Jump to content

རྣམ་པར་གཡེང་བ་

ཡོང་ཁུངས་Wikipedia

རྣམ་པར་གཡེང་བ་ཞེས་པ་ནི་སེམས་དམིགས་པ་ངེས་པ་ལ་རྩེ་གཅིག་ཏུ་མི་གནས་ཤིང་སྣ་ཚོགས་སུ་འཁྱམས་པའི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཤིག་ཡིན། དུང་དཀར་ཚིག་མཛོད་ཆེན་མོའི་ནང་སེམས་དམིགས་པ་གང་ལ་དམིགས་ཀྱང་དེར་མི་གནས་པར་ཡུལ་སྣ་ཚོགས་ལ་འཕྲོ་བའི་རྣམ་པ་ཅན་གྱི་སེམས་བྱུང་།

མཚན་ཉིད།

[རྩོམ་སྒྲིག]

རྣམ་པར་གཡེང་བ་ནི་སེམས་དམིགས་པ་ལས་ཕྱི་རོལ་དུ་གཡེལ་བའམ་འཁྱམས་པའི་དོན་ཡིན། འདི་ནི་ཞི་གནས་སྒོམ་པའི་སྐབས་སུ་སྤང་དགོས་པའི་གེགས་རྩ་བ་ཞིག་ཡིན།

རྒྱུ་རྐྱེན།

[རྩོམ་སྒྲིག]

"རང་ཉིད་སྐྱེ་བོ་མང་པོ་དང་འགྲོགས་པ་སྤངས་ཏེ། ལུས་ཕན་ཚུན་འདུ་འཛི་ལས་དབེན་པ་དང༌། འདོད་པ་ལ་འདུན་པ་སོགས་སྤངས་ཏེ་སེམས་ནི་དུས་གསུམ་གྱི་རྟོག་པ་ལས་དབེན་པ་གནས་པ་ཡིས་ཕྱི་ནང་གི་རྣམ་པར་གཡེང་བ་ཐམས་ཅད་མི་འབྱུང་ངོ༌། །"[] ཞེས་གསུངས་པ་ལྟར། རྣམ་པར་གཡེང་བ་ནི་ཕྱི་ནང་གི་རྒྱུ་རྐྱེན་ལ་བརྟེན་ནས་སེམས་དམིགས་པ་ལས་འཁྱམས་པའི་ཉེས་སྐྱོན་ཞིག་ཡིན།

རྣམ་གཡེང་གི་སྐྱོན།

[རྩོམ་སྒྲིག]

"རང་གི་སེམས་འདི་ནི་ཚོགས་དྲུག་གི་ཡུལ་ལ་རྣམ་པར་གཡེངས་པར་གྱུར་པའི་མི་དེ་ནི་ཆགས་སྡང་སོགས་ཉོན་མོངས་པ་སྲིན་པོ་ལྟ་བུའི་མཚེ་བའི་ཕྲག་གམ་པར་ན་ཁམ་ཟས་བཞིན་དུ་གནས་"[]ཞེས་གསུངས་པ་ལྟར་རང་ཉིད་སྡུག་བསྔལ་བར་འགྱུར་རོ། །

དབྱེ་བ།

[རྩོམ་སྒྲིག]

ཕྱི་རོལ་གྱི་རྣམ་པར་གཡེང་བ་ནི་མི་དང་འགྲོགས་པ་སོགས་"འདུ་འཛིའི་རྣམ་གཡེང་"[]གི་དབང་གིས་རང་ཉིད་ཀྱི་་ལས་དོན་ལ་འགོག་རྐྱེན་བཟོ་བ།

ནང་གི་རྣམ་པར་གཡེང་བ་ནི་འདོད་ཆགས་ཞེ་སྡང་སོགས་"ནང་རྣམ་རྟོག་གི་རྣམ་པར་གཡེང་བ་"[]སོགས་ཀྱིས་རང་སེམས་ལས་སུ་མི་བསྐུལ་བར་བྱེད།

སྤོང་ཐབས།

[རྩོམ་སྒྲིག]

"རྣམ་གཡེང་ཇི་ལྟར་སྤང་ཞེ་ན་ལུས་དང་སེམས་ནི་འདུ་འཛི་དང་འདོད་པའི་རྣམ་རྟོག་སོགས་ཀྱིས་དབེན་པ་ཡིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་པར་གཡེང་བ་མི་འབྱུང་ངོ༌། །"[]ཞེས་གསུངས་པ་ལྟར།

ལུས་དབེན་པ། ཞེས་པ་ནི་མི་མང་པོ་དང་འགྲོགས་པ་སྤོང་བ་དང་།

སེམས་དབེན་པ། ཞེས་པ་ནི་འདོད་པའི་རྣམ་རྟོག་སོགས་སྤོང་བ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

རྣམ་པར་གཡེང་བ་ཞེས་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་གཙོ་བོ་ཞིག་ཡིན། ཕྱི་ནང་གི་རྒྱུ་རྐྱེན་གཉིས་ལ་བརྟེན་ནས་སེམས་དམིགས་པ་ལས་འཁྱམས་པའི་ཉེས་སྐྱོན་ཞིག་ཡིན་ལ། ལུས་སེམས་དབེན་པ་བསྟེན་པ་ཡིས་སྤོང་ཐུབ། སྤྱོད་འཇུག་གི་བསམ་གཏན་ལེའུ་ནང་ཞི་གནས་བསྒོམ་པའི་སྐབས་སུ་འདི་སྤང་དགོས་པའི་གེགས་རྩ་བ་ཞིག་ཏུ་བཤད་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 414
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 413
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 738
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 738
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས། 184