རྣམ་རབ་དྭགས་པོ་ཞབས་དྲུང་གི་ལོ་རྒྱུས།

ཡོང་ཁུངས་Wikipedia

དྭགས་པོ་ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

༧སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་ངག་དབང་མཁྱེན་རབ་སྐལ་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་ནི། སྤྱི་ལོ་༡༩༨༩ ཟླ་བ་༡༠ ཚེས་༢༤ ཉིན་རྒྱ་གར་འབྲས་མོ་ལྗོངས་སུ་ངོ་མཚར་བའི་དགེ་མཚན་དང་བཅས་ཏེ་སྐུ་འཁྲུངས།

སྤྱི་ལོ་ ༡༩༩༤ལོར་བོད་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དགོན་འདུས་སྤྱི་ནས་༧སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེར། ༧ཞབས་དྲུང་གོང་མའི་ཡང་སྲིད་སྐོར་སྐྱབས་འཇུག་ཞུས་འབྲས་སུ། ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་བརྟག་ནན་ཏུར་གནང་སྟེ། རིན་པོ་འདི་ཉིད་གསང་ཕུ་གླིང་སྟོད་ཆོས་རྗེ་༧ཞབས་དྲུང་སྐལ་བཟང་རྒྱལ་མཚན་གྱི་སྐུ་སྐྱེར་ངོས་འཛིན་འཁྲུལ་བྲལ་གནང་ཞིང་། སྤྱི་ལོ་༡༩༩༩ ཟླ་བ་༩ པའི་ཚེས་༡༤ གཟའ་སྐར་དགེ་བའི་ཉིན། རྡེ་ར་བདུན་དཔལ་ས་སྐྱའི་གཙུག་ལག་ཁང་གི་ཡང་སྟེང་། ༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེའི་གཟིམས་ཆུང་དུ། དབུ་སྐྲ་གཙུག་ཕུད་བཞེས་ཏེ་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་སྡོམ་ནོད་ཅིང་། མཚན་ངག་དབང་སྐལ་བཟང་འཕྲིན་ལས་ལྷུན་སྒྲུབ་ཅེས་བསྩལ་ཏེ། ཞབས་དྲུང་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་དང་། ཐུགས་དམ་གྱི་རྟེན་ཆོས་རྗེ་ས་པཎ་གྱི་སྐུ་བརྙན་སོགས་བཀའ་དྲིན་བླ་མེད་དུ་ཐོབ།

དེ་རྗེས་སྐྱབས་མགོན་༧གོང་མ་རིན་པོ་ཆེ་དང་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ་དགོངས་དོན་བཞིན། བལ་ཡུལ་བྱམས་ཆེན་ལྷ་ཁང་དུ་བཞུགས་ནས་གཙོ་བོ་མཐོང་བ་རྒྱུད་པའི་ཕྱག་ལེན་དང་། ཞོར་དུ་ཐ་སྙད་རིག་གནས་དང་སྐད་རིགས་སོགས་ལ་སློབ་གཉེར་ལེགས་པར་བསྐྱངས་པས། གཞི་རིམ་གྱི་རིག་གནས་མཐར་ཕྱིན་ཞིང་། བལ་པོའི་སྐད་དང་ རྒྱ་གར་སྐད། དབྱིན་ཇིའི་སྐད། བོད་ཀྱི་སྐད་ཡིག་བཅས་ལ་ཐུགས་བྱང་ཆུབ་པ་མ་ཟད། རྒྱ་ཡི་སྐད་ཡིག་ལའང་སྦྱངས་པ་མཛད།

སྤྱི་ལོ་༢༠༠༢ ལོའི་ཆུ་སྟོད་ཟླ་༦ ཚེས་ ༤ ཉིན་ ༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། དགེ་ཚུལ་བསླབ་སྡོམ་ཚུལ་བཞིན་དུ་མནོས་ཏེ། མཚན་ངག་དབང་མཁྱེན་རབ་སྐལ་བཟང་འཕྲིན་ལས་ལྷུན་གྲུབ་ཏུ་གསོལ། དེ་རྗེས་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེའི་ཞལ་སྔ་ནས། འཇམ་མགོན་བླ་མ་ཆོས་རྗེ་ས་པཎ་གྱི་དགོངས་རྫོགས་དུས་ཆེན་ཉིན་བསྙེན་རྫོགས་ཀྱི་སྡོམ་པ་ནོད་པ་དང་། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ༧སྐྱབས་མགོན་བདག་ཆེན་རིན་པོ་ཆེ། སྐྱབས་རྗེ་གདུང་སྲས་སྐུ་བགྲེས་གཞོན་རྣམ་གཉིས་དང་། སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་རྣམ་གཉིས་དང་། སྐྱབས་རྗེ་ཐར་བརྩེ་མཁན་རིན་པོ་ཆེ་། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས། དཔལ་ལྡན་ས་སྐྱ་པའི་སྐྱེས་ཆེན་དུ་མའི་དྲུང་ནས། ལམ་འབྲས་ཚོགས་སློབ་གཉིས་དང་སྒྲུབ་ཐབས་སོགས་གཙོས་པའི་མདོ་རྒྱུད་དབང་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་ལེགས་པར་མཛད།

སྤྱི་ལོ་༢༠༠༣ ལོར། འདི་ག་དཔལ་ས་སྐྱའི་མཐོ་སློབ་ཏུ་སློབ་ཞུགས་གནང་སྟེ། བཀའ་བཅུ་པ་ལོ་བརྒྱད་དང་། སློབ་དཔོན་ལོ་ངོ་གཉིས་དེ་མི་ལོ་བཅུའི་རིང་བཀའ་དྲིན་མཚུངས་མེད་མཁན་ཆེན་བསོད་ནམས་རྒྱ་མཚོས་དབུས་པའི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་རྣམ་པའི་དྲུང་ནས། མདོ་སྐོར་དང་། ༧སྐྱབས་མགོན་འཁོན་གདུང་སྒུ་བགྲེས་རིན་པོ་ཆའི་ཞལ་སྔ་ནས་རྒྱད་སྐོར་གསན་ཏེ། མདོར་ན་མདོ་རྒྱུད་ཀྱི་གཞུང་ལུགས་རྣམས་ལ་ཐོས་བསམ་སློབ་གཉེར་མཐིལ་ཕྱིན་གནང་དེ་སློབ་པ་རྩེར་གསོན་གྱི་འབྲས་བཟང་ཐོབ་པ་བཞིན། ས་སྐྱ་མཐོ་སློབ་ཏུ་ལོ་ངོ་གཉིས་རིང་སྐྱོར་དཔོན་དང་། སྤྱི་ལོ་༢༠༡༣ ལོར་འདི་ག་ས་སྐྱ་མཐོ་སློབ་རང་དུ་དགེ་རྒན་ཆེན་མོར་བསྐོ་གཞག་གནང་བ་བཞིན་ད་ལྟ་ཡང་ཆོས་ཁྲིད་གནང་མུས་དང་། སློབ་ཕྲུག་སྐབས་སུ་ཡང་སློབ་གཉེར་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་མཐོ་སློབ་ཀྱི་བྱམས་བརྩེ་དཀར་སྐྱོངས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་པ་སོགས་བསྟན་འགྲོ་སྤྱི་དང་སྒོས་སུ་མཐོ་སློབ་འདིར་སྨིན་པའི་བཟང་དུ་མ་བསྐྱངས་ཡོད་ལ། མ་ཟད་སློབ་གྲའི་གུང་སེང་སྐབས་བསྟུན་གྱིས་འབྱུང་འདུལ་དང་།  སྒྲོལ་དཀར།  རིགས་གསུམ་སྤྱིའི་བསྙེན་མཚམས་དང་དཔེ་མཚམས་ལ་བཞུགས་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་དུ་སྐུ་ཕྱག་འབུམ་ཐེར་ཕུལ་གནང་བ་སོགས་བསྟན་འགྲོར་ཕན་པའི་མཛད་བཟང་བ་བསྐྱངས་དང་སྐྱོང་མུས་ཡིན་པའི་རྣམ་ཐར་སྙིང་བསྡུས་འདི་ཙམ་ཡིན།།