རྣལ་འབྱོར་
རྣལ་འབྱོར་ནི་སེམས་དང་དེ་ཁོ་ན་ཉིད་གཉིས་སུ་མེད་པར་འདྲེས་པའི་ཉམས་ལེན་ཟབ་མོ་ཞིག་ཡིན་ཏེ། ལེགས་སྦྱར་སྐད་ཀྱི་ཡོ་ག་ཞེས་པ་ལས་བྱུང་བ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]རྣལ་འབྱོར་ཞེས་པའི་སྒྲ་ནི་རྣལ་མ་དང་འབྱོར་བ་གཉིས་ལས་གྲུབ་པ་ཡིན། རྣལ་མ་ནི་དེ་ཁོ་ན་ཉིད་དམ་ཆོས་ཉིད་ལ་གོ་ཞིང་། འབྱོར་བ་ནི་དེ་ལ་སེམས་མཉམ་པར་འཇོག་པའམ་སྦྱོར་བ་ལ་འཇུག་པའི་དོན་ཡིན།
མཚན་ཉིད།
[རྩོམ་སྒྲིག]"བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རྣམས།"[༡] ཞེས་གསུངས་པ་ལྟར། རྣལ་འབྱོར་གྱི་མཚན་ཉིད་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་ཉམས་ལེན་ཡིན།
ངོ་བོ།
[རྩོམ་སྒྲིག]རྣལ་འབྱོར་གྱི་ངོ་བོ་ནི་སེམས་ཀྱི་གནས་ལུགས་རྟོགས་ནས་དེ་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཟབ་མོ་ཞིག་ཡིན། "ཆོས་ཉིད་ཟབ་མོ་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་དེས་ཆོས་གང་ཡང་ཡོངས་སུ་གཟུང་བ་མེད་པས་ན།"[༢] ཞེས་གསུངས་པ་ལྟར། རྣལ་འབྱོར་པས་དམིགས་གཏད་དང་སྤྲོས་པའི་དྲྭ་བ་ཐམས་ཅད་རབ་ཏུ་ལོག་ནས་རང་བྱུང་གི་ཡེ་ཤེས་ལ་གནས་པར་བྱེད།
དབྱེ་བ།
[རྩོམ་སྒྲིག]ལམ་གྱི་རྣལ་འབྱོར། "ལམ་ཤེར་ཕྱིན་དངོས་བཏགས་གཉིས་ལས་དངོས་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རྣམས་ཡིན་ལ།"[༣] ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ལམ་དུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར།
སྦྱངས་པའི་ཡོན་ཏན་གྱི་རྣལ་འབྱོར། "སྦྱངས་སྟོབས་རྣལ་འབྱོར།"[༤] ཞེས་གསུངས་པ་ལྟར། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་རྣལ་འབྱོར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར། "ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་ནི་བསལ་བཞག་མེད་པའི་གཤིས་རྣལ་མ་བབ་ཀྱིས་སྐྱོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ། །"[༥]ཞེས་གསུངས། འདི་ནི་སྟོང་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པའི་རྣལ་འབྱོར་ཡིན།
ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར། "ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྣལ་འབྱོར་ཟབ་མོ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །"[༦]ཞེས་གསུངས་པ་ལྟར། ཞི་བའི་དབྱིངས་ལ་གནས་ཀྱང་སེམས་ཅན་གྱི་དོན་མི་འདོར་བའི་རྣལ་འབྱོར་ཏེ། ཐབས་དང་ཤེས་རབ་གཉིས་མེད་དུ་འདྲེས་པའི་ཉམས་ལེན་ནོ། །
རྣལ་འབྱོར་གྱི་ཁྱད་ཆོས།
[རྩོམ་སྒྲིག]མི་དམིགས་པའི་རྣལ་འབྱོར། "བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ནས་མ་ཆགས་པར་དེ་བཏང་སྟེ་ཕྱིར་ཡང་འདོད་པའི་ཁམས་སུ་སེམས་ཅན་གྱི་དོན་བྱེད་པ་ལ་གནས་"[༧]ཞེས་གསུངས་པ་ལྟར། ཏིང་ངེ་འཛིན་ལ་ཆགས་པ་མེད་པར་སེམས་ཅན་གྱི་དོན་བྱེད་པའི་རྣལ་འབྱོར།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 4b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 7b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 4b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 96
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 20b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 69a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 49b