Jump to content

རྣམ་པར་འདྲེན་པ་

ཡོང་ཁུངས་Wikipedia

རྣམ་པར་འདྲེན་པ་ཞེས་པ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་སྟེ། སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་བར་བྱེད་པ་དང་། ལམ་བཟང་པོར་འདྲེན་པར་མཛད་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ཞིང་བདེ་བ་ལ་འགོད་པར་མཛད་པའི་སངས་རྒྱས་ཀྱི་ཡོན་ཏན་ཁྱད་པར་ཅན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

རྣམ་པར་ཞེས་པས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་ཞེས་པ་དང་། འདྲེན་པ་ཞེས་པས་སེམས་ཅན་རྣམས་ལམ་བཟང་པོར་འཁྲིད་པའི་དོན་ཏོ། །

ངེས་ཚིག

[རྩོམ་སྒྲིག]

འཇིག་རྟེན་གྱི་མགོན་པོ་རྣམས། "འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས། འགྲོ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དུ་ཆོས་སྟོན་པའི་དུས་དང་།"[] ཞེས་གསུངས་སོ། །"ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བརྙེས་ནས་ཆོས་བསྟན་པས་འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ནི་འཇིག་རྟེན་མགོན་པོ་རྣམས་སོ། །"[]ཞེས་གསུངས་པ་ལྟར་རོ། ། སངས་རྒྱས་ཀྱི་སྟོབས་བཅུ་དང་ལྡན་པ། "གང་ཟག་གང་ལ་ལ་ཞིག་གིས་ཆོས་གང་ཉམས་སུ་བླངས་པ་ལས་རྣམ་པར་འདྲེན་པ་སངས་རྒྱས་ཀྱི་སྟོབས་བཅུ་འབྱུང་བར་འགྱུར་ལ།"[] ཞེས་གསུངས་སོ། །རྫོགས་པའི་སངས་རྒྱས། "རློམ་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་པར་རྣམ་པར་འདྲེན་པ་ཞེས་བྱ་སྟེ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །"[]ཞེས་གསུངས་པ་ལྟར། རྣམ་པར་འདྲེན་པ་ནི་རྫོགས་པའི་སངས་རྒྱས་ཀྱི་རྣམ་གྲངས་སུ་ཡང་བརྗོད་དོ། །

ཁྱད་ཆོས།

[རྩོམ་སྒྲིག]

མི་དམིགས་པའི་ཐུགས་རྗེ་དང་ལྡན་པ། "ཕྱོགས་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་རྣམས་ཀྱི་མི་དམིགས་པའི་ཐུགས་རྗེ་བྱམས་པའི་སྤྱོད་ཡུལ་འདི་ཡིན་ནོ། །"[]ཞེས་གསུངས་པ་ལྟར་རོ། །"རྣམ་པར་འདྲེན་པ་དེ་དོན་དམ་པར་ནམ་ཡང་སེམས་ཅན་ཇི་སྙེད་ཅིག་གི་དོན་བྱས་སོ་སྙམ་པ་ལ་སོགས་པའི་འདུ་ཤེས་འགྱུར་བ་མེད་ལ།"[] ཞེས་གསུངས་སོ། །ཚུལ་ཁྲིམས་ཀྱི་སྐོར། "བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བར་བྱེད་ཅེས་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །"[] ཞེས་དང་། "བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པར་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །"[]ཞེས་གསུངས་པ་ལྟར། རྣམ་པར་འདྲེན་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྐོར་གསུངས་སོ། །"རྣམ་པར་འདྲེན་པས་གསུངས་སོ། །དེ་བས་ན་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམས་སོ་ཞེས་བྱ་བར་འབྲེལ་ཏོ། །"[]ཞེས་གསུངས་སོ། ། བཅོམ་ལྡན་འདས་དང་དོན་གཅིག "རྣམ་པར་འདྲེན་པ་སྟེ་བཅོམ་ལྡན་འདས་ཀྱིས་སོ། །"[༡༠]ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༡༩ a།
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༥༩།
  3. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར།། ཤོག ༤༠-༤༡།
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༡༣༨།
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༦༦།
  6. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༦༦།
  7. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༥༣ b།
  8. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༥༤ b།
  9. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༤༥།
  10. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༧༢།