག་ཉིད་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ལྕེ་ལ་བཞག་པས་ནང་གི་བར་ཆད་ཐམས་ཅད་ཞི་བར་བསམ། དེ་ནས་དྲི་བ་མཛད་ཅིང་ལན་བཏབ་པར་མོས་ལ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ །དེ་ནས་ནང་གི་སེམས་བསྐྱེད་པར་བསམ་ལ། རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། དེ་ཉིད་མདུན་བསྐྱེད་ཀྱི་ཕྱག་གི་རྡོ་རྗེ་རང་གི་སྙིང་ཁར་བཞག་ནས་བརྟན་པར་བྱས་པར་མོས་ཏེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། སུ་ར་ཏི་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེ་ནས་གསང་བར་གདམས་པར་མཛད་པར་བསམ་ལ། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་རྣལ་འབྱོར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད། རྣལ་འབྱོར་མའི་ཕྱག་ན་གནས་པའི་རྡོ་རྗེ་ལ་འཇུས་ཏེ། དཀྱིལ་འཁོར་གྱི་དབུས་ན་རྣལ་འབྱོར་མ་བཞུགས་པའི་དྲུང་དུ་སླེབ་པར་མོས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་རང་གི་ལག་གིས་རྡོ་རྗེ་དང་བཅས་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་དུད་པ་རེ་བྱའོ། །དེ་ཡན་གྱིས་ཕྱིའི་འཇུག་པ་སོང་ནས། དེ་ནས་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་རྣམས་གོང་འཕེལ་དུ་བཟུང་བར་བགྱིའོ་སྙམ་པས།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས་ཁྱད་པར་འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ཀྱང་སོར་ཆུད་ཅིང་བརྟན་པར་བྱའོ་སྙམ་པས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལའང་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་། །ཞེས་ལན་གསུམ་བརྗོད། དེ་ནས་ཡེ་ཤེས་པ་དབབ་པའི་དོན་དུ་མཎྜལ་དང་གསོལ་བ་གདབ་པ་འདི་པའི་ལུགས་ཀྱིས་བསྡུས་པའི་ཕྱོགས་མ་བྱས་ཀྱང་ཆོག་པར་བཤད་མོད། འོན་ཀྱང་སྤྲོས་པ་ལ་དགའ་བས་བྱེད་པར་སྤྲོ་ན་མཎྜལ་འབུལ་བ་ནི། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །སོགས་འཇུག་པ་དང་འདྲ་བར་བརྗོད་ནས། དེ་ནས་གསོལ་བ་གདབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། བླ་མ་དང་གཉིས་སུ་མེད་པའི་མདུན་བསྐྱེད་ཀྱི་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་གི་ལུས་ལ་ཕོག་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་རྣམས་བྱང་རྣམ་སྨིན་གདོས་བཅས་ཤ་ཁྲག་རུས་གསུམ་གྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། བྃ་ཡིག་དམར་པོའི་མཐར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་ཏེ། གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད་ཅིང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། དེ་རྣམས་འོད་དུ་ཞུ་ནས་ཚུར་འདུས་ཡིག་འབྲུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབ་པའི་གདོང་པ་མནན་པ། སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཅིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་དྲིལ་བུ་དང་། འཕན་རྩེ་གསུམ་པ་འཕྱང་བ་དང་བཅས་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་གྱུར་པའི་ལྟེ་བར་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས་བྱུང་བའི་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་བྃ་ཡིག་དམར་པོ་དང་། དེའི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་སྨིན་མཚམས་ཀྱི་ཐད་རྣམས་སུ་དགའ་བ་འཁྱིལ་བ་རེ་རེ་དང་བཅས་པ་གསལ་བར་གྱུར། ཅེས་བརྗོད་ཅིང་བསམས་ལ་འབར་བའི་ཕྱག་རྒྱ་དང་བཅས། ཕཻཾ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་གསལ་བར་གྱུར། ཅེས་བརྗོད་ཅིང་བསམ་ལ། དེ་ནས་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ལྟེ་བའི་ཆོས་འབྱུང་ཉིས་བརྩེགས་བྃ་ཡིག་དགའ་བ་འཁྱིལ་བ་རྣམས་དང་བཅས་པ་ཤིན་ཏུ་གསལ་བའི་དམིགས་པ་དང་མ་བྲལ་བའི་ངང་ནས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པས། བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྡོ་རྗེ་རྣལ་འབྱོར་མའི་སྐུ་མཐེབ་སོར་གྱི་ཚད་ཙམ་རེ་རྒྱངས་ཀྱིས་བྱོན་ནས། རང་གི་ཞལ་ནས་ཞུགས་པར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་རང་གི་ཞལ་དུ་ཞུགས་པའི་རྡོ་རྗེ་རྣལ་འབྱོར་མ་དེས་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ་གར་སྟབས་ཀྱིས་ཡང་ནས་ཡང་དུ་འཁྱུག་པར་མཛད་དེ་ཏིང་ངེ་འཛིན་སྐྱེ་བའི་གེགས་སུ་གྱུར་པ་ཐམས་ཅད་ཞི་བར་མཛད་ནས། མཐར་ལྟེ་བའི་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་གི་བྃ་ཡིག་ལ་ཐིམ་པས་དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབ་པའི་གདོང་པ་མནན་པ། སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཞིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ་ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་། དྲིལ་བུ་དང་། འཕན་རྩེ་གསུམ་པ་འཕྱང་བ་དང་བཅས་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་རང་གི་ལྟེ་བའི་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་ལ་སེམས་གཏད་པས་དེ་ཉིད་བདེ་བ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་གང་པས་གར་སྟབས་དུ་མ་མཛད་ཅིང་སྔར་གྱི་ཆོས་འབྱུང་གི་གྲྭ་བཞི་དང་སྨིན་མཚམས་ཀྱི་ཐད་ཀྱི་དགའ་བ་འཁྱིལ་བ་དཀར་ལ་དམར་བའི་མདངས་ཆགས་པ་རྣམས་ཀྱང་གཡོན་ཕྱོགས་སུ་མྱུར་དུ་འཁོར་བ་གསལ་བར་གྱུར། དེའི་དུས་སུ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་རང་གི་སྤྱི་བོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་། རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་བྱིན་གྱིས་བརླབས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་ཨོཾ་གསུམ་མའི་སྔགས་མང་དུ་བརྗོད་ཅིང་རོལ་ཆེན་དང་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་བྱ། སླར་ཡང་མདུན་བསྐྱེད་ཀྱི་བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་དཔག་ཏུ་མེད་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་རང་གི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཨོཾ་གསུམ་མའི་སྔགས་བརྗོད་ཅིང་རོལ་ཆེན་དང་། ཌཱ་མ་རུ་དང་། དྲིལ་བུའི་སྒྲ་བྱ། དེ་ལྟར་བྱིན་རླབས་ཞུགས་པ་དེ་ཉིད་མི་འབྲལ་བའི་ཕྱིར། ཨོཾ་བྃ་ཧྃ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་པས་ལུས་ཀྱི་གོ་ཆ་རྣམས་དྲན་པར་བྱ། དེ་ནས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་མེ་ཏོག་གི་ཕྲེང་བ་བླ་མ་རྗེ་བཙུན་མའི་ཐུགས་ཀར་ཕུལ་བར་བསམ་ཞིང་། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་སིནྡྷུ་རའི་མཎྜལ་གྱི་དབུས་སུ་འབུལ་བའི་སྟངས་ཀ་བྱ། དེ་ནས་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། རྗེ་བཙུན་མས་རང་གི་སྤྱི་བོར་བཞག་པར་མོས་ལ། ཨོཾ་པྲ་ཏི་གྲྀཧྞ་ཏཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་གསུངས་པར་བསམ་ཞིང་རང་གི་སྤྱི་བོར་མེ་ཏོག་བཞག དེ་ནས་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་བྱེད་བསལ་བའི་མཚོན་བྱེད་དུ་གདོང་གཡོགས་བཀྲོལ་བར་མོས་ཏེ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་པ་ཧྲཱིཿ ཞེས་བརྗོད་ལ་དེ་ནས་མདུན་བསྐྱེད་ཀྱིས་གསུངས་པར་བསམ་ལ། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་སྐུ་དང་ཙཀ་ལི་ལྟ་བུ་མ་ཡིན་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་མངོན་སུམ་ལྟ་བུར་མཐོང་བ་ཡིན་ནོ། །ཞེས་བརྗོད་ཅིང་བསམ་པ་དེ་ཡན་གྱིས་འཇུག་པའི་ཆོས་འཁོར་དང་བཅས་པ་སོང་ནས། དེ་ནས་དངོས་གཞི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་དབང་གི་དངོས་གཞིའི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །སོགས་མཇུག་གཞན་དང་འདྲ་བར་བརྗོད་ལ། དེ་ནས་གསོལ་བ་གདབ་པ་ནི། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལའང་དེང་སྩོལ་ཅིག །ལན་གསུམ། རང་ཉིད་དཀྱིལ་འཁོར་གྱི་མདུན་དུ་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཁོར་ཡུག་ཏུ་མཆོད་པ་སྣ་ཚོགས་ཀྱིས་བསྐོར་བ་དང་བཅས་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཕཻཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཨོཾ་བྃ་ཧྃ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སླར་ཡང་མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕཻཾ་བཛྲ་ས་མཱ་ཛཿ དེ་ལྟར་མངོན་སུམ་ལྟ་བུར་བྱོན་པའི་བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བའི་དགོངས་པ་མཛད། སྙིང་པོའི་རྣལ་འབྱོར་མ་བཞིས་རྡོ་རྗེའི་གླུ་ལེན། ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་རྣམས་ཀྱིས་མཆོད་པ་བྱེད། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་རྣམས་བསྐྲད་པར་གྱུར། ཅེས་བརྗོད་ཅིང་བསམ། དྲིལ་གསིལ་གདངས་དང་བཅས་པས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་དབང་བསྐུར་བར་གསོལ་བ་གདབ་པ་ནི། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། གཙོ་མོའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་བྱོན་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར་བར་བསམ་ལ་བུམ་པ་སྤྱི་བོར་བཞག་སྟེ། ཨོཾ་ཀ་ཀ་སྱེ། ཨུ་ལུ་ཀ་སྱ། ཤྭ་ན་སྱ། སུ་ཀ་ར་སྱེ། ཡ་མ་ད་དྷི་ཡེ། ཡ་མ་དྷུ་ཏི་ཡེ། ཡ་མ་དཾ་ཥྚི་ཎྱེ། ཡ་མ་མ་ཐ་ནི་ཡེ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དབང་གི་ལྷ་མདུན་བསྐྱེད་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་རབ་ཏུ་གནས་པས་བརྟན་པར་བྱས་པ་ཡིན་ནོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། རང་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་དུ་གསལ་བ་ལ་མཆོད་པ་མཛད་པར་བསམ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ནཻ་ཝི་དྱཾ་ཨཱཿཧཱུྃ་གི་བར་གྱིས་ཕྱག་རྒྱ་དང་བཅས་པས་མཆོད་ལ་དེ་ནས་བཟླས་པའི་ལུང་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་མདུན་བསྐྱེད་ཀྱི་ཞལ་ནས་ཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་བྃ་ཡིག་ལ་ཐིམ་ཞིང་། དེའི་མཐའ་མར་གཡོན་སྐོར་དུ་དང་པོས་འཁོད། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པ་བྱས་པར་གྱུར། ཞེས་མདུན་བསྐྱེད་ཀྱིས་གསུངས་པར་བསམ་ཞིང་བརྗོད་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེས་རྗེས་ཟློས་བྱས་པར་བསམ། དེ་ནས་མེ་ཏོག་འཐོར་ཞིང་། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གཅིག་བརྗོད། རྗེ་བཙུན་མས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། རང་གི་སྤྱི་གཙུག་ཏུ་བཞག་ཅིང་གསུངས་པར་བསམ་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་མེ་ཏོག་སྤྱི་བོར་བཞག དེ་ནས་བླ་མ་དང་གཉིས་སུ་མེད་པའི་མདུན་བསྐྱེད་ཀྱི་རྗེ་བཙུན་མས་སིནྡྷུ་རའི་རྡུལ་ཚོན་ནས་ཕྱག་གཡོན་པའི་མཐེབ་སྲིན་གྱིས་བླངས་ནས། རང་གི་དཔྲལ་བ། མགྲིན་པ། སྙིང་ཁ་རྣམས་སུ་ཐིག་ལེ་མཛད་པར་བསམ་ཞིང་། དངོས་སུ་རང་གི་ལག་གཡོན་པའི་མཐེབ་སྲིན་གྱིས་དཔྲལ་བ་མགྲིན་པ་སྙིང་ཁ་གསུམ་དུ་རེག་ཙམ་བྱས་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་ཨོཾ་གསུམ་མ་ཚར་གཅིག་བརྗོད། དེ་ལྟར་ན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་བུམ་པའི་དབང་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ལུས་ཀྱི་དྲི་མ་དག སྐུའི་བྱིན་རླབས་ཞུགས། ལམ་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། དེ་ཡན་གྱིས་བུམ་དབང་བཟླས་ལུང་དང་བཅས་པ་སོང་ནས། དེ་ནས་གསང་དབང་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཐིག་ལེ་དུང་དང་ཀུནྡ་ལྟར་དཀར་བ་ཐོད་པའི་ནང་དུ་ལྷུང་བ། བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་རང་གི་ལྕེ་ཐོག་ཏུ་བཞག ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་ཨོཾ་གསུམ་མའི་སྔགས་ཚར་གཅིག་དང་། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་མྱོང་བས། རང་གི་ལུས་ཀྱི་རྩ་ནང་གི་བྱང་སེམས་དམ་ཚིག་པའི་ཚུལ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པས་རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་དག་ཅིང་གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག དེ་ལྟར་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསུང་བདུད་རྩིའི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ངག་གི་དྲི་མ་དག གསུང་གི་བྱིན་རླབས་ཞུགས། ལམ་རྫོགས་རིམ་རྩ་དབུ་མ་ཨུཏྤལ་ལ་གཞོན་ནུ་ཁ་འབྱེད་པའི་མན་ངག་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཕྱོགས་བཅུའི་དཔའ་བོ་ཐམས་ཅད་གཅིག་ཏུ་འདུས་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་གྱུར་པ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་མཁའ་ནང་དུ་བྱིན་པར་གྱུར། ཅེས་བརྗོད་ཅིང་མདུན་བསྐྱེད་སིནྡྷུ་རའི་དཀྱིལ་འཁོར་གྱི་དགའ་འཁྱིལ་སྔགས་ཕྲེང་བྃ་ཡིག་དང་བཅས་པ་ནས། བླ་མ་རྗེ་བཙུན་མའི་ཕྱག་གཡོན་པའི་སྲིན་ལག་གིས་བླངས་ནས། རང་གི་གསང་གནས། ལྟེ་བ། སྙིང་ཁ། མགྲིན་པ། སྐྲ་མཚམས་རྣམས་སུ་མས་ཡར་རེག་སྟེ་ཐིག་ལེ་མཛད་པར་བསམ་ལ། དངོས་སུ་རང་གི་ལག་པ་གཡོན་པའི་སྲིན་ལག་གིས་གསང་གནས། ལྟེ་བ། སྙིང་ཁ། མགྲིན་པ། སྐྲ་མཚམས་རྣམས་སུ་མས་ཡར་རེག་པའི་ཚུལ་བྱ་ཞིང་། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་ཨོཾ་གསུམ་མ་ཚར་གཅིག་བརྗོད་ཅིང་། ལག་པ་གཉིས་པད་སྐོར་འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་སེམས་ཀྱི་དམིགས་པ་རང་གི་མཁའ་ནང་གི་བྱང་ཆུབ་ཀྱི་སེམས་དེ་ཉིད་འོག་རླུང་བསྐྱོད་པའི་སྟོབས་ཀྱིས་ཡར་དྲངས། ལྟེ་བའི་རྩ་འཁོར་ཐམས་ཅད་བྱང་སེམས་ཀྱིས་ཁྲིག་མེར་གང་བས་དགའ་བའི་ཡེ་ཤེས་ཡར་དྲངས། སྙིང་ཁའི་རྩ་འཁོར་ཐམས་ཅད་གང་བས་མཆོག་དགའི་ཡེ་ཤེས་ཡར་དྲངས། མགྲིན་པའི་རྩ་འཁོར་ཐམས་ཅད་གང་བས་དགའ་བྲལ་གྱི་ཡེ་ཤེས་ཡར་དྲངས། སྤྱི་བོའི་རྩ་འཁོར་ཐམས་ཅད་གང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས། དེའི་ཚེ་ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་ཁྱབ། དེས་ཁྱབ་ཚད་ལ་བདེ་བས་ཁྱབ། བདེ་བ་ལ་སྟོང་པས་ཁྱབ་པས་མདོར་ན་བདེ་སྟོང་ཟུང་འཇུག་གི་ངང་ལ་ཅུང་ཟད་མཉམ་པར་བཞག དེ་ལྟར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བྱིན་རླབས་ཀྱི་ཚུལ་དུ་ཐོབ། སེམས་ཀྱི་དྲི་མ་དག ཐུགས་ཀྱི་བྱིན་རླབས་ཞུགས། ལམ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། དེ་ནས་དབང་བཞི་པ་ནི། མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་མས་གསུངས་པར་བསམ་ལ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཞེས་བརྗོད། དེའི་དོན་ཐམས་ཅད་ཀྱི་གནས་ལུགས་བདེན་པའི་དངོས་པོ་ཅུང་ཟད་ཙམ་ཡང་ཡེ་གདོད་མ་ནས་ཡོད་མ་མྱོང་བ་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་འདི་ནི་ཡོད་མེད་རྟག་ཆད་སྲིད་ཞིའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའི་དཀྱིལ་ལྟ་བུ། དེའི་ངོ་བོ་ལ་གཟུང་འཛིན་གྱི་སྤྲོས་པའི་གདོད་མ་ནས་གོས་མ་མྱོང་བས་དྲི་མ་མེད་པ། དེ་ལྟ་བུའི་ཡུལ་སྟོང་པ་ཉིད་དེ། ཡུལ་ཅན་གཉིས་སྣང་ཐམས་ཅད་ནུབ་པའི་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་ཡིས། སྟོང་པ་ཉིད་དུ་བསྒོམ་ཞེས་ཟུང་འཇུག་གི་ངང་དུ་ཅུང་ཟད་མཉམ་པར་བཞག དེ་ལྟར་ན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་སྒོ་ནས་དབང་བཞི་པ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་མས་གསུངས་པར་བསམ་ནས་བརྗོད་ལ། དེ་ལྟར་ཐོབ་པ་གོང་འཕེལ་དུ་བྱས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ལན་གསུམ་དང་། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་གཏང་རག་ཏུ་དམིགས་ནས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་སོགས་མཎྜལ་བདུན་མ་སྤྱི་དང་འདྲ་བ་ལས། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་དབང་བསྐུར་བ་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དབུལ་བར་བགྱི། ཞེས་སོགས་སྤྱི་དང་འདྲ་བ་བརྗོད་ལ། དེ་ནས་ལུས་ལོངས་སྤྱོད་ལ་སོགས་པ་ཡང་ཡོན་དུ་འབུལ་བ་ཆ་ཤས་ཀྱིས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ་བརྗོད། དེ་ནས་སྐབས་འདིར་སྤྲོས་པ་ལ་དགའ་བས་ལམ་སྲོལ་ཟབ་མོ་འདི་ཉིད་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་པར་ཐར་པ་དང་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་འདེབས་བྱ་བར་འདོད་ན། སྤྱིར་འཁོར་ལོ་བདེ་མཆོག་གི་དབང་རྒྱུད། མན་ངག་གི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་བ་འདེབས་པ་དང་། བྱེ་བྲག་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་འདེབས་པ་གཉིས་ལས། དང་པོ་ནི། རང་གི་རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དེ་ཉིད་དང་། བརྒྱུད་པའི་བླ་མ་ཐམས་ཅད་དབྱེར་མེད་དུ་བཞུགས་པའི་གདོད་མའི་གནས་ལུགས་ཀྱི་རང་བབས་ལ་ངེས་ཤེས་དུང་པ་དང་བཅས་པས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཤློ་ཀ་གཅིག་གི་རྗེས་སུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་གིས་སྐྱེ་དང་འཇིག་པ་དག །རིང་དུ་ཡོངས་སུ་སྤངས་གྱུར་ཅིང་། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་གྱི་དོན་འཛིན་ཅིང་། །སེམས་ཅན་ཀུན་ལ་ཕན་བརྩོན་པའི། །ཀུན་མཆོག་རྡོ་རྗེ་འཆང་དབང་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ལས་མངོན་སུམ་དུ། །ཁྱེད་ཀྱིས་ཆོས་རྣམས་ཐུགས་ཆུད་ཅིང་། །མདའ་འཛིན་སྤྱོད་པ་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཐུབ་པས་ཐུབ་པར་ལུང་བསྟན་ཅིང་། །ཆོས་རྣམས་དོན་སྟོན་ཀླུ་སྒྲུབ་མཆོག །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཉིད་ཀྱི་དེ་ཉིད་མཆོག་བརྙེས་ནས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །རྔོན་པའི་ཆ་ལུགས་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡི་གེའི་སྦྱོར་བ་སྤངས་ནས་སུ། །བརྩོན་པས་ཉ་རྒྱུ་གསོལ་མཛད་དེ། །བརྩེ་བས་གཞན་དོན་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྒྱལ་པོའི་བྱ་བ་རབ་སྤངས་ནས། །སྤྲུལ་ཚོགས་རྗེས་སུ་བསྒྲུབ་མཛད་དེ། །ཀཉྩའི་གྲོང་དུ་གྲུབ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོའི་རྗེས་གནང་ཞིང་། །གཞན་དོན་སྤྱོད་པ་མངོན་སུམ་མཛད། །རྡོ་རྗེ་དྲིལ་བུ་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དམ་པའི་དེ་ཉིད་དོན་རྟོགས་ཏེ། །བརྩེ་བས་རུས་སྦལ་ཞབས་ལྡན་པ། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱོད་ནི་བརྩེ་བས་གྲུབ་བརྙེས་ཏེ། །འབར་བས་འབར་བའི་སྤྱོད་འཛིན་ཞིང་། །ཀུན་ལ་ཕན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ནུས་པ་ལ་ནི་མངའ་བརྙེས་ཤིང་། །སྤྱོད་པ་ཀུན་གྱི་རྨད་བྱུང་བ། །འཇིག་རྟེན་འདྲེན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་གུ་ཧྱ་པ། །བརྩེ་བས་ལོག་འདྲེན་རྣལ་འབྱོར་མ། །བཏུལ་ནས་འགྲོ་བ་སྐྱོང་བ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མི་མཐུན་ཕྱོགས་རྣམས་རབ་སྤངས་ཏེ། །དཀར་པོ་རྣམ་པར་འཕེལ་མཛད་པ། །རྣམ་པར་རྒྱལ་བའི་ཞབས་པད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གྲུབ་ནས་གྲུབ་པའི་ལམ་སྟོན་ཅིང་། །འགྲོལ་ནས་རྣམ་པར་ཕན་མཛད་པ། །བར་མའི་སློབ་དཔོན་དམ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཏིལ་བརྡུངས་པས་ནི་རབ་གྲུབ་པ། །སྐལ་ལྡན་གཞན་ལ་བརྩེ་བ་ཅན། །མུ་སྟེགས་རྣམ་པར་སུན་འབྱིན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བྲམ་ཟེ་ལས་ནི་རབ་བྱུང་ཞིང་། །གནས་ལྔ་ལ་ནི་རབ་སྦྱངས་ཤིང་། །དཀའ་བས་དམ་པ་བསྟེན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཤེས་བྱ་ལ་ནི་རབ་སྦྱངས་ཤིང་། །ནུས་པས་ཀུན་ལ་ཐོགས་མེད་ལྡན། །ཕ་ན་ཕེམ་གུར་གྲགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང་། །ཤེས་རབ་ལྡན་པས་ཕན་མཛད་པ། །བརྩེགས་པའི་མཐའ་དང་ལྡན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩོན་པས་དཀའ་བ་ཆེར་མཛད་དེ། །རྒྱུད་ཀུན་འཛིན་མཛད་སྐད་གཉིས་སྨྲ། །རྗེ་བཙུན་བློ་གྲོས་གྲགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཁྱོད་ལ་བྱིན་གྱིས་བརླབས་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་ལྡན། །རྒྱུད་རྣམས་ཀུན་གྱི་བདག་པོར་གྱུར། །ཀུན་དགའ་སྙིང་པོར་གྲགས་པ་ཡིས། །དཔལ་ལྡན་ས་སྐྱར་བཞུགས་གྱུར་ཅིང་། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །གནས་ལྔ་ལ་ནི་རབ་མཁས་ཤིང་། །བསོད་ནམས་ཡེ་ཤེས་རྩེར་གྱུར་པ། །ཉིད་ཀྱི་གཞན་དོན་རྫོགས་མཛད་ནས། །འཇིག་རྟེན་རྣམས་ནི་གཞུག་པའི་ཕྱིར། །བདེ་བ་ཅན་དུ་མངོན་སུམ་གཤེགས། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་ནི་འཇམ་དབྱངས་ལྟར། །ཤེས་བྱ་ཀུན་ལ་རབ་མཁས་ཤིང་། །འཇིག་རྟེན་ཀུན་ལ་རྩ་ལག་ལྟར། །དགོངས་པས་ཁྱོད་ཀྱི་གྲགས་པ་ཡི། །རྒྱལ་མཚན་དྲི་མ་མེད་པ་ཐོབ། །ངོ་མཚར་དུ་མའི་སྤྱོད་པ་འཛིན། །ཀུན་ནས་ཡོན་ཏན་ལྡན་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩེ་བས་སེམས་ཅན་ཐམས་ཅད་ལ། །དཔལ་འབྱོར་ཆེན་པོའི་འོད་ཟེར་གྱིས། །རྟག་པར་སྐྱོང་བར་མཛད་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཉིད་ངུར་སྨྲིག་གིས། །ཆོས་གོས་འཛིན་པར་ལེགས་སྤྲུལ་པའི། །ས་སྐྱ་པཎ་ཆེན་ཞབས་པད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཁོར་ལོས་སྒྱུར་བའི་དཔལ་འབྱོར་དང་། །མཁས་ཤིང་གྲུབ་པའི་བློ་གྲོས་ཅན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྦྱངས་པའི་ཡོན་ཏན་ལྷུར་མཛད་དེ། །རིམ་པ་གཉིས་ལ་ཐུགས་བརྟན་པ། །ཞང་སྟོན་དཀོན་མཆོག་དཔལ་བ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བླ་མའི་ཞབས་ཏོག་དཀའ་བ་སྤྱད། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན། །གྲུབ་ཆེན་བསོད་ནམས་དཔལ་བ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །འཆད་རྩོད་རྩོམ་པའི་ཁྲིར་འཁོད་པའི། །འགྲོ་མགོན་བསོད་ནམས་རྒྱལ་མཚན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྙན་རྒྱུད་གདམས་པའི་དཔལ་ལྡན་ཞིང་། །རྣམ་དག་ཚུལ་ཁྲིམས་གོས་བཟང་ཅན། །རྒྱལ་སྲས་རྡོ་རྗེ་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གཉིས་མེད་ཡེ་ཤེས་ལེགས་གཟིགས་ཤིང་། །གཞན་ཕན་ལྷག་བསམ་ཆེར་བསྐྱེད་པའི། །ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཨེ་ཝྃ་རྡོ་རྗེའི་གནས་མཆོག་ཏུ། །ཟུང་འཇུག་ཆོས་ཀྱི་སྐུ་བརྙེས་པ། །ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གཅིག་ཏུ་བསྒྲུབ་ལ་བརྩོན་མཛད་ཅིང་། །རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པའི། །མུས་ཆེན་འཁོར་ལོ་སྡོམ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བསོད་ནམས་གངས་རིའི་སྤོར་གནས་ཤིང་། །ལུང་དང་རིགས་པའི་མཆེ་སྡེར་ཅན། །ཀུན་མཁྱེན་སྨྲ་བའི་སེངྒེ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རིག་པའི་གནས་ཀུན་རབ་སྦྱངས་ཏེ། །གྲུབ་པའི་ས་བརྙེས་ཆོས་ཀྱི་རྗེ། །གྲགས་པའི་རྒྱལ་མཚན་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དཀོན་མཆོག་དགེས་པའི་མཐུ་ལྡན་ཞིང་། །མཁའ་ལྟར་ཡངས་པའི་བློ་གྲོས་ཅན། །གྲུབ་པའི་དབང་ཕྱུག་ཆེན་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དཀོན་མཆོག་གསུམ་དང་དབྱེར་མེད་ཅིང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །ངེས་དོན་གདམས་པ་འཕེལ་མཛད་པ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས། །བརྩེ་དང་ནུས་པ་རྨད་བྱུང་བ། །རྗེ་བཙུན་ལེགས་པའི་འབྱུང་གནས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དམ་ཆོས་རིན་ཆེན་ཀུན་གྱི་གཏེར། །དགེ་འདུན་འདུས་པའི་གཙུག་རྒྱན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རིག་པའི་གནས་ལྔ་ལ་སྦྱངས་ཤིང་། །གྲུབ་པའི་བྱིན་རླབས་བཀའ་བབས་པ། །འཇམ་དབྱངས་ཀུན་དགའ་བསོད་ནམས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྙིགས་དུས་དཔལ་ལྡན་ས་སྐྱ་པའི། །བསྟན་པའི་གསལ་བྱེད་མཆོག་གྱུར་པའི། །སྔགས་འཆང་ངག་གི་དབང་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །སྙིགས་དུས་སླར་ཡང་མི་ཡི་ཟོལ། །སྔགས་འཆང་གྲགས་པ་བློ་གྲོས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྗེ་བཙུན་སེམས་དཔའ་ཆེན་པོ་ཉིད། །འཁོར་ལོ་སྡོམ་པར་མངོན་སུམ་དུ། །ལེགས་གཟིགས་སངས་རྒྱས་དཔལ་བཟང་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་ལྷག་པའི་ལྷས། །རྗེས་བཟུང་ཆོས་ཀྱི་རྒྱལ་པོ་གང་། །ལུང་རྟོགས་ཡོན་ཏན་མཛོད་འཛིན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གང་གི་གསུང་གི་བདུད་རྩི་ལས། །ལེགས་འཁྲུངས་བཟང་པོའི་ཆུ་སྐྱེས་མཆོག །སྐལ་ལྡན་བུང་བའི་དཔལ་གྱུར་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མཁྱེན་རབ་ནམ་མཁའ་ལྟར་ཡངས་པས། །ཤེས་བྱ་ཀུན་ལ་དབང་ཕྱུག་པའི། །པཎ་ཆེན་ཐམས་ཅད་མཁྱེན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དཔལ་ལྡན་འཁོར་ལོ་བདེ་མཆོག་དང་། །དབྱེར་མེད་ཆོས་ཀྱི་འབྱུང་གནས་ཆེ། །སྙན་བརྒྱུད་གདམས་པའི་དབང་ཕྱུག་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྦྱིན་བྱ་བཞི་དང་བླང་བྱ་གཉིས། །དྲོད་དང་སྤྱོད་པ་མཐར་ཕྱིན་པའི། །ཁྱབ་བདག་སངས་རྒྱས་རྒྱལ་མཚན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་བླ་མ་ཡིས། །རྗེས་བཟུང་སྔགས་འཆང་ས་སྐྱ་པ། །ངག་དབང་ཀུན་དགའ་བསོད་ནམས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྨད་བྱུང་དམ་པའི་རིགས་འཁྲུངས་ཤིང་། །མཁྱེན་བརྩེ་ནུས་པའི་མཛོད་གྱུར་པ། །ངག་དབང་བསོད་ནམས་དབང་ཕྱུག་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གསན་བསམ་བསྒོམ་པ་མཐར་སོན་ནས། །འཆད་རྩོད་རྩོམ་པས་གཞན་དོན་མཛད། །བྱམས་པ་ངག་དབང་རྣམ་རྒྱལ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བླ་མ་རྣམས་དང་ལྷག་པའི་ལྷས། །རྗེས་བཟུང་ཕྲིན་ལས་མཐའ་ཡས་པ། །སྔགས་འཆང་ཀུན་དགའ་བཀྲ་ཤིས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྒྱལ་སྲས་ཐུ་བོ་འཇམ་པའི་དབྱངས། །འོད་གསལ་འཆི་མེད་གདུང་འཛིན་པ། །འཇམ་དབྱངས་བསོད་ནམས་རིན་ཆེན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །སྙིགས་དུས་བསྟན་པའི་ཉི་མ་མཆོག །ས་ཆེན་ཀུན་དགའ་བློ་གྲོས་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཆི་མེད་སྐུ་བརྙེས་མཚོ་སྐྱེས་རྗེའི། །གསང་གསུམ་སྒྱུ་འཕྲུལ་རོལ་བའི་གར། །འཇམ་མགོན་དབང་སྡུད་སྙིང་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མཁའ་སྤྱོད་རྡོ་རྗེ་བཙུན་མོ་ཉིད། །ངུར་སྨྲིག་བླ་གོས་འཆང་བའི་ཟོལ། །འཆི་མེད་བསྟན་པའི་ཉི་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། །གྲུབ་པ་གཉིས་ཀྱི་མཐར་ཕྱིན་པ། །སྔགས་འཆང་ཀུན་དགའ་རིན་ཆེན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཕྱི་ནང་རིག་གཞུང་རྒྱ་མཚོ་གཟིགས། །གྲུབ་པའི་གོ་འཕང་མཆོག་བརྙེས་པ། །འདྲེན་མཆོག་རྡོ་རྗེ་རིན་ཆེན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་བརྩེ་བ་ཆེའི། །ཟབ་གསང་སྙན་བརྒྱུད་རྒྱ་མཚོའི་བདག །སྐལ་བཟང་ཆོས་ཀྱི་ཉི་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཐུབ་དབང་གཉིས་པ་ས་སྐྱ་པའི། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་བ། །དྲག་ཤུལ་འཕྲིན་ལས་རིན་ཆེན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མཁས་ཤིང་གྲུབ་པའི་གཙུག་རྒྱན་ཆེ། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །མཁན་ཆེན་འཇམ་དཔལ་བཟང་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་དངོས། །དྲན་པས་སྲིད་ཞིའི་གདུང་སེལ་བ། །དཔལ་ལྡན་རྩ་བའི་བླ་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དངོས་ཀུན་ཁྱབ་བདག་བདེ་བའི་མཆོག །གསང་གསུམ་འཁོར་ལོའི་ཧེ་རུ་ཀ །ཤེས་རབ་སྒྱུ་མའི་བཙུན་མོ་དང་། །རོལ་མཛད་བདེ་བ་ཆེན་པོར་འདུད། །ཟུང་འཇུག་དེ་ཉིད་མ་ཐོབ་བར། །རྗེ་བཙུན་བླ་མས་རྗེས་བཟུང་སྟེ། །མངལ་སྒོང་རྫུས་སྐྱེས་དཀྱིལ་འཁོར་དུ། །སྦྱིན་བྱ་དབང་བཞིས་སྨིན་པར་ཤོག །ཟབ་མོའི་ལམ་གྱི་རྩ་བ་མཆོག །ཐུན་མོང་ཐུན་མོང་མ་ཡིན་པའི། །འཁོར་ལོ་སྡོམ་པའི་དམ་ཚིག་རྣམས། །མ་ཉམས་ཚུལ་བཞིན་བསྲུང་བར་ཤོག །མ་དག་སྐྱེ་གནས་བཞི་སྦྱོང་བའི། །གསལ་དག་བསྐྱེད་རིམ་ལེགས་བསྒོམ་ཏེ། །སྣང་བ་ལྷ་རུ་འཆར་བ་དང་། །ཞི་སོགས་འཕྲིན་ལས་དབང་བསྒྱུར་ཤོག །རྒྱུད་རིམ་གནས་ལུགས་ཤེས་བྱས་ནས། །སྔགས་རིམ་གཏུམ་མོའི་རྣལ་འབྱོར་གྱི། །ཡེ་ཤེས་དགའ་བཞིའི་རིམ་པ་བསྐྱེད། །གསང་བའི་རིམ་པ་འགྲུབ་པར་ཤོག །དེ་ལྟར་རིམ་གཉིས་ལ་བརྩོན་པས། །དྲོད་ཐོབ་སྤྱོད་པས་མཚམས་སྦྱར་ཏེ། །རབ་དགའ་ལ་སོགས་ས་བགྲོད་ནས། །རྩེ་གཅིག་ཕྱག་ཆེན་འགྲུབ་པར་ཤོག །ཁྱད་པར་སྐྱེ་བ་འདི་ཉིད་ལ། །མཚན་འཛིན་ཀུན་རྟོག་རབ་སྤངས་ནས། །ཌེཾ་གི་དྷ་རི་ཀ་པ་བཞིན། །གསང་ཆེན་སྤྱོད་པ་མཐར་ཕྱིན་ཤོག །འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་། །ནམ་ཡང་མི་འབྲལ་གནས་གསུམ་གྱི། །མཁའ་འགྲོའི་ཚོགས་དང་ལྷན་ཅིག་གནས། །རིག་འཛིན་དབང་པོ་ཉིད་གྱུར་ཅིག །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་མཁའ་འགྲོའི་ནུས་མཐུ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །ཟུང་འཇུག་རྡོ་རྗེའི་ས་ཐོབ་ཤོག །ཅེས་པ་འདིའི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་ཤླཽ་ཀ་གཅིག་ནི། འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད་ནས་འབྱུང་བ་ཡིན་ལ། གང་གིས་སྐྱེ་དང་འཇིག་པ་དག །ཅེས་སོགས་ནས། རྟག་ཏུ་སྐྱོང་བར་མཛད་ཁྱོད་ལ། །ཞེས་པའི་བར་རྣམས་ཆོས་རྗེ་ས་པཎ་གྱིས་མཛད་ཅིང་། དེའི་རྗེས་སུ། འཇམ་པའི་དབྱངས་ཉིད་ངུར་སྨྲིག་གི །ཞེས་སོགས་ནས། འཇམ་དབྱངས་ཀུན་དགའ་བསོད་ནམས་ལ། །ཞེས་པའི་བར་གྱི་ཁ་སྐོང་རྣམས། ས་ལོ་འཇམ་པའི་རྡོ་རྗེས། དཔལ་ས་སྐྱའི་བཞི་ཐོག་བླ་བྲང་དུ། བདེ་མཆོག་གི་རྒྱུད་བཤད་རྒྱས་པར་གནང་བའི་ཚེ་མཛད་པ་ཡིན་ལ། དངོས་ཀུན་ཁྱབ་བདག་བདེ་བའི་མཆོག །ཅེས་སོགས་ལམ་རིམ་གྱི་སྨོན་ལམ་འདི་རྣམས། འགྲོ་བའི་མགོན་པོ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པས། བདེ་མཆོག་སྲིན་པོ་རིར་ཚེས་བཅུའི་མཆོད་པ་ཞིག་གི་ཚེ་མཛད་པར་བཤད་པས། བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་རྣམས་འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་པའི་སྐྱེས་ཆེན་དམ་པ་འབའ་ཞིག་གི་གསུང་ཡིན་པས་བྱིན་རླབས་ཤིན་ཏུ་ཆེའོ། །འདི་ནི་སྔགས་འཆང་ཆེན་པོའི་གསོལ་འདེབས་འདི་བདག་གི་བླ་མ་དབང་པོའི་མཚན་ཅན་གྱིས་མཛད་པར་སྣང་ལ། གཞན་གསོལ་འདེབས་ཀྱི་ཁ་སྐོང་རྣམས་ནི་ཁོ་བོས་བྱས་སོ། །དེ་ལྟར་འཁོར་ལོ་བདེ་མཆོག་གི་དབང་རྒྱུད་མན་ངག་གི་བླ་མ་བརྒྱུད་པ་སྤྱི་ལ་གསོལ་བ་བཏབ་ནས། བྱེ་བྲག་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་རྣམས་གསོལ་བ་འདེབས་པ་ནི། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་ལོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དང་མུས་ཆེན་སེམས་དཔའ་ཆེ། །བསོད་ནམས་སེངྒེ་བུདྡྷ་རཏྣའི་ཞབས། །ས་སྐྱ་ལོ་ཙཱ་སྔགས་འཆང་ཆོས་ཀྱི་རྗེ། །འཇམ་དབྱངས་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་དཔལ་བཟང་དཔལ་ལྡན་རྒྱལ་པོ་དང་། །བཟང་པོ་དཔལ་བ་པཎ་ཆེན་ནམ་དབང་མཚན། །རྗེ་བཙུན་ཆོས་དབང་ཁྱབ་བདག་འཁོར་ལོའི་མགོན། །སངས་རྒྱས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བསོད་ནམས་བསོད་ནམས་དབང་ཕྱུག་དང་། །ཀུན་དགའ་བཀྲ་ཤིས་བསོད་ནམས་རིན་ཆེན་ཞབས། །ཀུན་དགའ་བློ་གྲོས་དབང་སྡུད་སྙིང་པོ་དང་། །བསྟན་པའི་ཉི་མ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་རིན་ཆེན་ཀུན་དགའ་རྒྱལ་མཚན་དང་། །རྡོ་རྗེ་རིན་ཆེན་སྐལ་བཟང་ཆོས་ཉི་ཞབས། །ཀརྨ་རཏྣ་འཇམ་དཔལ་བཟང་པོ་སོགས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་རིམ་ཟབ་མོ་མཁའ་སྤྱོད་རྣལ་འབྱོར་དང་། །རྫོགས་རིམ་དབུ་མའི་རྣལ་འབྱོར་བསྒོམ་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང་། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་གསོལ་འདེབས་ཁ་སྐོང་དང་བཅས་པ་སྟེ། དེ་ལྟར་བརྒྱུད་འདེབས་རྒྱས་བསྡུས་གཉིས་ཆར་རམ། བསྡུས་པ་རྐྱང་པ་ལ་སོགས་པ་གང་འོས་སྐབས་དང་སྦྱར་ནས་བྱས་པའི་རྗེས་སུ། ༈ །ཡི་དམ་ཆོས་སྐྱོང་སོགས་ཀྱི་གཏོར་མ་རྣམས་ནང་མཆོད་ཆུ་ཆང་གིས་སྦྱངས་པ་རྣམས་ཐུན་མོང་དུ་བྱིན་གྱིས་རླབས་པ་ནི། རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་མ་རྣམས་ལ་གཏོར་ལ། ཨོཾ་སུམྦྷ་ནི་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། གོ་ལས་བ་གླང་གི་ཤ། ཤར་དུ་ཀུ་ལས་ཁྱིའི་ཤ། བྱང་དུ་ད་ལས་གླང་པོ་ཆེའི་ཤ། ནུབ་ཏུ་ཧ་ལས་རྟའི་ཤ། ལྷོར་ན་ལས་མིའི་ཤ། དེ་རྣམས་རེ་རེའི་སྟེང་དུ་བདུད་རྩི་ལྔ་ལྔ་ཡོད་པ་ནི། དབུས་སུ་བི་ལས་དྲི་ཆེན། ཤར་དུ་མུ་ལས་དྲི་ཆུ། བྱང་དུ་ཤུ་ལས་བྱང་སེམས། ནུབ་ཏུ་མ་ལས་ཀླད་པ། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁཾ་བྱ་བ་གྲུབ་པའིཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། ལྷོར་ཨཾ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར་ཞིང་རྫས་རྣམས་ཞུ་ཞིང་སྐོལ་བའི་རླངས་པ་གྱེན་དུ་སོང་བས། སྟེང་གི་ཨོཾ་དང་ཟླ་བ་སྣ་ཚོགས་རྡོ་རྗེ་རྣམས་ལས་བདུད་རྩིའི་རྒྱུན་བབས། ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བྱུང་ནས་འོག་གི་བདུད་རྩི་ལ་ཐིམ། སྟེང་གི་ཨོཾ་དང་ཟླ་བ་སྣ་ཚོགས་རྡོ་རྗེ་རྣམས་ཀྱང་འོད་དུ་ཞུ་བ་གཏོར་མ་ལ་ཐིམ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་སྔགས་ལན་གསུམ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། དེ་ནས་ཡི་དམ་ཀྱཻ་རྡོ་རྗེ་དང་། བདེ་མཆོག་འཁོར་ལོ་གཉིས་ལ་གཏོར་ཆོག་བཞིན་ཕུལ་ནས། མཁའ་སྤྱོད་མའི་གཏོར་མ་ལ་དམིགས་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་ཕྱག་རྒྱ་དང་བཅས་པས་བྱིན་རླབས་དྲན་པར་བྱས་ལ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕཻཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། མདུན་བསྐྱེད་ཀྱི་རྣལ་འབྱོར་མ་ལ་གཉིས་སུ་མེད་པར་ཐིམ་ཞིང་། མཁའ་འགྲོ་མའི་ཚོགས་རྣམས་མཐའ་སྐོར་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ལྷ་དེ་ཐམས་ཅད་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་། པད་སྐོར་སྔོན་འགྲོའི་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས། ཨོཾ་གསུམ་མའི་སྔགས་ལ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤན་ན་ཏྭ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལྔའམ་བདུན་གྱིས་ཕུལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་ཀུན་ལ་སྦྱར་བའི། པཱ་དྱཾ། པུཥྤཾ་ནས། ཤཔྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཌཱ་དྲིལ་རོལ་ཆེན་དང་བཅས་པས། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་ཝཱ་ར་ཧི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་ཝ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཝ་ཤྱངྐ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཥ་ནི་ཤྭ་ཥ་ནི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མསྶཾ་ཏྲཱ་ས་ནི་མཱ་ར་ནི་སུ་པྲ་བྷེ་ད་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཔ་རཱ་ཛ་ཡེ་བི་ཛཿཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧཱ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊཿ ཅེས་པའི་བར་རྐང་པ་བརྒྱད་ཀྱིས་བསྟོད་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པས་གསོལ་བ་བཏབ་ལ། དེ་ནས་གུར་གྱི་མགོན་པོ་ལྕམ་དྲལ། ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གདོང་བཞི་པ། དུར་ཁྲོད་བདག་པོ་ཡབ་ཡུམ། འཕྲིན་ལས་རབ་ཏུ་མྱུར་བའི་ལས་མཁན་པཱུ་ཊ་ལྕམ་སྲིང་། བསྟན་སྐྱོང་མ་མོ་ཀུན་གྱི་གཙོ་མོ་ཉི་ཟླ་བདུད་རྒྱལ་ཐོད་ཕྲེང་ཅན། ཕུར་སྲུང་དམ་ཅན་བཅུ་གཉིས། མཁའ་འགྲོ་སྤྱི་གཏོར་གཞི་བདག་རྣམས་ལ། སྔགས་འཆང་བསྟན་པའི་ཉི་མ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་གཏོར་ཆོག་ནང་བཞིན་ཕུལ་ལ། དེ་ནས་བཟླས་པ། བཤགས་པ། བསྐང་རྫས་བྱིན་རླབས། སྤྱན་འདྲེན། བསྐང་བ། བསྟོད་པ། གཏོར་འབུལ་སོགས་བླ་མ་གོང་མའི་ཕྱག་ལེན་བཞིན་རྒྱས་བསྡུས་ལོང་སྐབས་དང་སྦྱར་ནས་བྱས་ལ། སློབ་མ་ལ་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་བྱེད་དགོས་ཡོད་ན་སྐབས་འདིར་བྱའོ། །འདིའི་རྡོ་རྗེ་སློབ་དཔོན་དུ་འོས་པའི་གང་ཟག་ནི། རབ་བདེ་མཆོག་ལཱུ་ནག་གཉིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པ། འབྲིང་འཁོར་ལོ་བདེ་མཆོག་གང་རུང་། མཐའ་ནའང་ཀྱཻ་རྡོར་མན་ངག་ལུགས་ལྟ་བུ་གཉིས་མེད་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་ཐོབ་ཅིང་། འདིའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ལེགས་པར་ནོས་ནས། བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་དང་། རྫོགས་རིམ་རྩ་དབུ་མའི་ཁྲིད་སོགས་དང་། དེ་དག་གི་རྒྱབ་རྟེན་རྒྱུད་དང་རྒྱ་བོད་ཀྱི་གཞུང་ཚད་ལྡན། བླ་མ་གོང་མ་རྣམས་ཀྱི་གསན་ཡིག་རྣམས་ལས་བྱུང་བ་ལྟར་གྱི་ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པ་རྣམས་ཀྱི་བཤད་པ་ལུང་ལ་སོགས་པ་མཐའ་ཡས་པར་ཐོབ་ནས། རྡོ་རྗེ་རྣལ་འབྱོར་མ་ཡུམ་རྐྱང་ངམ། ཡབ་ཡུམ་གཉིས་མེད་ཀྱི་སྒོ་ནས། སརྦ་བུདྡྷ་ལ་བཞི་འབུམ་ལ་སོགས་པའི་བསྙེན་པ་ལས་སུ་རུང་བ་ཞིག་བྱུང་ན་མཆོག་ཏུ་གྱུར་པ་གསུངས་ལ། གལ་ཏེ་ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཆོས་སྐོར་ཡོངས་སུ་རྫོགས་པ་མ་ཐོབ་ཅིང་རྣལ་འབྱོར་མ་ཡུམ་རྐྱང་ངམ། བདེ་མཆོག་ཡབ་ཡུམ་གཉིས་ཀྱི་སྒོ་ནས་སརྦ་བུདྡྷ་ལ་བཞི་འབུམ་སོགས་ཀྱི་བསྙེན་པ་མ་གྲུབ་ཀྱང་། གོང་དུ་བཤད་པ་ལྟར་གྱི་དབང་དང་བྱིན་རླབས་ཚུལ་བཞིན་དུ་ཐོབ་ཅིང་། ཀྱཻ་རྡོར་ལྟ་བུའི་གཞི་བསྙེན་མཐར་ཕྱིན་པ་ཞིག་ནི། ལུགས་འདིའི་རྡོ་རྗེ་སློབ་དཔོན་བྱ་བ་ལ་ཅིས་ཀྱང་དགོས་པ་ཡིན་ཏེ། དེང་སང་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འཛིན་གྱི་བླ་མ་དགེ་བའི་བཤེས་གཉེན་ཕལ་ཆེ་བའི་ཕྱག་ལེན་དེ་ཁོ་ན་ལྟར་མཛད་པ་དང་། སྔོན་གྱི་བླ་མ་གོང་མ་འཁྲུལ་པ་ཟད་པ་རྣམས་ཀྱིས་གསུང་རྒྱུན་དག་ལས་ཀྱང་དེ་དང་འདྲ་བར་བྱུང་བས། རང་རེ་རྗེས་འཇུག་རྣམས་ཐུགས་རྟོག་ཞིབ་ལེན་མཛད་པ་གལ་ཆེའོ།། ༈ །དེ་ནས་རྗེས་ཀྱི་བྱ་བ་ནི། མཆོད་པ་རྣམས་ཁ་གསོས་ལ། ཨོཾ་སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པཾ། ཨཱ་ལོ་ཀེ། གྷནྡྷཾ། ནཻ་ཝི་དྱཾ། ཤཔྡ་ཨཱ་ཧཱུྃ་གིས་བྱིན་རླབས། དེ་ནས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཀུན་ལ་སྦྱར་བའི་པཱ་དྱཾ། པུཥྤཾ་ནས། ཤཔྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པ་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་དུ་འཁྲིད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པས་འདོད་པའི་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་། གཏོར་མགྲོན་སོགས་ཀྱི་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་སྤྱི་དང་འདྲ་བ་བྱས་ལ། སྒྲུབ་མཆོད་ཞག་སྦྲེལ་ཏེ་བྱེད་ན། ནུབ་དང་པོ་རྣམས་ལ། བྱེ་བྲག་ཏུ་ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དེ་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་དང་བུམ་ནང་གི་ཡེ་ཤེས་པ་རྣམས་ཇི་སྲིད་གཤེགས་གསོལ་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། སུ་པྲ་ཏིཥྛ་ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་གཏོར་མགྲོན་རྟེན་མེད་པ་རྣམས་ལ་གཤེགས་གསོལ་བྱས་ལ། གོ་ཆ་དགོད་པ། ཚམ་རྔམ་སྔགས་ཀྱིས་སྲུང་བ། དགའ་བ་གསུམ་དྲན་པ། སྨོན་ལམ་བཀྲ་ཤིས་སོགས་བྱེད། སྒྲུབ་མཆོད་གྲོལ་བའི་མཇུག་ཆོག་གི་ཚེ། བུམ་པ་ཁ་རྒྱན་དང་བཅས་པའང་སིནྡྷུ་རའི་དཀྱིལ་འཁོར་གྱི་དྲུང་དུ་བཞག གོང་དུ་བཤད་པ་ལྟར་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་ཀྱི་རྗེས་སུ། རྟེན་མེད་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་དང་། མདུན་བསྐྱེད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་དང་། བུམ་ནང་གི་ཡེ་ཤེས་པ་རྣམས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། ཞེས་བརྗོད་ཅིང་བསམ་ལ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་གསལ་བར་གྱུར། ཅེས་གོ་ཆ་དགོད། སུམྦྷ་ནི་ཚར་གཉིས་བརྗོད་ཅིང་སྡིག་མཛུབ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་བསྟན་ལ། ཚམ་རྔམ་སྔགས་ཀྱིས་སྲུངས། ཧཱུྃ་བདག་དང་སྣང་བའི་དངོས་པོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རང་བཞིན། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་སོགས་ཚར་གཅིག་བརྗོད་ལ། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་རང་བཞིན། ཧཱུྃ་སེམས་ཀྱི་རྣམ་པར་ཐར་པའི་ཆོ་འཕྲུལ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རྣམ་པར་དག་པ་ཡིན་ནོ། །ཞེས་པས་དགའ་བ་གསུམ་དྲན་པར་བྱས་ནས། དེ་ནས་སྨོན་ལམ་གདབ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །མཁའ་སྤྱོད་མ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང་། །རོལ་མོ་སྒྲ་སྙན་གླུ་དབྱངས་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་ཀྱི་སྨོན་ལམ་རྒྱ་ཆེར་བཏབ་ལ། དེ་ནས་བཀྲ་ཤིས་བྱ་བ་ནི། རྗེ་བཙུན་བྱམས་པ་ཆོས་ལེགས་ཀྱིས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་སྟེར་ཞེས་བྱ་བ་འདི་ཉིད་བྱ་སྟེ། ཕུན་ཚོགས་དགེ་ལེགས་ཀུན་གྱི་དཔལ་མངའ་བ། །རྡོ་རྗེ་འཆང་དབང་པཎ་ཆེན་ནཱ་རོ་སོགས། །དཔལ་ལྡན་བླ་མ་དམ་པའི་ཚོགས་རྣམས་ཀྱི། །བྱིན་རླབས་མྱུར་དུ་འཇུག་པའི་བཀྲ་ཤིས་ཤོག །རྒྱལ་བའི་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན། །རང་བཞིན་འོད་གསལ་གདོད་ནས་སྤྲོས་དང་བྲལ། །བརྟན་གཡོ་དངོས་ཀུན་སྤྲོ་དང་སྡུད་མཛད་མ། །མཁའ་སྤྱོད་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །མཚན་དཔེའི་དཔལ་འབར་རབ་མཛེས་བརྗིད་པའི་སྐུ། །དྲུག་ཅུའི་དབྱངས་ལྡན་ཐེག་མཆོག་སྒྲོགས་པའི་གསུང་། །ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །ལྷན་སྐྱེས་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །སྣ་ཚོགས་ཞིང་དུ་སྣ་ཚོགས་གཟུགས་སྐུ་ཡིས། །སྣ་ཚོགས་ཐབས་ཀྱིས་སྣ་ཚོགས་གདུལ་བྱའི་དོན། །སྣ་ཚོགས་བསམ་པ་ཇི་བཞིན་སྒྲུབ་མཛད་མ། །ཞིང་སྐྱེས་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག །པདྨ་རཱ་གའི་མདོག་མཚུངས་རྗེ་བཙུན་མ། །འཛུམ་ཁྲོའི་ཉམས་ལྡན་ཞལ་གཅིག་ཕྱག་གཉིས་ཀྱིས། །གྲི་ཐོད་ལེགས་འཛིན་ཞབས་ཟུང་བརྐྱངས་བསྐུམ་ཚུལ། །སྔགས་སྐྱེས་མཁའ་སྤྱོད་མཆོག་གི་བཀྲ་ཤིས་ཤོག །གང་གི་རྣམ་སྤྲུལ་གྲངས་མེད་བྱེ་བ་ཕྲག །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་བར་ཆད་ཀུན་སེལ་ཞིང་། །འདོད་དོན་དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག །ཅེས་པ་དང་། གཞན་ཡང་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་བཀྲ་ཤིས་རྒྱས་པར་བརྗོད་ཅིང་སྒྲུབ་ཁང་གི་ཕྱོགས་ཀུན་ཏུ་མེ་ཏོག་གི་ཆར་ཆེན་པོ་དབབ་པར་བྱའོ། །འདི་ལྟ་བུའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་ཟབ་མོའི་ལམ་གྱི་དབང་དང་བྱིན་རླབས། གདམས་པའི་ཚོགས་རྣམས་ཐོས་ནས་གང་ཟག་དབང་པོ་རབ་ཀྱིས་བཟླས་སྒོམ་ཁོ་ན་ཆག་མེད་དུ་ཉམས་སུ་བླངས་ཤིང་། འདི་རང་གི་བསྙེན་པ་མཐར་ཕྱིན་པ་བྱས། ཡར་ངོའི་ཚེས་བཅུ་དང་མར་ངོའི་ཉེར་ལྔ་སྟེ་ཚེས་བཅུ་གཉིས་ཀྱིས་མཆོད་པ་ལ་བརྩོན་པར་བྱས་པ་ཙམ་གྱིས། རེ་ཞིག་ན་རྡོ་རྗེ་རྣལ་འབྱོར་མ་ཐ་མལ་གྱི་བུད་མེད་ཀྱི་རྣམ་པར་འབྱོན་ཞིང་། དེ་ལྟར་བྱོན་པ་དེ་ཉིད་རྡོ་རྗེ་རྣལ་འབྱོར་མ་ཡིན་པ་ལ་ཡིན་པར་ངོ་ཤེས། དེས་རྣལ་འབྱོར་པའི་ལག་པའི་འཁྲིག་མ་ནས་བཟུང་སྟེ། ལུས་མ་སྤངས་པར་མཁའ་སྤྱོད་དུ་ཁྱེར་བར་བཤད་ཅིང་། གང་ཟག་དབང་པོ་འབྲིང་གིས་དེ་ལྟར་ཉམས་སུ་བླངས་ཀྱང་། རྟགས་སོགས་ཅི་ཡང་མ་བྱུང་ན། འདི་རང་གི་བསྙེན་པ་ཡི་གེའི་གྲངས་ཀྱི་འབུམ་ཚར་གཉིས་ཙམ་བཟླས་པའི་བསྙེན་པ་དང་ལངྐ་ལིང་ཀའི་ཤིང་ལ་བརྟེན་ནས་སིནྡྷུ་ར་བསྒྲུབ་པའི་སྒྲུབ་པ་བྱས། དེ་རྗེས་སིནྡྷུ་ར་དེས་རང་གི་དཔྲལ་བར་དགའ་བ་འཁྱིལ་བར་བྲི་ཞིང་། འཕོང་ར་ལྟ་བུའི་བུད་མེད་མང་དུ་ཚོགས་པའི་སར་ཕྱིན་ནས། རྣལ་འབྱོར་མའི་ང་རྒྱལ་བརྟན་པོས་བལྟས་པའི་ཚེ། བུད་མེད་གང་གི་དཔྲལ་བར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དགའ་འཁྱིལ་འཕོས་ནས། དེ་ཉིད་རྡོ་རྗེ་རྣལ་འབྱོར་མ་ཉིད་ཡིན་པས། གཡོན་ནས་བསྐོར་བ་སོགས་གསོལ་བ་བཏབ་པས། དེས་རང་གི་འཁྲིག་མ་ནས་བཟུང་སྟེ་མཁའ་སྤྱོད་དུ་ཁྱེར་བར་གསུངས་པ་ནི། འབྲིང་བསྙེན་སྒྲུབ་ལས་གསུམ་ལ་བརྟེན་ནས་མཁའ་སྤྱོད་བསྒྲུབ་པ་ཞེས་བྱ་བ་ཡིན་ལ། གང་ཟག་དབང་པོ་ཐ་མས། དེ་ལྟ་བུའི་བྱ་བ་མ་གྲུབ་པའམ། གྲུབ་ཀྱང་ཇི་ལྟ་བ་བཞིན་མ་བྱུང་ན་ད་དུང་སྒྱིད་ལུག་མི་བྱ་བར་བཟླས་སྒོམ་ནན་ཏན་དུ་ཉམས་སུ་བླངས་པས། ནམ་ཞིག་འཆི་བ་འོད་གསལ་ཆོས་སྐུ་ལས་བར་དོར་ལངས་པ་ན། རྗེ་བཙུན་རྣལ་འབྱོར་མའི་བཟླས་སྒོམ་བྱེད་པའི་སྣང་བ་འབྱུང་ཞིང་། དེ་ལ་བརྟེན་ནས་དུས་དེ་ཉིད་དུ་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པས་སྒྲུབ་པ་པོ་དེ་སེངྒེའི་ཁྲི་ལ་བཞག འཇའི་གུར་ཕུབ། མེ་ཏོག་གི་ཆར་འབེབས་བཞིན་པས་མཁའ་སྤྱོད་དུ་ཁྱེར་བ་ནི་ངེས་པ་ཡིན་པར་གསུངས་ལ། དེ་ལྟ་བུའི་མཁའ་སྤྱོད་ལ་ཡང་། མཁའ་སྤྱོད་ཆེན་པོ་ནི་སངས་རྒྱས་ཀྱི་ས་ཡིན་ལ། མཁའ་སྤྱོད་ཆུང་ངུ་ནི་འཇའ་ལུས་རྡོ་རྗེའི་སྐུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཅི་འདོད་པའི་ལོངས་སྤྱོད་ཐམས་ཅད་ནམ་མཁའ་ལས་འབྱུང་བ། ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་ཅིང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ནུས་པས་སྤྲུལ་སྐུ་ལས་དངོས་སུ་ཆོས་ནོད་ཅིང་། སྤྲུལ་སྐུའི་ཞིང་ཁམས་རྣམས་སུ་ཐོགས་མེད་བགྲོད་ནུས་པས། ཚེ་དེ་ལ་སངས་རྒྱས་ངེས་པ་གཅིག་ཡིན་པར་བཤད་དེ། དེ་ལྟར་མཆོག་ཏུ་ཟབ་ཅིང་ཤིན་དུ་འགྲུབ་ཐག་ཉེ་བའི་རྡོ་རྗེ་རྣལ་འབྱོར་མའི་ལམ་འདི་ཉིད་ལ་བརྟེན་ནས་རྒྱ་བོད་ཀྱི་སྐྱེས་ཆེན་གྲངས་མེད་པ་ཞིག་མཁའ་སྤྱོད་དུ་བྱོན་པའི་ལོ་རྒྱུས་བྱུང་ཡང་། འདིར་སྐལ་བཟང་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར། བླ་མ་གོང་མའི་གསུང་རྒྱུན་རྣམ་ཐར་སོགས་ནས་བྱུང་བ་ལྟར་རགས་རིམ་ཞིག་ཁུངས་བསྟན་ཙམ་བརྗོད་ན། རྒྱ་གར་འཕགས་ཡུལ་དུ། གྲུབ་ཆེན་དྲིལ་བུ་པ། དཔལ་ནཱ་རོ་པ་ཆེན་པོ། ཨ་བྷ་ཡ་ཀཱ་ར་སོགས་འདིའི་ལམ་ལ་བརྟེན་ནས་གྲུབ་ཐོབ་བྱ་ཁྱུ་འཕུར་བ་ལྟར་བྱུང་བའི་ཚུལ་དང་། བོད་གངས་ཆེན་འདིར་ཡང་། པུ་ཧྲང་ལོ་ཙཱ་བས་ལུས་མ་སྤངས་པར་མཁའ་སྤྱོད་གྲུབ་ཚུལ། འབྲོག་མི་ལོ་ཙཱ་བའི་སློབ་མ་བསྒོམ་པ་མོའི་ལོ་རྒྱུས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་མཁའ་སྤྱོད་ནས་སྤྱན་འདྲེན་བྱུང་ཚུལ། ན་བཟའ་བྲག་ཕུག་པའི་ཉེ་གནས་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་ཚུལ། ཡང་ན་བཟའ་བྲག་ཕུག་པའི་སློབ་མ་བདུན་ལུས་མ་སྤངས་པར་སོང་ཚུལ། གྲུབ་ཆེན་བུདྡྷ་པའི་སློབ་མ་ཞེ་དགོན་པའི་དགེ་སློང་དེ་བ་མ་ཏི་ཉེར་ལྔ་ལ་མཁའ་སྤྱོད་མས་སྤྱན་དྲངས་ཚུལ། བླ་མ་དམ་པ་མཁའ་སྤྱོད་མས་རྗེས་སུ་བཟུང་ཚུལ། སྔགས་འཆང་གཟུངས་པ་ལ་མཁའ་སྤྱོད་མས་བྱི་རུ་དམར་པོའི་སྐས་དངོས་སུ་བཙུགས་ཚུལ། བཟང་པོ་རྒྱལ་མཚན་གྱི་གདུང་ལ་རྣལ་འབྱོར་མ་རང་བྱོན་འཁྲུངས་ཚུལ། བླ་ཆེན་ཆོས་དཔལ་བས་སིནྡྷུ་རའི་བསྒྲུབ་པ་བྱས་པས་ཁོང་གཤེགས་དུས་རྣལ་འབྱོར་མའི་སྐུ་རང་བྱོན་འཕེལ་ཚུལ། ཁམས་པ་བསོད་ནམས་བཟང་པོ་རྣལ་འབྱོར་མས་མཁའ་སྤྱོད་ལ་དངོས་སུ་ཁྱེར་ཚུལ། ཤར་ཆེན་ཡེ་རྒྱལ་ལ་རྣལ་འབྱོར་མས། འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་ལ་འགྲོ་བའི་གནས་སུ་ཁྱེར། །ཞེས་པའི་ལུང་བསྟན་བྱུང་བ་དང་། རྡོ་རྗེ་འཆང་གི་སློབ་མ་ཚ་བ་རོང་པ་ཤཱཀྱ་རྒྱལ་མཚན་འཕན་ཡུལ་གྱི་རི་ལས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཚུལ། ཡང་ཚ་བ་རོང་པ་བསོད་ནམས་བཟང་པོ། ཚ་རོང་གི་རི་ལས་འཆི་ཁར་མཁའ་སྤྱོད་དུ་གཤེགས་ཚུལ། རྗེ་སེམས་དཔའ་ཆེན་པོའི་སློབ་མ་གསུམ་མཁའ་སྤྱོད་དུ་དངོས་སུ་གཤེགས་པའི་ལོ་རྒྱུས་དང་། པཎ་ཆེན་གུང་རུ་ལ་རྣལ་འབྱོར་མས་དངོས་སུ་རྗེས་སུ་བཟུང་ཚུལ། ཆོས་རྗེ་སངས་རྒྱས་བཟང་པོ་ལ་རྗེ་བཙུན་མས་རཀྟ་དབུ་ཞྭའི་ནང་དུ་སྩལ་ཚུལ། རྗེ་སངས་རྒྱས་དཔལ་བཟང་ལ་ནང་མཆོད་ཀྱི་སྟེང་དུ་རྣལ་འབྱོར་མ་ཚོན་གང་བ་དངོས་སུ་བྱོན་ནས་ཞལ་བསྟན་ཚུལ། སྲད་པ་ཀུན་བློ་ལ་རྡོ་རྗེ་རྣལ་འབྱོར་མས་མིའི་བུ་མོ་དངོས་ཀྱི་རྣམ་པར་བསྟན་ཚུལ་དང་། ཁོང་བྱང་ཆེན་དུ་གཤེགས་པ་རྣལ་འབྱོར་མས་བསུ་བའི་འོད་ཟེར་དགེ་ལྡན་པས་མཐོང་བས་བྲང་བརྡུངས་ཚུལ། རྗེ་ཀུན་དགའ་རྒྱལ་མཚན་པས་འཕོ་བ་ལེགས་པར་ཐེབས་ཚུལ། པུ་ཧྲེང་རྣལ་འབྱོར་པ་རྣལ་འབྱོར་མ་ལ་བརྟེན་ནས་བར་ཆད་བསལ་ཚུལ་དང་གདུང་ལ་རྣལ་འབྱོར་མ་བྱོན་ཚུལ། གྲུབ་ཆེན་དཀོན་མཆོག་བློ་གྲོས་པ་ལ་མནལ་ལམ་དུ་རྣལ་འབྱོར་མས་རྗེས་སུ་བཟུང་ཚུལ། ཀུན་མཁྱེན་རིན་པོ་ཆེ་དང་། ས་ལོ་ཐམས་ཅད་མཁྱེན་པ་གཉིས་ཀྱང་རྣལ་འབྱོར་མའི་འཕོ་བ་ལ་བརྟེན་ནས་བདེ་བ་ཅན་དུ་གཤེགས་ཚུལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་རྡོ་རྗེ་རྣལ་འབྱོར་མ་ཐ་མལ་བའི་བུད་མེད་ཀྱི་སོགས་རྣམ་འཕྲུལ་དུ་མས་མངོན་སུམ་དུ་ཞལ་ཡང་ཡང་བསྟན་ཚུལ། བདག་གི་བླ་མ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་མིའི་སྐུ་གཟུགས་ཅན་དེ་ཉིད་ལ་རྟ་ལོ་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་ཉི་མ་ཤར་དྲོས་ལ་བསམ་གཏན་ཕུའི་གཟིམ་ཕུག་ཏུ་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་བསུ་བ་དངོས་སུ་བྱོན་ནས་དེ་དག་དང་གསུང་གླེང་མཛད་པ་རྗེ་དབོན་གྱིས་གནམ་སྒོའི་སྟེང་གི་གཟིམ་ཕུག་གི་མདོ་ནས་ཐོས་ཚུལ། དེ་ནས་ཉེར་གཅིག་གི་ནམ་ལངས་ལ་རྡོ་རྗེ་རྣལ་འབྱོར་མའི་མན་ངག་ཟབ་མོ་འདའ་ཁ་མའི་རྣལ་འབྱོར་གསལ་འདེབས་པར་མཛད་དེ། ཕཊ་ཆེ་བ་གཉིས་དང་ཧིཀ་ཆུང་ངུ་ཞིག་གསུང་བའི་མོད་ལ། དེ་མ་ཐག་དབུ་མ་ནས་ཆུ་བསྐོལ་བ་ལྟ་བུའི་རླངས་པ་ཆེན་པོ་སྐྱ་བུན་པ་དང་བཅས་སྐད་ཅིག་ཉིད་ལ་དབུ་གཙུག་ཚངས་པའི་བུ་ག་ཟངས་ཐལ་དུ་གྱུར་པ་ནས་རྩ་དབུ་མ་ལྟ་བུའི་སྦོམ་ཕྲ་སྨྱུག་མ་འབྲིང་པོ་ཙམ་གྱི་རྩ་སྦུབས་སྟོང་ཞིང་རྒྱངས་ཀྱིས་འཐོན་པ་ལས་བྱང་སེམས་ཉིལ་ལེ་བ་དང་བཅས་ཐོགས་པ་མེད་པར་མཁའ་སྤྱོད་ཆེན་པོ་འོག་མིན་དུ་གཤེགས་པའི་ཚུལ། སྣར་ཐང་སྡེ་པ་ནམ་མཁའ་རྒྱལ་མཚན་པས་དགེ་ལྡན་པའི་སྐུ་མང་པོ་བཤིག་ཤིང་སྡིག་པ་བསགས་ཀྱང་། གཤེགས་དུས་རྣལ་འབྱོར་མ་ལ་བསྟེན་ནས་དབུ་གཙུག་འཕར་ཚུལ། བླ་མ་ནམ་མཁའ་རྡོ་རྗེའི་གདུང་ལ་ཨོཾ་གསུམ་མ་བྱོན་ཚུལ། སྒྲུབ་ཆེན་པ་སེངྒེ་གྲགས་གཤེགས་དུས་སིནྡྷུ་རའི་ཆར་བབས་ཚུལ། དེ་ལ་སོགས་ཏེ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་འདིའི་ལམ་ལ་བརྟེན་ནས་དངོས་གྲུབ་ཀྱི་མཚན་མ་ཐོབ་པའི་ལོ་རྒྱུས་མཐའ་ཡས་པ་ཞིག་བྱུང་བས་སྐལ་བཟང་རྣམས་འདིའི་བཟླས་སྒོམ་ཆག་མེད་དུ་བགྱིད་ཅིང་བསྙེན་སྒྲུབ་སོགས་ལ་འབད་པ་དང་། ཚེས་བཅུའི་མཆོད་པ་བགྱིད་པའང་། སྐལ་བ་བཟང་པོར་ཤེས་པར་བྱས་ནས་ཡིད་དགའ་ཡལ་ལེ་ཤེས་པ་སྤྲོ་སིང་ངེ་བའི་ངང་ནས་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་རྒྱང་རིང་དུ་སྤངས་ཏེ། ཚིག་དོན་ལ་སེམས་རྩེ་གཅིག་ཏུ་བསྒྲིལ་ཏེ་ཉམས་སུ་ལེན་པར་ཞུ། དེ་དག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་གསལ་བར་བཤད་པ་འགྲོ་ཀུན་མཁའ་སྤྱོད་བགྲོད་པའི་མྱུར་ལམ་ཞེས་བྱ་བ་ལེགས་པར་བསྟན་ཟིན་ཏོ། །འདིར་སྨྲས་པ། དཔལ་ལྡན་འཁོར་ལོ་སྡོམ་པའི་ཆོས་ཀྱི་བཅུད། །དཔལ་མོ་མཁའ་སྤྱོད་དགའ་མའི་ཉེ་ལམ་མཆོག །དཔལ་ལྡན་ས་སྐྱའི་རྗེ་བཙུན་གསེར་ཆོས་གང་། །དཔལ་མཆོག་ཧེ་རུ་ཀ་དཔལ་མུས་པ་རྗེའི། ༡ །གསུང་གི་བཅུད་འདི་འདི་ཕྱིར་ཕན་འདོད་རྣམས། །བརྩོན་པས་ལེགས་སྒྲུབ་བསྒྲུབ་ན་འཁོར་བ་ལས། །ངེས་པར་མྱུར་གྲོལ་གྲོལ་བ་མཆོག་ཐོབ་འགྱུར། །དེ་ཕྱིར་སྐལ་བཟང་བཟང་པོའི་ལས་འཕྲོ་ཅན། ༢ །སྙིང་དབུས་བཞུགས་པའི་མཁའ་སྤྱོད་དབང་མོ་དེ། །སྙིང་ནས་བསྒྲུབ་པར་འདོད་པའི་བློ་ཅན་རྣམས། །སྙིང་གི་གདམས་པ་མཁའ་སྤྱོད་མྱུར་ལམ་འདི། །སྙིང་ལྟར་གཅེས་པར་བཟུང་ལ་དོན་གཉིས་སྒྲུབས། ༣ །རབ་འབྱམས་རྒྱུད་སྡེའི་སྙིང་པོ་གསང་བའི་གཏམ། །རབ་མང་མཁས་གྲུབ་བྱེ་བ་གཤེགས་པའི་ལམ། །རབ་མཆོག་རྗེ་བཙུན་གོང་མའི་གསུང་རབ་ལས། །རབ་གུས་བློ་ཡིས་ལེགས་པར་བཏུས་ཏེ་སྦྱར། ༤ །ནམ་ཡང་ཚེ་འདིའི་ལས་ལ་ཟིན་མེད་ཅིང་། །ནམ་འཆི་ཆ་མེད་ངེས་པར་འཆི་བའི་ཚུལ། །ནམ་གྱི་སྲོད་དང་ཐོ་རངས་ལེགས་བསམ་ན། །ནམ་ཡང་ཆོས་མེད་དལ་བར་འདུག་ཕོད་དམ། ༥ །བདག་འདྲ་དམ་པའི་རིགས་སུ་སྐྱེས་མོད་ཀྱང་། །བདག་ཏུ་འཛིན་པ་ཆགས་སྡང་རྨོངས་གསུམ་གྱིས། །བདག་ཡིད་དམ་དུ་བཅིངས་པ་འདི་བསམ་ན། །བདག་ནི་ཕྱི་མ་གར་སྐྱེ་ཨ་ཙ་མ། ༦ །འོན་ཀྱང་རྡོ་རྗེ་འཆང་དངོས་རྗེ་དང་མཇལ། །མཇལ་བར་མ་ཟད་གདམས་པ་རྒྱ་མཚོ་ཐོས། །ཐོས་ཙམ་མིན་པར་ཐུགས་ཡིད་གཅིག་ཏུ་འདྲེས། །འདྲེས་པས་འདི་ཕྱིའི་དོན་ཀུན་ལྷུན་གྱིས་་་་་་ངན་སོང་ལས་མ་འདས་པས། གྲུབ། ༧ །དེས་ན་བདག་དང་བདག་གི་གདུལ་བྱ་ཀུན། །ཀུན་མཁྱེན་མ་ཐོབ་བར་དུ་ཡོངས་འཛིན་རྗེ། །རྗེ་བཙུན་ཁྱེད་ལས་ལྷག་པའི་སྐྱབས་གཞན་མེད། །མེད་ཕྱིར་འབྲལ་མེད་ཐུགས་རྗེས་བསྐྱབ་ཏུ་གསོལ། ༨ །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །འདིར་ནི་ཚེ་རིང་དོན་གཉིས་མཐར་ཕྱིན་ཏེ། །འདི་ནས་མཁའ་འགྲོའི་མངོན་སུམ་མདུན་བསུས་ནས། །འདི་ཕྱིར་འབྲལ་མེད་དོན་ཀུན་འགྲུབ་གྱུར་ཅིག ༩ །ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་གསལ་བར་བཤད་པ་འགྲོ་ཀུན་མཁའ་སྤྱོད་བགྲོད་པའི་མྱུར་ལམ་ཞེས་བྱ་བ་འདི་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ས་སྐྱ་པ་ཆེན་པོ་རིགས་ལྡན་འཇམ་པའི་དབྱངས་སྐུ་མཆེད་དང་། རྗེ་བཙུན་མུས་པ་ཆེན་པོ་འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་སྤྱན་སྔ་རིན་པོ་ཆེ་ཀུན་དགའི་མཚན་ཅན། རྗེ་ནགས་དགོན་པ་སྦྱིན་པ་གྲགས་པ། གྲུབ་པ་མཆོག་གི་དེད་དཔོན་ཆོས་ཀྱི་རྗེ་དབང་ཕྱུག་རབ་བརྟན་ལ་སོགས་ཏེ། ཡོངས་འཛིན་དམ་པ་དུ་མ་ལས་གདམས་པ་རྒྱ་མཚོའི་བཀའ་དྲིན་ནོས་ཤིང་། ཁྱད་པར་རྗེ་བཙུན་མུས་པ་ཆེན་པོ་ལས། དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ཉིང་ཁུ་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ། ནཱ་རོ་མཁའ་སྤྱོད་དང་བཅས་པའི་དབང་བྱིན་རླབས་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་རྒྱུད་དང་རྒྱ་བོད་ཀྱི་ཚད་ལྡན་གྱི་གཞུང་དུ་མའི་བཤད་ལུང་སོགས་མདོར་ན་རྣལ་འབྱོར་གསང་མཐའི་གདམས་པ་རྒྱ་མཚོ་ལྟ་བུའི་བཀའ་དྲིན་ནོས་པའི་སྐལ་བ་བཟང་པོ་ཅན་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རང་གཞན་ཐམས་ཅད་མཁའ་སྤྱོད་ཀྱི་གོ་འཕང་བསྒྲུབ་པའི་སླད་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྒྱ་གཞུང་གི་དགོངས་འགྲེལ་ཚད་མར་གྱུར་པ། དཔལ་ལྡན་ས་སྐྱ་པའི་གོང་མ་རྣམས་ཀྱི་གསུང་རབ་རྗེས་འབྲང་དང་བཅས་པའི་ཡིག་ཆ་ཚད་ལྡན་དུ་མ་ཞིག་གི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་ནས། དཔལ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྒྱལ་འཕགས་པ། རྗེ་བཙུན་རྡོ་རྗེ་འཆང་། ཀུན་མཁྱེན་རིན་པོ་ཆེ། རྗེ་སངས་རྒྱས་དཔལ་བཟང་། པཎ་ཆེན་གུང་རུ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། རྗེ་ཚར་ཆེན་ཡབ་སྲས། རྗེ་ཀུན་དགའ་གྲོལ་མཆོག ཐར་རྩེ་ནམ་མཁའ་དཔལ་བཟང་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས། སིནྡྷུ་རའི་དཀྱིལ་འཁོར་གྱི་ཆོ་ག བྱིན་རླབས་ཀྱི་ཡི་གེ་སོགས་གསུང་རབ་དེ་དག་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་བཀོད་པ་ཡིན་པས་ཁོ་བོས་རང་བཟོ་ཅུང་ཟད་ཀྱང་མེད་དོ། །རྒྱ་གར་ལུགས་ལ་ཀྵ་ཡ་ཞེས་པ་ཟད་པ་དང་། རྒྱ་ནག་ལུགས་ལ་མེ་ཕོ་སྟག་གི་ལོ། ཕལ་གྷུནཿཞེས་པའི་དུས་ཀྱི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཀྱི་བཞི་ཐོག་བླ་བྲང་གི་ས་གསུམ་གྱི་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་གྱི་དྲུང་ག་ལ་བ་དེར་ལེགས་པར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་འབྱུང་ཞིང་བདག་ཅག་དཔོན་སློབ་ཐམས་ཅད་ཚེ་འདིའམ། འཆི་ཁའམ། བར་དོར་མཁའ་སྤྱོད་དབང་མོས་རྗེས་སུ་བཟུང་ནས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་དུ་འདྲེན་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག། ༈ །ཡང་སྨྲས་པ། ཁོ་བོས་བྱས་པའི་སྒྲུབ་དཀྱིལ་འདི་ཉིད་ནི། །ཚད་ལྡན་གོང་མའི་གསུང་རབ་མང་པོ་ལས། །བཏུས་ཕྱིར་ཕྱོགས་རེ་མཐོང་བ་རྒྱུ་མཚན་དུ། །བྱས་ནས་ལུགས་འདིར་སོམ་ཉི་མ་བྱེད་ཅིག །ཅེས་ཀྱང་གདམས་པ་སྟེ་རྒྱུ་མཚན་སྤྲོས་པས་ཆོག་གོ། །།སརྦ་མངྒ་ལཾ།། ༈ །རྡོ་རྗེ་རྣལ་འབྱོར་མའི་བཀྲ་ཤིས་གློ་བོ་མཁན་ཆེན་པས་མཛད་པ་བཞུགས་སོ། །ཤྲཱི་ཙཀྲ་སམྦྷ་ར་ཡ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བཀྲ་ཤིས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་འབྱུང་གནས་ཉམས་དགའ་བར། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་གདན་ལ་བདེ་བར་བཞུགས། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་གྱུར་རྣལ་འབྱོར་མ། །བཀྲ་ཤིས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གསང་ཆེན་ཟབ་མོའི་དོན་སྟོན་པ། །མཁའ་འགྲོ་གྲངས་མང་གསུང་གི་སྙིང་པོ་སུམ་ཅུ་གཉིས། །ས་གསུམ་ཁྱབ་པའི་འོད་ཟེར་བྱེ་བའི་འཕྲོ་འདུ་ཅན། །བཀྲ་ཤིས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འགྱུར་མེད་ལྷུན་གྱིས་གྲུབ་པའི་དབྱིངས། །ཁམས་གསུམ་ཀུན་ལ་བདེ་བ་ཆེན་པོ་ཁྱབ་པའི་ཐུགས། །ཚད་མེད་ཡོན་ཏན་ཕྲིན་ལས་ཚོགས་ཀྱི་ཆེར་འབར་བ། །བཀྲ་ཤིས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཞིང་སྐྱོང་མ་མོའི་ཚོགས་རྣམས་ཀྱིས། །བདུད་དང་བགེགས་འཇོམས་ཞི་རྒྱས་དབང་གི་ལས་མཛད་ཅིང་། །སྲུང་བའི་འཁོར་ལོ་རྒྱ་ཆེན་རྟག་ཏུ་གནས་གྱུར་པ། །བཀྲ་ཤིས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་བཀྲ་ཤིས་འདི་སྒྲུབ་མཆོད་ཀྱི་ཆ་རྐྱེན་དུ་དགེ་སློང་པུ་ཎྱས་བྲིས་པ་ལགས། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་བཀྲ་ཤིས་འདི། རྣལ་འབྱོར་མའི་སྒྲུབ་མཆོད་ཀྱི་ཚེ། བདག་འཇུག་གི་དབང་གི་བཀྲ་ཤིས་སྐབས་སུ་མཛད་པར་ཞུ། རྣལ་འབྱོར་མའི་དཀྱིལ་འཁོར་གྱི་བཀྲ་ཤིས་འདི་གློ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ཉིད་ཀྱི་ཕྱག་བྲིས་དངོས་རྒྱ་ཤོག་སེར་པོའི་ལོགས་ལ་འགོད་པར་མཛད། དད་པའི་དབང་གིས་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ལག་ཏུ་བྱུང་བ་ལས་ཞལ་བཤུས་དག་པར་བགྱིས་པ་འདིས་འཕྲལ་དུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དཔལ་འབར་བར་གྱུར་ཅིག། །།དེ་ལྟར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་སོར་བཞག་ཐོག སོགས་ཁོངས་འགའ་ཤས་ཁ་བསྐང་ཞིང་། ཕྱག་ལེན་སྐོར་གསལ་ཁ་ཕྲན་བུ་ཞབས་ཏོག་གི་ཚུལ་དུ་སྦྱར་ནས། རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོར་ར་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་གྱི་ཚོགས་གཞུང་འདོན་བྱར་དམིགས་ཏེ། ས་སྐྱ་སྒྲོལ་མ་ཕོ་བྲང་གི་ཁྲི་འཛིན་ངག་དབང་ཀུན་དགས་གསར་སྒྲིགས་ཀྱི་རྒྱུ་ཡོན་སྦྱར་ནས་རྒྱལ་ཡོངས་ས་ཆེན་གློག་ཀླད་ནང་བཅུག་ནས་པར་དུ་བསྐྲུན་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་། བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།

སྲས་བཅས་རྒྱལ་ཀུན་ཡུམ་གྱུར་རྗེ་བཙུན་མ། །རྡོ་རྗེ་བཙུན་མོའི་གཟུགས་སུ་ཡོངས་ཤར་བ། །པདྨ་རཱ་གའི་མདངས་ལྡན་རྣལ་འབྱོར་མའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ།། །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཞུས།། །།