རྣམ་པ།
རྣམ་པ།
[རྩོམ་སྒྲིག]རྩོམ་པ་པོ། འཇིགས་མེད་རྒྱ་མཚོ།
ཨ་མའི་བུ་ཕྲུག་ཡག་པོ་ང་ཚོ་ནི། །
ཧ་ཅང་དར་བའི་རྒྱ་ནག་ཡུལ་དུ་ཕྱིན། །
ཨ་མའི་བློ་བཏད་ཚང་མ་ང་ཚོར་བཅོལ། །
ཧ་ཉིད་མེད་པའི་ང་ཚོས་ག་ནས་ཤེས། །
ས་ཡི་ཤར་ཕྱོགས་རྒྱ་ནག་ལུང་པ་འདིར། །
ཤ་ཚའི་དགེ་རྒན་བསླབ་བྱར་མི་ཉན་པར། །
ལ་ཕུག་རྗེན་པ་ཟ་མཁན་ང་ཚོ་ཡི། །
ར་སྨྱོན་ལྟ་བུའི་གང་ས་གང་དུ་ཁྱམ། །
ཡ་རབས་མི་རིགས་སྲོལ་བཟང་ཚང་མ་བརྗེད། །
འ་འུར་སྐད་སྒྲའི་ཁེངས་པའི་འཚོ་བའི་ནང་། །
ཟ་རྒྱུ་གཏུང་རྒྱུ་ཁོ་ན་བསམ་པ་ལས། །
ཞ་ཞོར་སློབ་སྦྱོང་བྱེད་རྒྱུའི་འོས་འགན་བརྗེད། །
ཝ་མོའི་གཡོ་སྒྱུ་མ་བསླབ་ང་ཚོས་ཤེས། །
ཛ་ར་སེར་སྐྱའི་རྫུན་གཏམ་ང་ཚོས་ཤེས། །
ཚ་ཚ་འུར་འུར་ཤེས་བྱ་མི་སྦྱོང་བར། །
ཙ་ཙ་ཙིག་ཙིག་དོན་ཆུང་དག་ལ་གཡེང་། །
མ་ཡུམ་ཨ་མའི་བཅོལ་བའི་རེ་བ་བརྗེད། །
བ་བེར་ཅན་གྱི་སྤྱི་ཚོགས་འདི་ཡི་སྟེང་། །
ཕ་མའི་བུ་ཕྲུག་བཟང་པོ་ང་ཚོ་ནི། །
པ་ཏྲ་ལྟར་འཁྱོགས་མི་ཚེ་ལམ་བུ་འཁྱོག །
ན་གཞོན་བུ་ཕྲུག་ང་ཚོའི་ག་ནས་ཤེས། །
ད་དུང་དར་བཟོའི་གྱོན་གོས་ཁོ་ན་བསམ། །
ཐ་མག་ཨ་རག་གཏུང་བ་ཤེས་ཙམ་ལས། །
ཏ་ལེན་ཤེས་ཡོན་མི་ཤེས་ཡིད་རེ་སྐྱོ། །
ཉ་ཆུང་སྐྱལ་སྦྱོང་ལྟར་གྱི་བརྩོན་འགྲུས་མེད། །
ཇ་ཆང་ལོང་སྤྱོད་བྱེད་རྒྱུ་ཁོ་ན་བསམ། །
ཆ་མེད་ལུང་མེད་ཕོ་མོའི་བརྩེ་དུང་དང་། །
ཅ་ཅོའི་ངང་ནས་མི་ཚེ་འཕྲོ་བརླག་བཏང་། །
ང་རང་འདི་ལྟར་མི་བྱེད་བསམ་ན་ཡང་། །
ག་ས་ག་རུ་རྣམ་པ་འདི་ཡི་ཁེངས། །
ཁ་ཡི་བསླབ་བྱ་ཁྱེད་ལ་བརྒྱབ་འདོད་ཀྱང་། །
ཀ་ཡི་འབོད་པའི་སེམས་ཤུགས་མེད་པ་བསྩལ། །