རྣམ་དཔྱོད་
རྣམ་དཔྱོད་ནི་ཆོས་རྣམས་ཀྱི་གནས་ལུགས་ཕྲ་རགས་ལ་དཔྱོད་པའི་ཤེས་རབ་ཡིན་ཏེ། "ཇི་ལྟར་རྣམ་པར་དཔྱོད་པ་ཐམས་ཅད་ནི་ཐ་སྙད་པའི་ཤེས་པ་འཇིག་རྟེན་པ་ལ་གྲགས་པའི་རིགས་པ་ལ་བརྟེན་ནས་བརྗོད་པའི་ཕྱིར་རོ། །"[༡]ཞེས་གསུངས་པ་ལྟར་རོ། །
ངེས་ཚིག
[རྩོམ་སྒྲིག]"རྣམ་དཔྱོད་ཀྱི་བློ་གྲོས་ཡོད་ན་ཅི་ནས་ཀྱང་བསྟེན་པར་རིགས་སོ།"[༢] ཞེས་པ་ལྟར་རྣམ་དཔྱོད་ནི་དཔྱོད་པའི་བློ་གྲོས་ཏེ་ཆོས་རྣམས་ཀྱི་ཡིན་ལུགས་ལ་སོ་སོར་རྟོག་དཔྱོད་བྱེད་པའི་ཤེས་རབ་ལ་ཟེར་རོ། །
རྣམ་དཔྱོད་ཀྱི་ངོ་བོ་དང་ཁྱད་ཆོས།
[རྩོམ་སྒྲིག]དགེ་མི་དགེའི་རྣམ་དཔྱོད།
"ད་ལྟ་བདག་ཉིད་དགེ་སྡིག་སོགས་ཕན་གནོད་ཀྱི་རྒྱུ་ཇི་བཞིན་དུ་ཤེས་ནུས་པའི་ཐོས་སོགས་ལས་བྱུང་བའི་རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་བཞིན་དུ་ཡང་བྱ་འོས་པ་སྤངས་ཏེ་བྱ་མི་འོས་པའི་ལས་ངན་མང་དུ་བསགས་ནས་"[༣]ཞེས་གསུངས་པ་ལྟར་རྣམ་དཔྱོད་ནི་དགེ་སྡིག་གི་བླང་དོར་དང་ཕན་གནོད་ཀྱི་རྒྱུ་འབྲས་ཤེས་པའི་ཤེས་རབ་ཡིན་ནོ། །
བདེན་མེད་དཔྱོད་པའི་རྣམ་དཔྱོད། "གང་གི་ཚེ་ཆོས་རྣམས་ལ་བདེན་པར་ཡོད་མེད་རྣམ་པར་དཔྱད་པའི་རྣམ་དཔྱོད་ཀྱིས་ནི་རང་བཞིན་གྱིས་སྟོང་པ་དཔྱོད་པར་བྱེད་ན།"[༤] ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་པས་སྟོང་པར་རྟོགས་པའི་ཤེས་རབ་ལའང་རྣམ་དཔྱོད་ཅེས་བྱའོ། །
བདེན་གཉིས་དང་རྣམ་དཔྱོད།
[རྩོམ་སྒྲིག]ཀུན་རྫོབ་བདེན་པ།
"བློའི་ཡུལ་དུ་ཇི་ལྟར་སྣང་བ་ཀུན་རྫོབ་ཀྱི་མཚན་གཞི་དང་བློའི་ཡུལ་ལས་འདས་པ་དོན་དམ་པའི་མཚན་གཞིར་འདོད་"[༥]ཞེས་པ་ལྟར་ཐ་སྙད་ཀྱི་བློས་བཞག་པའི་ཆོས་རྣམས་ནི་ཀུན་རྫོབ་བདེན་པ་ཡིན་ལ། དེ་དག་ལ་རྣམ་དཔྱོད་ཀྱིས་དཔྱད་པ་ན་བདེན་པར་མ་གྲུབ་པར་རྟོགས་སོ། །
དོན་དམ་བདེན་པ།
"སྤྲོས་བྲལ་ལ་ནི་མཐར་ཐུག་ཚོལ་བའི་རིགས་པས་ངེས་ཏེ་"[༦]ཞེས་པ་ལྟར་རྣམ་དཔྱོད་ཀྱིས་མཐར་ཐུག་ཏུ་དཔྱད་པ་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་རྟོགས་པར་འགྱུར་རོ། །
"རྣམ་པར་དཔྱོད་པ་ནི་བླང་བར་བྱ་བ་དང་དོར་བར་བྱ་བ་ཤེས་པའམ། རྣམ་པར་གཡེངས་པ་དོར་བའོ། །"[༧]ཞེས་གསུངས་པ་ལྟར། རྣམ་དཔྱོད་ནི་བླང་དོར་གྱི་གནས་ལ་མཁས་པའི་ཤེས་རབ་ཡིན་པ་གསལ་ལོ། །
བདེན་གཉིས་དང་འབྲེལ་བ།
རྣམ་དཔྱོད་དང་བདེན་གཉིས་ཀྱི་འབྲེལ་བ་ནི་ཤིན་ཏུ་ཟབ་སྟེ། "ཀུན་རྫོབ་དང་ནི་དོན་དམ་ཡང་། །འདི་ནི་བདེན་པ་གཉིས་སུ་བཞེད། །"[༨]ཅེས་གསུངས་པ་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་ཡོད་ལ། རྣམ་དཔྱོད་ཀྱིས་དེ་གཉིས་ཀྱི་ཁྱད་པར་ཕྱེད་པར་བྱེད་དོ། །
རྣམ་དཔྱོད་ཐུག་མེད་ཀྱི་རྩོད་སྤོང་།
[རྩོམ་སྒྲིག]"གང་གི་ཚེ་རྣམ་པར་དཔྱོད་ཅིང་བདེན་པར་གྲུབ་པའི་རྣམ་དཔྱོད་ཀྱིས་དཔྱོད་པར་བྱེད་དགོས་ན་དེའི་ཚེ་རྣམ་དཔྱོད་དེ་ཡང་རྣམ་དཔྱོད་གཞན་གྱིས་དཔྱོད་དགོས་པའི་ཕྱིར་ན་ཐུག་མེད་དུ་འགྱུར་བས་རྩ་བའི་དཔྱད་བྱ་མ་ངེས་པར་འགྱུར་རོ། །"[༩] ཞེས་རྩོད་པ་བཀོད་པའི་ལན་དུ། "དཔྱད་པའི་ཡུལ་རྣམ་པར་དཔྱོད་པར་བྱས་ཏེ་སྟོང་པར་གྲུབ་ན་རྣམ་དཔྱོད་ཀྱི་བློ་ལ་ནི་མ་དཔྱད་ཀྱང་རྟེན་ཡུལ་ཡོད་པ་མིན་ལ། རྟེན་ཏེ་ཡུལ་མེད་པའི་ཕྱིར་ན་དེ་མི་སྐྱེ་སྟེ་ཡུལ་ཤེས་གཉིས་ཀ་སྐྱེ་མེད་དུ་ཞི་བ་དེ་ཡང་མྱ་ངན་ལས་འདས་པ་ཡིན་པར།"[༡༠] ཞེས་གསུངས་སོ། །"གང་ཚེ་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྣམ་པར་དཔྱད་པ་ཡི་ཤེས་པའམ་རྣམ་དཔྱོད་ཀྱིས་ནི་དཔྱོད་པར་བྱེད་ན།"[༡༡] རྣམ་དཔྱོད་དེ་ཉིད་ཀྱང་དཔྱད་དགོས་སམ་ཞེ་ན། "དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་དུ་རྣམ་པར་དཔྱད་པར་བྱས་ནས་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་ན་དེ་ཡི་ཚེ་རྣམ་དཔྱོད་ལ་ནི་འདིའོ་ཞེས་བཟུང་བའི་རྟེན་ནམ་ཡུལ་ཡོད་པ་མིན།"[༡༢] ཞེས་གསུངས་པ་ལྟར་རྣམ་དཔྱོད་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པའི་ཚེ་རྣམ་དཔྱོད་དེ་ཉིད་ཀྱང་ཆོས་ཉིད་ཀྱི་ངང་དུ་ཞི་བར་འགྱུར་རོ། །
བསྡུས་དོན།
[རྩོམ་སྒྲིག]མདོར་ན་རྣམ་དཔྱོད་ནི་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་སྟེ། བདེན་གཉིས་ཀྱི་རྣམ་གཞག་ཕྱེད་ནས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་ཤེས་པ་ཡིན། རྣམ་དཔྱོད་ལ་ཐུག་མེད་ཀྱི་སྐྱོན་བརྗོད་པ་ལ་ཡང་དཔྱད་བྱ་སྟོང་པར་རྟོགས་པའི་ཚེ་རྣམ་དཔྱོད་ཀྱང་རང་ཞི་བར་འགྱུར་བས་ཐུག་མེད་ཀྱི་ཉེས་པ་མེད་པར་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༡༤
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༥༦
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༣༡༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༡༣
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༦༧
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༦༧
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༨༧
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༣༡
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༡༤
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༡༤
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༦༡༥
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༦༡༥