རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་

ཡོང་ཁུངས་Wikipedia

ཐོག་མར་མཐོང་སྨོན་གྲྭ་ཚང་ཞེས་པ་ནི། དཔལ་གསང་ཕུ་ནིའུ་ཐོག་ཏུ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གླེགས་བམ་མཐོང་སྨོན་དང་། དེ་ཉིད་བཞུགས་པའི་གཙུག་ལག་བཅས་ལ་བླ་དྭགས་སུ་དཔལ་ལྡན་མཐོང་སྨོན་གྲྭ་ཚང་ཞེས་བྱུང་། ཆོས་གྲྭ་ཆེན་པོ་འདི་ནི་བསྟན་པའི་མངའ་བདག། བཤེས་གཉེན་དཀོན་མཆོག་བཟང་པོ་(1398-1475 ཇོ་ནང་པའི་མཁས་པ་ཁོང་ཡིན་མིན་མི་ཤེས།)དང་། སྨྲ་བའི་དབང་ཕྱུག་རྗེ་ཤེས་རབ་སེང་གེ(1383-1445)། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་(1391-1474)སོགས་ལུང་རིགས་སྨྲ་བ་དུ་མའི་བསྟིི་གནས་ཁྱད་པར་ཅན་ཞིག་ཡིན་ལ། དེ་རྗེས་ཅུང་ཉམ་ཆག་འོག་དྭགས་པོ་པན་ཆེན་བཀྲ་ཤིས་རྣམ་རྒྱལ་(1398-1458)གྱིས་རྔོག་གི་བཞེད་སྲོལ་དྲི་མ་མེད་པའི་སྟེང་། རྗེ་བཙུན་གོང་མ་རྣ་ལྔའི་བཞེད་གཞུང་ཐུན་མོང་མ་ཡིན་པ་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ་ཅིང་། དགོན་པ་གསར་འདེབས་དང་གྲྭ་རྒྱུན་བསྡུ་རུབ་སོགས་མཛད་པས། མཐོང་སྨོན་དྭགས་པོ་གྲྭ་ཚང་ཞེས་མཚན་གྱིས་གྲགས། དེ་ལྟར་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་བར། དཔལ་ལྡན་གསང་ཕུར་རྗེ་གོང་མ་རྣམས་དང་། ལྷག་པར་དྭགས་སྟོན་བཀྲ་ཤིས་རྣམ་རྒྱལ་གྱིས་ཐུགས་འགན་གཙོ་བོར་བཞེས་ཏེ། བཤད་སྒྲུབ་གྱི་བསྟན་པའི་རྒྱུན་ལེགས་པར་བསྐྱངས་ཤིང་། རང་ཉིད་ཀྱི་སློབ་མའི་གཙོ་བོ་རྣམས་ལ་རིམ་གྱིས་གྲྭ་ཚང་འདིའི་འཆད་ཉན་པར་བསྐོ་བཞག་མཛད་དེ། མདོ་སྔགས་གཞུང་ལུགས་ལ་མངའ་བརྙེས་པའི་མཁན་རབས་རིམ་པར་བྱོན། དེ་ནས་དུས་རབས་བཅུ་དྲུག་པའི་དུས་སྨད་བར། མཁན་ཐོག་རིམ་པ་བཅུ་གཅིག་ཙམ་བྱོན་པའི་རྗེས། ད་ལྟའི་གནས་ཡུལ། ལྷོ་ཁ་གོང་དཀར་རྫོང་། གཡོར་པོ་གཞུང་༡ངམ་རྣམ་རབ་ཏུ་གནས་སྤོས་ཏེ། རྔོག་གི་གདན་ས་གཞུང་རི་བོ་དང་ཧ་ཅང་ས་ཁད་ཉེ་བ། རྣམ་རབ་ཞོལ་གྱི་གྲོང་ཚོའི་དབུས་སུ་ཆགས། དེ་བཞིན་གསང་ཕུ་བླ་བཅུའི་གྲྭ་ཚང་མང་པོ་ཕྱོགས་ཁག་ཏུ་གནས་སྤོས་མཛད་འདུག། འོན་ཀྱང་རྒྱུ་རྐྱེན་གང་ཞིག་གིས་ཐོག་ནས་གནས་སྤོས་མིན་ད་བར་གསལ་ཁ་མི་ཤེས། ཐོག་མར་ཕྱག་བཏབ་ནས་ད་ལྟ་བར་ཁྱོན་ལོ་ངོ་དྲུག་བརྒྱ་ཙམ་རིང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་ས་རྔོག་འདྲེས་མའི་ཆོས་རྒྱུན་ལེགས་པར་བསྐྱངས་ཏེ། མདོ་སྔགས་ཀྱི་བསྟན་པའི་རྩ་ལག་དམ་པའི་ཆོས་འདུལ་བ་བཞིན་བསྐྱངས་དང་སྐྱོང་བཞིན་ཡོད། དགོན་འདིར་གཙུག་ལག་ཁང་ཐོག་བརྩེགས་གསུམ་ཅན་ཏེ། སྟེང་དུ་གནས་བཅུ་ལྷ་ཁང་། བར་དུ་རབ་གསལ་ལྷ་ཁང་དང་མཁན་པོའི་གཟིམས་ཆུང་། ལམ་འབྲས་ལྷ་ཁང་དང་ནུབ་ཏུ་པར་ཁང་ཆེན་མོ། འདུ་ཁང་གི་སྦུག་ཏུ་གཙང་ཁང་སྒྲོལ་མ་ལྷ་ཁང་། གཡས་ཕྱོགས་སུ་བཀའ་འགྱུར་ལྷ་ཁང་། གཡོན་ངོས་སུ་གསང་བའི་མགོན་ཁང་། གཙུག་ལག་ཁང་གི་ནུབ་ཏུ་ལྕོག་གསར་པ། གཙུག་ལག་ཁང་གི་བྱང་དུ་རྣམ་རྒྱལ་ལྕོག་ཐོག་བརྩེགས་ཉིས་ཅན། དགོན་པའི་ཤར་ལྷོའི་མཚམས་ལ་ཆོས་རྭ་ཁང་ཐོག་བརྩེགས་གསུམ་ཅན་དང་པར་ཁང་། ལྷོ་ངོས་སུ་རྒྱ་རི་གཞིས་ཀ་ཐོག་བརྩེགས་བཞི་ཅན། སྟེང་ཐོག་ཏུ་རྒྱལ་ཁང་། ཐོག་བརྩེགས་གཉིས་པར་ཨེ་ལྷ་རྒྱ་རིའི་རྒྱལ་པོ་རིམ་བྱོན་གྱི། སྐུ་ཚེ་ཚེ་སྒྲུབ་གནང་སའི་འདུ་ཁང་ཀ་བ་བཅུ་ཅན་སོགས་དང་། ཁང་ཚན་བཞི་སྟེ། རོང་པོ་ཁང་ཚན། མི་ཉག་ཁང་ཚན། ཀླད་ཁང་ཁང་ཚན། རྒོད་པོ་ཁང་ཚན་བཅས་སོ། དགོན་པའི་རྟེན་གྱི་གཙོ་བོ་སྐུ་རྒྱུ་ཁྱད་འཕགས་ལས་བཞེངས་པའི་སྟོན་པ་ཐུབ་པའི་དབང་པོ་དང་། སྟོན་པོ་གཙོ་འཁོར་གསུམ་ཐོག་བརྩེགས་མ། སྒྲོལ་ལ་ཉེར་གཅིག་གི་སྐུ་གསེར་ཟངས་ལས་གྲུབ་པ། མཉམ་མེད་དྭགས་པོ་ལྷ་རྗེའི་ཐུགས་དམ་གྱི་རྟེན་བྱིན་ཅན་སོགས་དང་། དེ་མིན་དགོན་འདིར་གསེར་ལས་བཞེངས་པའི་ས་པན་གྱི་འཁྲུངས་རབས་སོགས། ལྡེབས་རིས་ཁྱད་དུ་འཕགས་པ་དེ་འདྲ་བཞུགས་སུ་གསོལ། སྲུང་མ་བསེ་ཁྲབ་དང་ཙིའུ་དམར་པོ་ཡིན། དགོན་འདིའི་ཡན་ལག་ཏུ་གྱུར་པའི་དགོན་པ་ཡང་། དགོན་པ་དང་ཐག་མི་རིང་བའི་སར་གྲོང་རྙིང་གི་རི་འདེབས་སུ། ལོ་ཆེན་བསོད་ནམས་རྒྱ་མཚོས་ཕྱག་བཏབ་པའི་བཙུན་མའི་དགོན་བསམ་གཏན་སྒྲུབ་སྡེ། ཐར་པ་གླིང་ཞོལ་དང་ཁད་ཉེ་བའི་རི་འདེབས་སུ། རྟ་དཀར་གད་ཕུག་གམ་ཇོ་བོ་རྗེའི་བྲག་ཕུག། ཇོ་བོ་རྗེ་ཕུག་ཏུ་འབོད་པ་ཇོ་བོ་རྗེའི་ཕུག་པ་དང་དགོན། རི་འདབས་སུ་མཆོད་རྟེན་ཆེན་མོ་ཡོད། ཡར་འབྲོག་སྟོང་རར་མཚོ་དབུས་སུ་རི་རྡོ་དགོན། ལྷ་ས་ཁུལ་མལ་གྲོ་གུང་དཀར་རྫོང་ཟི་ཕུག་ཏུ། རྟོག་ལྡན་འཇམ་དཔལ་རྒྱ་མཚོའི་བཞུགས་གནས་སྤང་ས་དགོན། དགོན་དེ་དག་ལ་དྭགས་པོ་གྲྭ་ཚང་ནས་མཁན་པོ་གཏོང་སྲོལ་ཡོད་ལ། ལོ་རེའི་ཆོས་ལུགས་བྱེད་སྒོ་ཆེ་ཁག་ལ་མཉམ་བཞུགས་གནང་དགོས་ཤིང་། ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་ཡང་གཅིག་མཚུངས་ཡིན། ཆོས་ལུགས་ཀྱི་བྱེད་སྒོ་གཙོ་བོ་ཁག་ནི། ལོ་གཅིག་རིང་གསང་ཕུ་དབྱར་ཆོས་ཐེ་བའི་ཆོས་ཐོག་དགུ་ལ། གཞུང་ཆེན་གྱི་རྩོད་སྒྲ། དམིགས་བསལ་བོད་ཟླ་དགུ་པ་དང་བཅུ་གཅིག་ནང་ཐ་ར་དང་། ཐོ་ཆོས་ཞེས་པའི་ཆོས་རྩོད་ཀྱི་བགྲོ་གླེང་ཉིན་བདུན་རེ་གནང་སྲོལ་ཡོད། དེ་བཞིན་རྣམ་རབ་བཅོ་ལྔ་མཆོད་པ། མ་ཎི་བུམ་སྒྲུབ། སྒྲོལ་མ་འབུམ་ཐེར། ད་དུང་སྔགས་ལུགས་རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་སྒྲུབ་མཆོད་སོགས། སྒྲུབ་མཆོད་ཁག་རྣམས་ཡོད། བསླབས་པ་སློབ་གཉེར་གྱི་རིམ་པ་ནི། སྤྱི་ཡོངས་ནས་ལོ་བསྟོད་དང་ཇོ་བསྟོད། ཕར་ཚད་བརྒྱུད་པའི་གསོལ་འདེབས་སོགས་ནས། ཆོས་སྤྱོད་དང་ཆོ་ག། གཞུང་ཆེན་ཁག་གི་རྩ་བ་ངེས་པར་དུ་འདུས་ཚོགས་སུ་རྒྱུགས་སྤྲོད་བྱེད་དགོས། དེ་ནས་རྒྱུན་གྲྭ་རྣམས་ཀྱིས་གཏོར་བཟོ་དཀར་རྒྱན་དང་ཆོ་ག་ཕྱག་ལེན། འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན། འབུད་བརྡུང་དཀྲོལ་གསུམ་སོགས་ཐེག་པ་རིམ་འཛེགས་ཀྱིས་སྦྱོང་དགོས་ལ། བཤད་སྒྲ་བ་རྣམས་ཀྱིས་ཁ་དོག་དཀར་དམར་ནས་གོ་རིམ་མ་འཆོལ་བར་སྦྱང་སྟེ། རིམ་གྱིས་བསྡུས་ཆེན་སོགས་ནས་མཁན་པོས་བརྟགས་ཏེ་གཞུང་རྒྱུག་ཏུ་བསྐྱུར་བཅུག་པའི་གླིང་བསྲེ། བཀའ་བཅུ་པའི་མིང་བཏགས་དང་བཀའ་རམས་པ། དགེ་བཤེས་མཁན་པོ་བཅས་འོག་རིམ་ལྟར་ཕེབས་དགོས། ཡིག་ཆ་ནི་ཀུན་མཁྱེན་རོང་སྟོན་དང་། དྭགས་སྟོན་བཀྲ་ཤིས་རྣམ་རྒྱལ་གྱི་ཡིག་ཆ་གཙོ་བཟུང་ཐོག། གཞུང་ཀ་པོད་ཁག་ལ་འཆད་ཉན་དང་། གཞུང་པ་དང་བསྡུས་རྭ་བས་བགྲོ་གླེང་གི་བརྒལ་བརྟག་སོགས་མང་པོ་གནང་དགོས། སྤྱི་ལོ་༡༩༦༦ ནས་ལོ་བཅུའི་རིག་གསར་གོད་ཆགས་སྐབས། ཆོས་ར་ཁང་དང་རྣམ་རྒྱལ་གྲྭ་ཚང་། གྲྭ་ཤག་ཕྱེད་ཙམ་གཏོར་བཤིག་ཕྱིན་ནས། སྤྱི་ལོ་༡༩༨༣ ལོ་ནས་རིམ་པས་ཉམས་གསོ་བྱུང་སྟེ། ད་ལྟ་བར་ཆོས་ར་ཁང་དང་རྣམ་རྒྱལ་གྲྭ་ཚང་། གྲྭ་ཤག་རྣམས་ལེགས་པར་ཉམས་གསོ་བསྒྲུབས་ཡོད། དགོན་འདིར་མཁན་རབས་རིམ་པར་བྱོན་པ་རྣམས་ཀྱི་གཙུག་ཏུ་གྱུར་པ་རྣམས་ནི། དྭགས་པོ་པན་ཆེན་བཀྲ་ཤིས་རྣམ་རྒྱལ། གླིང་སྟོད་ཆོས་རྗེ་ཀུན་དགའ་གྲགས་འཛིན། མཁན་ཆེན་ལུང་རིགས་དཔལ་འབར། རབ་འབྱམས་པ་བསྟན་པ་རྒྱ་མཚོ། སློབ་དཔོན་བསོད་ནམས་རྒྱ་མཚོ། མཁན་པོ་ཚུལ་ཁྲིམས་བསྟན་པ། ཁང་གསར་བླ་མ། དེའི་སྐུ་སྐྱེ་ཞབས་དྲུང་སྐལ་བཟང་རྒྱལ་མཚན། དེའི་ཡང་སྲིད་དྭགས་པོ་ཞབས་དྲུང་ངག་དབང་སྐལ་བཟང་འཕྲིན་ལས་ལྷུན་གྲུབ། གླིང་སྟོད་ཆོས་རྗེ་དང་མཁན་ཆེན་ལུང་རིགས་དཔལ་འབར་མཆོག་གིས། ས་སྐྱ་པའི་བསྡུས་གྲྭ་རྩ་འགྲེལ་གསར་རྩོམ་མཛད་ཅིང་། དབུས་ཀྱི་ས་སྐྱའི་ཆོས་གྲྭ་ཁག་དང་མདོ་སྨད་དྷཱི་ཕུ་དགོན་སོགས་ལ་འཆད་ཉན་མ་ཉམས་པར་གནས། དྭགས་པོ་ཞབས་དྲུང་སྐལ་བཟང་རྒྱལ་མཚན་མཆོག་ནི། སྤྱི་ལོ་༡༨༩༥ ལོར་ཡབ་སྲས་ཐོག་རྟ་འགྲིན་རྡོ་རྗེ་དང་ཡུམ་ཆོས་ཁང་ཨོའོ་ལགས་ཀྱི་སྲས་མོར་སྐུ་འཁྲུངས། སྤྱི་ལོ་༡༩༢༠ ལོ་གསང་ཕུའི་མཐོང་སྨོན་དྭགས་པོ་གྲྭ་ཚང་གི་མཁན་པོར་ལོ་ངོ་བཅུ་བཞུགས། དེ་ནས་མི་རིང་བར་གསང་ཕུ་གླིང་སྟོད་གྲྭ་ཚང་གི་དྲུང་ཆེན་གྱི་ཁྲིར་ལོ་ལྔ་བྱོན། དེ་རྗེས་ལོ་ངོ་བཅུའི་རིང་གསང་ཕུ་བླ་ཁག་བཅུའི་ཚོགས་ཆེན་གྱི་མཁན་པོ་སྟེ། གསང་ཕུའི་ཞབས་དྲུང་གི་ཁྲིར་ཕེབས་ནས་བསྟན་འགྲོའི་ཆེད་མཛད་འཕྲིན་རླབས་པོ་ཆེ་བསྐྱངས། མཐར་སྤྱི་ལོ་༡༩༦༨ ལོར་དགོངས་པ་གཞན་དོན་དུ་གཤེགས། ཞབས་དྲུང་ངག་དབང་སྐལ་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་ནི། སྤྱི་ལོ་༡༩༨༨ ཟླ་བ་༡༠ ཚེས་༢༤ གཟའ་སྐར་དགེ་བའི་ཉིན། ཡབ་རྡོ་རྗེ་ཚེ་རིང་དང་། ཡུམ་སྲིད་ཐར་གཉིས་ཀྱི་སྲས་སུ་འབྲས་མོ་ལྗོངས་སུ་སྐུ་འཁྲུངས། ༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས། གོང་མའི་སྐུ་སྐྱེར་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་དམ་གནང་བ་དང་། དེ་རྗེས་༸གོང་ས་སྐྱབས་མགོན་མཆོག་ནས་ཀྱང་ཕྱག་དམ་བསྩལ། དཔལ་ལྡན་ས་སྐྱ་པའི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསན། སྤྱི་ལོ་༢༠༠༢ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་བཞུགས་གནང་སྟེ། གསན་བསམ་དཔྱིས་ཕྱིན་པར་མཛད་ནས། ད་ལྟ་བར་དེ་གར་གཞུང་ཆེན་ཁག་སློབ་ཁྲིད་གནང་སྟེ། དགེ་བའི་བཤེས་གཉེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད།