Jump to content

རྣམ་དབྱེ་དྲུག་པ་འབྲེལ་སྒྲ

ཡོང་ཁུངས་Wikipedia

ཀྱི་གི་གྱི་འི་དང་ཚིགས་བཅད་ཀྱི་རྐང་བ་སྐོང་ཚེ་ཡི་ཡང་ཐོབ་པས། ཀྱི་གི་གྱི་འི་ཡི་ལྔ་བོ་འབྲེལ་སྒྲ་ལ་འཇུག་སྟེ། རྣམ་དབྱེ་སྦྱར་སའི་ཁྱད་གཞི་དེ་ལ། ཁྱད་ཆོས་གང་ཡང་རུང་བ་ཞིག་ལྡན་པའམ་དེ་དང་འབྲེལ་བ་སྟོན་པས་ན་འབྲེལ་སྒྲ་ཟེར། དཔེར་ན། བདག་གི་མིག་ཅེས་བརྗོད་ཚེ། བདག་ཁྱད་གཞི་དང་། དེ་ལ་རྣམ་དབྱེ་སྦྱར་ནས་མིག་ཅེས་བརྗོད་པ་ན། མིག་དེ་ཉིད་བདག་དང་འབྲེལ་བའམ་བདག་གི་ཡིན་པ་གོ་བ་བཞིན་ནོ། རྣམ་དབྱེ་གི་མེད་ན། བདག་མིག་ཅེས་བདག་དང་མིག་གཉིས་སོ་སོར་གོ་ཙམ་ལས་ཡན་ལག་གི་ཚུལ་དུ་འབྲེལ་བ་གོ་མི་ནུས་སོ། ད་བ་ས་ཀྱི་ག་ང་གི ན་མ་ར་ལའི་རྗེས་སུ་གྱི། འ་དང་མཐའ་རྟེན་མེད་མཐར་འི། རྐང་བ་སྐོང་ཚེ་ཡི་ཞེས་ཐོབ། ཅེས་པ་ལྟར། ད་བ་ས་རྗེས་འཇུག་ཅན་རྣམས་ཀྱི་རྗེས་སུ་འབྲེལ་སྒྲ་སྦྱོར་དགོས་ཚེ་ཀྱི་ཐོབ། ག་ང་གཉིས་མཐའ་རྟེན་ཅན་ལ་གི་ཐོབ། ན་མ་ར་ལ་མཐའ་རྟེན་ལ་གྱི་ཐོབ། འ་མཐའ་ཅན་དང་མཐའ་རྟེན་མེད་པ་དག་གི་རྗེས་སུ་འི་ཐོབ། ཚིགས་སུ་བཅད་པའི་ཚིག་གི་ཁ་སྐོང་དགོས་ཚེ་འ་མཐའ་མཐའ་ཅན་དང་མཐའ་མེད་མཐར་འབྲེལ་སྒྲ་ཡི་བཞག་ཆོག་གོ། དེ་ཡང་འབྲེལ་བ་ལ་བདག་ཉིད་གཅིག་པའི་འབྲེལ་བ་དང་། ཡང་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང་། བདག་པོ་དང་ཡུལ་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ་བཅས་བཞི་ཡོད་པ་ལས། དང་པོ་བདག་ཉིད་གཅིག་པ་དཔེར་ན། ཡིད་ཀྱི་དྲད་པ། བདེ་སྐྱིད་ཀྱི་འཚོ་བ། གངས་ཀྱི་རི། ཞག་གི་ཁ་ཟས། ངག་གི་སྨྲ་བརྗོད། འབྲས་ཆན་གྱི་ཟས། གསེར་གྱི་བུམ་པ། ཤེལ་གྱི་སྣོད། བགྲོད་དགའ་བའི་ལམ། པགས་པའི་གོས། ལྟ་བུ།

གཉིས་པ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དཔེར་ན། ཁྱེད་ཀྱི་ལག་པ། རས་ཀྱི་ཁ་ཚར། བདག་གི་མགོ། ཤིང་གི་ཡལ་ག། གཞན་གྱི་སྨིན་མ། ཟམ་གྱི་ཀ་བ། གུར་གྱི་ཆོན་ཐག། ཉལ་ཐུལ་གྱི་ཕྱི་མ། ད་བཟའི་དུམ་བུ། ཁང་བའི་ཀ་བ། ལྟ་བུ།

གསུམ་པ་བདག་པོ་དང་ཡུལ་གྱི་འབྲེལ་བ་དཔེར་ན། ཁྱེད་ཀྱི་རྒྱུ་ནོར། རྒྱལ་ཁབ་ཀྱི་དངོས་རྫས། བདག་གི་ནོར། ཁོང་གི་ཅ་ལག། སྤྱི་མཐུན་གྱི་ཞིང་ས། ཡུམ་གྱི་རྒྱན་ཆ། དཔལ་འཁོར་གྱི་ཅ་ལག། གཞུང་སྒེར་གྱི་སྤྱི་རྫས། འཇམ་དཔལ་གྱི་ལྕགས་སྨྱུག། དཔའ་བོའི་མཆོན་ཆ། ལྟ་བུ།

བཞི་བ་རྟེན་དང་བརྟེན་པའི་འབྲེལ་བ་ནི། དཔེར་ན། བང་མཛོད་ཀྱི་འབྲུ། ཡལ་འདབ་ཀྱི་བྱེའུ། གངས་ཀྱི་སེང་གེ། བྲག་གི་འུག་པ། ཞིང་ནང་གི་མྱུ་གུ། ཁང་སྟེང་གི་མི། ལུང་ཆེན་གྱི་ཆུ། ལམ་གྱི་འགྲུལ་བ། གེ་སར་གྱི་སྦྲང་མ། ནགས་དཀྱིལ་གྱི་རི་དྭགས། པད་ཚལ་གྱི་ངང་བ། ནམ་མཁའི་བྱ། རྒྱ་མཚོའི་ཉ་མོ། ད་དྲག་ཐོབ་པའི་དབང་གིས། ཕྱི་རོལད་ཀྱི་མི་ལྟ་བུའོ། ཚིག་རྐང་གི་ཁ་སྐོང་ཚེ་ཡི་ཐོབ་པ་ནི། དཔེར་ན། དཔལ་ལྡན་ས་ཡི་དབང་ཕྱུག་ཆེ། ལྟ་བུ་ཡིན་ལ། ཚིགས་བཅད་ཀྱི་རྐང་བ་སྐོང་ཚེ་མ་གཏོགས་ཡི་མི་ཐོབ་བོ། ཀྱི་ལ་སོགས་པ་རྣམ་དབྱེའི་དོན་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་དེ། དཔེར་ན། འདི་ཉིད་བདེན་གྱི། གཞན་གྱི་གཏི་མུག་གོ། བོད་ཀྱི་་མིན་ཡིན་གྱི། ཕྱི་རྒྱལ་བ་མ་ཡིན་ནོ། དེ་ལྟར་ཀྱི་སོགས། མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ཡོད། ནམ་མཁའི་ཉི་མ་ལྟ་བུ་འ་མཐའ་ཅན་ལ་ནམ་མཁའ་འི་ཉི་མ་ཞེས་ཐོབ་མོད། སྐད་གསར་བཅད་ལ་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པ་བཞིན་འདིར་ཡང་འི་སྦྱར་ཚེ་འ་མཐའ་དེ་བསྡུས་པ་ཡིན་ནོ།