རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་ཡི་གེ་

ཡོང་ཁུངས་Wikipedia

༄༅། ། རོང་ཟོམ་ཆོས་བཟང་གིས་མཛད་པའི་རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་གནང་བཀག་གི་ཡི་གེ་གསལ་བར་བཀོད་པ་བཞུགས།

རྣལ་འབྱོར་ཆེན་པོའི་སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས། རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་ཆུང་གིས། བསྲུང་མཚམས་གནང་བཀག་ཏུ་ཕྱེ་བ་ལས། ཤེས་རབ་དང་ཏིང་ངེ་འཛིན་དུ་མི་ལྡན་པའི་གང་ཟག་ཐ་མལ་པས། མི་བསྲུང་དུ་མི་རུང་བ་དང་། བསྲུང་བའི་ཡུལ་མ་ཡིན་པ་རྣམས་ཕྱེ་ནས་བརྗེད་བྱང་དུ་བྱས་ཏེ། རྩོལ་བ་འབྲིང་གིས་ཀྱང་ཉ་སྟོང་གི་བདུད་རྩིའི་མཆོད་པའི་དུས་སུ། ཞིག་པ་དང་མ་ཞིག་པ་རྣམས་བགྲང་ཞིང་གསོ་བར་བྱ་སྟེ། དེ་ལ་རྩ་བའི་དམ་ཚིག་ལ། བླ་མ་བཀུར་བའི་སྐབས་སུ། ཐམས་ཅད་ཀྱང་བཀུར་བ་ཡིན་ན། ལྷག་པར་ཡང་དབང་དང་དམ་ཚིག ། མན་ངག་ནོས་པར་བཀུར་བར་བྱ་སྟེ། ༼རྩ་བ་འདི་ཞིག་པའི་ཚད་ནི་བླ་མ་དང་འཁོན་པའི་ལས་བྱས་ཏེ་ཤེས་བཞིན་དུ་དང་པོ་ཡང་དེ་མ་འཛེམས། ཐ་མར་ཡང་སོར་མ་བཅུག་པར་སྐྱེ་ཤིས་བར་བཅད་ན་རྩ་བ་གཏིང་ནས་ཞིག་གོ། ། ༽དེ་ཡང་སངས་རྒྱས་པས་ལྷག་པའམ། མཉམ་པའམ། དཀོན་མཆོག་བཞི་བར་བལྟ་བ་རྣམས་གང་རུང་ཅིག་མནོས་ཏེ་བསྲུང་བར་བྱའོ། ། རྡོ་རྗེ་མཆེད་ལ་བྱམས་པར་བྱ་བ་ཡང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཀུན་ཀྱང་ཡིན་ན། ལྷག་པར་ཡང་སྡོམ་པ་ལྷན་ཅིག་ནོས་པ་སྟེ། ༼རྩ་བ་འདིའི་སྐབས་སུ་སྔ་མ་བཞིན་དུ་མཁོན་བཙུགས་ཀྱི་ལས་བྱས་ནས། བདག་གིས་ཉེས་ན་བཤགས་པ་མི་བྱེད་པ་དང་། ཕ་རོལ་གྱིས་ཉེས་ན་བཤགས་ཀྱང་མི་ཚངས་པར་གྱུར་ཏེ་སྐྱེ་ཤིས་བར་བཅད་དུ་གྱུར་ན་རྩ་བ་གཏིང་ནས་ཞིག་གོ །༽ དེ་དག་ལ་ཕན་གདགས་པའི་བསམ་པ་བཏང་ཞིང་། ཁྲོ་བ་ཡང་སྤང་བར་བྱ། འཁུ་ཞིང་གནོད་པ་བྱེད་པ་ལྟ་ཅི། མིང་ཡང་མི་གྲགས་པར་བྱའོ། །འདི་དག་ལས་འགལ་འཁྲུལ་ཤོར་ན། མཐོང་བའི་ཆོས་ལ་སོར་གཞུག་གོ །ཡི་དམ་གྱི་ལྷ་བསྒོམ་པ་དང་། ༼རྩ་བ་འདིའི་སྐབས་སུ་བྱང་ཆུབ་ཀྱི་སེམས་བཏང་ན་རྩ་བ་གཏིང་ནས་ཞིག་གོ །མཆོད་པ་ནི་ཡན་ལག་ཡིན་ནོ། །ལྷ་བསྒོམ་ནས་མཆོད་པ་བྱས་ཏེ་སྔགས་བཟློས་པས་དུས་མཚུངས་ཀྱང་མཆོད་པ་མེད་པར་ཡང་བསྒོམ་ཞིང་བཟླས་སུ་རུང་ངོ་། །རྟག་ཏུ་བརྟེན་པ་བཞི་ནི། ལྷ་དང་བླ་མ་རྟག་ཏུ་མཆོད། །སྔགས་དང་ཕྱག་རྒྱ་རྟག་ཏུ་བརྟེན། །ཞེས་བཤད། རྟག་པའི་སྒྲ་ནི་རྒྱུན་ལ་བྱ། ༽སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། བདུད་རྩི་ལྔ་དང་དུ་བླང་བ་ནི། དུས་དང་ཚུལ་གཅིག་སྟེ། བརྩོན་པ་རབ་འབྲིང་གི་དབང་གིས་ཞག་ཟླ་དང་ལོ་དུས་ལ་བསྒོམ་པ་དང་། བཟླས་བརྗོད་དང་། ༼ ཚོགས་སྤྱིར་བསྡུ། ༽བདུད་རྩིའི་མཆོད་པ་དག་བགྱི། དེ་ཡང་ཏིང་ངེ་འཛིན་དང་བཟླས་པ་ནི། དམ་བཅས་པ་ལས་ལྷག་པར་ཡང་འགྲུབ་ཚད་དུ་བགྱི། མཆོད་པ་ནི། ལོ་ཟླ་ལས་འདར་མི་རུང་ངོ་། །གསང་བའི་མན་ངག་ནི། ༼སྤྱིར་གཞན་གྱིས་འཕྱར་ཀར་གྱུར་པ་ཐམས་ཅད་དངོས་གྲུབ་དང་ཚེ་དང་ལོངས་སྤྱོད་ཀྱི་བར་ཆད་དུ་འགྱུར་རོ། །༽སློབ་དཔོན་དང་། མཆེད་དང་། གནས་དང་། དུས་ལྟ་བུ་ནི། གསང་སྔགས་འཆོལ་བའི་དུས་སུ་བསྲུང་བར་བྱ་བ་མ་ཡིན་ནོ། །ཡི་དམ་གྱི་ལྷ་དང་། ཡི་དམ་གྱི་སྔགས་དང་། ཡི་དམ་གྱི་ཕྱག་རྒྱ་དང་། འདི་གསུམ་ནི། ༼རང་གི་ཡི་དམ་འདི་གསུམ་དབང་བསྐུར་བའི་སློབ་མ་ལ་སྨྲས་ཀྱང་དངོས་གྲུབ་ལ་གནོད་དོ། ། ༽མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་སོ། །འདྲེས་པ་ལ་བསྟན་ན་དངོས་གྲུབ་ཉམས་སོ། །སྤྱོད་པ་རླབས་པོ་ཆེ་ནི། མ་འདྲེས་པ་ལ་མི་བསྟན་ནོ། །ལྟ་བ་ཟབ་མོ་ནི། ཐེག་པ་དམན་ཞིང་བློ་དམན་པ་རྣམས་ལ་མི་བསྟན་ནོ། །གལ་ཏེ་འདི་ལས་ཉམས་ན་བསྐང་བའི་ཐབས་གཞན་མེད་དེ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་པས། ཀུན་ཀྱང་སྣོད་ཡིན་པར་བསམ་པ་དང་། ཤེས་རབ་ཀྱི་ཆོས་མཉམ་པ་ཉིད་དུ་རྟོག་པས་བསྐང་ངོ་། ། ཞེས་གསུངས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ལ། སྒྲོལ་བའི་སྐབས་སུ། བསྒྲལ་བའི་ཞིང་བཅུ་གསུངས་པ་ལས། ངན་སོང་གསུམ་བསྒྲལ་བར་གསུངས་པའི་སྐབས་སུ། དུད་འགྲོ་ལས། ཞིང་ཁུད་པར་གྱུར་པ་རྣམས་ཀྱང་། སྙིང་རྗེ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་དེ་དག་ལ་ཕན་ཤིན་ཏུ་ཐོགས་པར་དཀའ་བས། ༼ཨུ་མ་ཚང་ན་ཉལ་བ། རྨུགས་སངས་ཤིང་པར་ལས་དབུ་མ་ཚང་ན་ཉལ་བ། ཞེས་འབྱུང་། མཁའ་ལ་རླུང་ལྟར་འཕྱོ་བ། བཅུ་དྲུག་ཚང་ན་འཁྱིལ་བ་ལྟ་བུ། ༽ འདི་དངོས་སུ་བསྒྲལ་བར་མི་བརྩམ་མོ། །ཡི་དྭགས་ལས། གདོན་ཆེན་པོ་གཙུག་ལག་ཁང་དུ་ཞུགས་ནས། དགེ་འདུན་རྣམས་ལ་བར་ཆད་བྱེད་པ་དང་། དབེན་ཚ་ཁ་ཁའི་རྣལ་འབྱོར་པ་རྣམས་ལ་གནོད་པ་དང་། སྲོག་ཆགས་མང་པོ་ལ་འཚེ་བ་དག་ལ། དྲག་པོའི་ཕྲིན་ལས་ཀྱིས་མནན་གཟིར་དག་བྱ་རུང་ངོ་། །དམྱལ་བ་ལ། ཞིང་ཁུད་པ་མེད་དོ། །མིའི་སྐྱེ་དགུའི་ཞིང་ཁུད་པ་རྣམས་ལས། འདུས་པར་འོངས་པ་བསྒྲལ་བར་གསུངས་པ་ནི། སྔོན་དུས་དང་པོའི་ཚེ། སྤྱི་གསང་བཞི་ལ་སྤྱོད་པའི་དུས་ན། ༼སློབ་དཔོན་དང་། མཆེད་དང་། དུས་དང་། གནས་དག་གསང་བའི་ཚེ། ༽གསང་སྔགས་ཞེས་བྱ་བར་གང་ཟག་འགའ་ཞིག་སྤྱོད་པ་ཡང་། སྐྱེ་བོ་སུ་ལ་ཡང་མ་གྲགས་པའི་དུས་ན། བསྒྲལ་བའི་ཞིང་ཡིན་ཏེ། ཕྱིས་གསང་སྔགས་ཐུན་མོང་དུ་གྲགས་པའི་ཚེ། བསྒྲལ་བའི་ཞིང་མ་ཡིན་ནོ། །གཞན་དཀོན་མཆོག་གི་བསྟན་པ་འཇིག་པ། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ། རྣལ་འབྱོར་པ་ཡོང་ལ་གནོད་པ། སློབ་དཔོན་དང་མཆེད་ལ་འཁུ་བ། དམ་ཚིག་རྩ་བ་ཆེན་པོ་ཉམས་ཤིང་ལོག་པ། གསང་བའི་ཐེག་པ་སྒྲུབ་པ་པོ་དང་བཅས་པ་ལ་འཕྱ་ཞིང་སྐུར་བ་རྣམས་ནི། མངོན་སྤྱོད་ཀྱི་ལས་ལ་སོགས་པས་ཆེད་དུ་བླངས་ཏེ་སྒྲལ་བ་ཡིན་ནོ། །དངོས་གྲུབ་ཀྱི་རྫས་སུ་བསྒྲལ་བར་གསུངས་པའི་འབྲས་བུ་ཆེན་པོ་ལྔ་ལ་སོགས་པ་ནི། གང་ཟག་ཕལ་བའི་ཡུལ་མ་ཡིན་པས། སྒྲོལ་བ་འདི་ནི་མི་བརྩམ་མོ། །སྦྱོར་བའི་སྐབས་སུ། རྒྱན་གཅིག་པ་དང་། ༼གཙོ་གཟུངས་གཅིག་ལས་གཞན་བཙལ་དུ་མི་གནང་བར་ནོས་པ། ༽ སྨོན་ལམ་གཅིག་པ། ༼བསྙེན་པ་རྫོགས་ནས་སྒྲུབ་པའི་ཚེ་བཙལ་ཏེ་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ལེན་པའི་ཚེ་ཚོགས་མཆོག་གསང་བ་ལ་གཟུངས་གཅིག་སྦྱོར་བར་དམ་ཚིག་ནོས་པ་གུད་དུ་ཕྱེ་བ་མེད་པར་དཀྱིལ་འཁོར་གཅིག་གི་ནང་དུ་གཙོ་བོ་གཟུངས་ཕན་ཚུན་འཁྲིལ་དུ་གནང་བའི་དམ་ཚིག་ནོས་པ། ༽འདི་གཉིས་ནི་དེ་ལྟར་དམ་བཅའ་ནུས་པའི་གང་ཟག་ཡོད་ན། གང་ཟག་ཕལ་པས་ནུས་ཀྱང་མི་རུང་བ་མེད་དོ། །བརྩོན་འགྲུས་ཀྱིས་མི་ནུས་ན། ནོད་པར་བྱ་བ་མ་ཡིན་ནོ། །རིགས་ལྔ་ཚུལ་གཅིག་པ་ནི། སྤྱོད་པ་དང་དམ་ཚིག་མཐུན་པ་ཡོད་ན་ནོད་དུ་རུང་ངོ་། །ཕྱལ་བ་ནི། ཀུན་གྱིས་ནོད་ཅིང་བསྲུང་བར་བྱ་བ་ཡིན་ནོ། །མ་བྱིན་པ་ལེན་པའི་སྐབས་སུ། དཀོན་མཆོག་ལ་བསྔོས་པ་ལ་སོགས་ཏེ། ཤིན་ཏུ་ལྕི་བའི་རྫས་རྣམས་ནི་བླང་བར་བྱ་བ་མ་ཡིན་ནོ། །བསྒྲལ་བའི་ཞིང་དུ་གྱུར་པའི་རྫས་དང་། ཤིན་ཏུ་སེར་སྣས་བཅིངས་པའི་རྫས་རྣམས་སྙིང་རྗེས་དབང་གིས་བླངས་ནས་མཆོད་སྦྱིན་ཆེན་པོར་བྱ་བར་གསུངས་སོ། །བརྫུན་དུ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་བརྫུན་དང་། སེམས་ཅན་ལ་གནོད་པའི་བརྫུན་དང་། གང་ཟག་གཞན་སྤྱོད་པའི་ཆོས་ཀྱི་གཞུང་ལ་དམོད་པའི་བརྫུན་དང་། རང་ལ་ལུང་ངེས་པ་མེད་པར་ཕ་རོལ་གྱི་བདེན་པའི་ཚིག་ལ་ལན་ལྡོན་པའི་རྫུན་རྣམས་སྨྲ་བར་མི་བྱའོ། །གཞན་བླ་མ་དང་གྲོགས་ལ་ཕན་པར་འགྱུར་བའི་རྫུན་དང་། སེམས་ཅན་གྱི་སྲོག་དང་རྫས་ལ་སྐྱོབས་པར་འགྱུར་བའི་རྫུན་རྣམས་ནི་ཆེད་དུ་བླངས་ཏེ་སྨྲ་བར་བྱའོ། །ངག་རྩུབ་མོ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་ངག་རྩུབ་མོ་དང་། ༼སློབ་དཔོན་དང་མཆེད་ལ་གནོད་པའི་ཁྲོ་ཚིག་དང་། སྤྱིར་བསྟན་པ་ལ་གནོད་པའི་ཁྲོ་ཚིག་ལྟ་བུ། ༽སེམས་ཅན་ཕལ་བ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་རྒྱུར་འགྱུར་བའི་ཚིག་རྩུབ་མོ་ནི་སྨྲ་བར་མི་བྱའོ། །གཞན་གོང་དུ་བསྟན་པའི་བསྒྲལ་བར་བྱ་བའི་དམིགས་རྣམས་གདུལ་བར་བྱ་བའི་ཕྱིར་ངག་རྩུབ་མོ་སྨྲ་བ་དང་། དྲག་པོའི་གསང་སྔགས་བཟླས་པ་དང་། སྣོད་དུ་གྱུར་བའི་གང་ཟག་ལ་ཆོས་ཟབ་མོ་བཤད་པའི་ཚིག་རྩུབ་མོ་རྣམས་ནི་དམིགས་ཀྱིས་སྨྲ་བར་བྱའོ། །༼གདུག་པ་ཅན་སྒྲོལ་བའི་ཆོས་དང་འཇིག་རྟེན་ལུགས་དང་མི་མཐུན་པའི་ལྟ་བ་ཟབ་མོ་བཤད་པ་ལྟ་བུ། ༽དམ་ཚིག་འདི་དག་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་བར་བྱ་བ་ཡིན་ཏེ། འདའ་བར་མི་གནང་ངོ་། །དེ་ལ་ཡང་སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས། ཇི་ལྟར་བསྟན་པ་བཞིན་དུ་མ་ནུས་ན་ནི། དངོས་གྲུབ་ལས་ཉམས་པར་འགྱུར་ཏེ། སྒྲིབ་པ་ལ་སོགས་པར་ནི་མི་འགྱུར་བས། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ལ་སོགས་པས་ཀྱང་བསྐང་བར་བྱའོ། །ཉོན་མོངས་པ་ལྔ་མི་སྤང་བའི་དམ་ཚིག་དང་། ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། སྤྱིར་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱ་བ་ལས་མ་གཏོགས་པ་ལུས་ངག་གིས་ལྷག་པར་སྤྱད་ཅིང་བསྲུང་དུ་མེད་དོ། །གྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། དམ་ཚིག་འདི་རྣམས་ཚུལ་བཞིན་དུ་བསྒྲུབ་པའི་འབྲས་བུ་ཡིན་ཏེ། དེ་བཞིན་དུ་བརྩོན་པར་བསྲུང་བ་ལས་མ་གཏོགས་པ་ལྷག་པར་གུད་དུ་བསྲུང་བ་མེད་དོ། །འདི་དག་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་མདོར་བསྡུས་པ་ཡིན་ནོ། །སྤྱིར་དུས་དང་རྒྱུན་དུ་བསྲུང་བའི་བརྟུལ་ཞུགས་ཀྱི་དམ་ཚིག་རྣམས་དང་། ༼ལྷའི་བརྟུལ་ཞུགས་དང་། མཉམ་པའི་བརྟུལ་ཞུགས་དང་། ༽ དུས་སྐབས་སུ་བསྲུང་བར་བྱ་བའི་༼དམ་ཚིག་ཅན་ནམ་དུ་མི་སྤྱོད་པ་ལ་སོགས་པ། ༽ ལྷག་པའི་དམ་ཚིག་རྣམས་ནི། དམ་བཅས་པའི་བསྙེན་སྒྲུབ་ཆེན་པོ་དང་། དུས་དུས་སུ་བྱ་བའི་བསྙེན་བསྒྲུབ་རྣམས་བྱ་བའི་ཕྱིར། བསྲུང་བར་བྱ་བ་ཡིན་པས། ལྷག་པར་བླ་མ་ལས་གུད་དུ་ནོད་མི་དགོས་ཏེ། དང་པོར་དབང་ནོད་པའི་དུས་སུ། སྤྱིའི་དམ་ཚིག་འདི་དག་མནོས་ནས། ཕྱིར་བསྣན་ཅིང་ལེགས་པར་གཏན་ལ་ཕབ་སྟེ། དུས་ཀྱི་གསོ་སྦྱོང་གིས་ཕྱིན་པར་བྱས་ན། བསླབ་པ་ཕྲ་མོ་དག་དུས་༼ནམ་དགོས་པའི་དུས། ༽སྐབས་སུ་བསླབས་པས་ཆོག་གོ །དམ་ཚིག་འདི་དག་ཉམས་ན་བསྐང་བའི་ཐབས་ཀྱང་ལུགས་གཉིས་སྣང་སྟེ། གཞུང་གཅིག་ནི། དམ་ཚིག་ཉམས་ན་སླར་དཀྱིལ་འཁོར་དུ་ཞུགས་ཏེ། དབང་དང་དམ་ཚིག་ནོད་དོ། ། ཞེས་འབྱུང་ངོ་། །གཞུང་གཉིས་པ་ནི། ཉམས་པ་དང་༼སློབ་དཔོན་དང་མཆེད་ལྕམ་ནང་ཕན་ཚུན། ༽ཉམས་པའི་ཡུལ་རྣམས་ཚེའི་བར་ཆད་ཀྱིས་མ་བསྐལ་ན། སོར་བཅུག་པས་བསྐང་། ཞེས་འབྱུང་ངོ་། །གསོ་སྦྱོང་གི་དུས་ནི། བརྩོན་པ་རབ་ནི། རྟག་ཏུ་སེམས་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང་། ཐོ་རངས་༼དུས་ཀྱི་ཡི་དམ་ཐོག་མར་དམ་ཚིག་བསྒྲང་ཞིང་གསོ། ༽ཐུན་དང་པོ་ལ་ཉམས་པ་དང་མ་ཉམས་པ་བགྲང་ཞིང་གསོ་བར་འབྱུང་། འབྲིང་༼དེའི་ཚེ་གྲོགས་ཀྱི་དཔང་པོ་ཡོད་ཀྱང་རུང་། མེད་ཀྱང་རུང་། ༽པོས་ཟླ་ཚིགས་ཀྱི་མ་ཆོད་པ་ལ་བགྲང་ཞིང་གསོ། །ཐ་༼དམ་ཚིག་ཉམས་པ་སློབ་དཔོན་དང་མཆེད་ཀྱི་ནང་དུ་དཔང་དུ་གསོལ་ཏེ། ༽མས་ལོ་དུས་ཀྱི་མ་ཆོད་པ་ལ་བགྲང་ཞིང་གསོ། ཉམས་ཤིང་ཞིག་པའི་སྐྱོན་ནི། སྤྱིར་གྲགས་པས་མ་སྨྲོས་ཏེ། མདོར་ན་དགེ་བའི་དབང་པོ་ཐམས་ཅད་ཀྱི་སྲོག་གི་དབང་པོ་དམ་ཚིག་ཡིན་ཏེ། འདི་མེད་ན་དབང་ལ་སོགས་པ་དགེ་བ་གཞན་གྱི་ནུས་པ་ཡོད་མི་སྲིད་པར་དམ་ཚིག་གི་བདག་པོ་ཉིད་ཀྱིས་གསུངས་སོ། ། ངྷརྨ་བྷ་དྲས་མཛད་པའི་དམ་ཚིག་གི་གནང་བཀག་གོ། །