Jump to content

རྣམ་པར་ཐར་པའི་སྒོ་གསུམ་

ཡོང་ཁུངས་Wikipedia

(རྣམ་ཐར་སྒོ་གསུམ་)༡.སྟོང་པ་ཉིད་ཀྱི་རྣམ་ཐར་པའི་སྒོ། མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང་གསུམ་མོ།། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས། དེ་ལས་ཆོས་རྣམ་པ་གཉིས་ཏེ། མེད་པའི་ཆོས་དང་ཡོད་པའི་ཆོས་སོ།། དེ་ལ་ཀུན་བརྟགས་ཀྱི་མཚན་ཉིད་ནི་མེད་པའི་ཆོས་ཏེ་དེ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ།། ཡོད་པའི་ཆོས་ཀྱང་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་སོ།། དེ་ལ་གཞན་གྱི་དབང་གི་མཚན་ཉིད་ནི་འདུས་བྱས་ཏེ་གཞན་དབང་འདུས་བྱས་དེ་དང་ཇི་སྲིད་འགྲོགས་པ་དེ་སྲིད་དུ་སྡུག་བསྔལ་ཡིན་ནོ་ཞེས་དེ་སྤང་བ་བྱེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ།། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འདུས་མ་བྱས་ཏེ་དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་མཚན་མར་གྲུབ་པ་མེད་དོ། དེ་ཐོབ་པར་བྱེད་ཅིང་འདྲིས་པར་བྱེད་པ་ནི་མཚན་མ་མེད་པའི་རྣམ་ཐར་པའི་སྒོ་ཞེས་བྱའོ།། ཞེས་གསུངས་སོ།། ༢.རྣམ་གྲངས་རྒྱལ་མཚོའི་གཏེར་ལས། བཟུང་བ་དང་འཛིན་པ་མི་མངའ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་དང་བྲལ་བ་སྨོན་པ་མེད་པ། དམིགས་པའི་མཚན་མ་ཐམས་ཅད་ཞི་བས་མཚན་མ་མེད་པའོ་ཞེས་གསུངས་སོ།། གསང་སྔགས་ལས་དེ་གསུམ་གྱི་སྟེང་དུ་རྣམ་པར་ཐར་པ་ཐབས་ལ་མཁས་པའི་སྒོ་བཞག་སྟེ་བཞིར་བཤད་དོ།།