Jump to content

རྣམ་མེད་རྗེན་ཆེར་དུ་བཞལ་བ་

ཡོང་ཁུངས་Wikipedia

དེ་ནི་བྱེ་བྲག་སྨྲ་བའི་ཐུན་མོང་མ་ཡིན་པའི་ཤེས་པས་ཡུལ་འཛིན་ཚུལ་ཞིག་སྟེ། མིག་དབང་སོགས་ལ་བརྟེན་པའི་ ཤེས་པས་རང་དང་དུས་མཉམ་པའི་ཡུལ་སྐམ་པས་ལྕགས་འཛིན་པར་འདོད་ཅིང་། དེ་ཡང་དབང་པོས་དོན་གྱི་རང་ མཚན་མཐོང་ནས་ཤེས་པས་འཛིན་པར་འདོད་དེ། ཇི་སྐད་དུ། རྣམ་པ་མེད་པའི་དབང་སྐྱེས་བློས། ཕྲ་རབ་བསགས་པ་ དངོས་སུ་རིག། ཅེས་པ་གསུངས་པ་ལྟར་རོ། མདོ་སྡེ་པ་ལྟར་ན། དབང་པོ་ནི་བེམ་པོ་ཡིན་པའི་ཕྱིར་དོན་མཐོང་བྱེད་མ་ ཡིན་ལ། ཕྱི་དོན་བུམ་པ་ལྟ་བུའང་འདས་པ་ཡིན་པའི་ཕྱིར། བུམ་སྣང་དང་གོ་ས་ཐ་མི་དད་པར་ལྐོག་ན་མོ་ཡོད་པས། བུམ་འཛིན་མིག་ཤེས་ཀྱིས་རང་ཡུལ་བུམ་པ་མེད་པ་རྗེེན་ཆེར་དུ་དངོས་སུ་ནམ་ཡང་མཐོང་བ་མ་ཡིན་ཟེར། འོ་ན་ཤེས་པས་ཡུལ་ཇི་ལྟར་གཞལ་ཞེ་ན།སྐད་ཅིག་དང་པོ་ལ་ཡུལ་དབང་བློ་གསུམ་ཚོགས་པའི་རྒྱུ་ལས་ཕྱི་ལོགས་སུ་དོན་འགག་ཀྱང་དེས་བཞག་པའི་ཤེས་པའི་རྣམ་པ་དོན་དང་འདྲ་བ་ཉམས་སུ་མྱོང་བའི་སྒོ་ནས་ཤེས་པས་ཡུལ་མྱོང་བར་འདོད་པས་ན། ཤེས་པས་ཡུལ་འཛིན་ཚུལ་ནི་འདྲ་རྣམ་གྱིས་བར་དུ་ཆོད་པར་འཛིན་པ་དང་། གཟུང་འཛིན་རྒྱུ་འབྲས་དུས་ མཉམ་དུ་མ་ཡིན་པར་སྔ་ཕྱིར་འདོད་དོ།།