རྡོ་སྒོར།

ཡོང་ཁུངས་Wikipedia

རྡོ་སྒོར་ནི་བོད་ཀྱི་གནའ་རབས་ནས་དར་བའི་ལུས་རྩལ་གྱི་བྱེད་སྒོ་ཞིག་ཡིན་ཏེ་གནའ་དུས་ཀྱི་དྲག་པོའི་རྩལ་གྱི་བྱེ་བྲག་བཤད་པའི་ནང་དུ་རྒྱར་རིང་པོར་འཕོག་པ་དང་།   གནད་དུ་འཕོག་པ་ཞེས་སོགས་གསལ་བ་ལྟར་ལག་རྡོ་འཕེན་པ་ནི་དྲག་པོའི་རྩལ་གྱི་བྱེ་བྲག་ཅིག་ཡིན་ཅིང་།    ཕྱིས་སུ་ནི་སྤྲོ་བ་འཕེལ་བའི་རྩེད་རྩལ་གྱི་བྱེ་བྲག་ཅིག་ཏུ་གྱུར་ནས་དེ་སྔ་བོད་ཀྱི་ས་ཁུལ་མང་པོར་ལོ་གསར་དང་འོང་སྐོར་སོགས་དུས་ཆེན་ཁག་དང་།   དགུན་དུས་སོགས་སོ་ནམ་གྱི་ལས་བྲེལ་མེད་པའི་དུས་སྤྲོ་སྐྱིད་དང་།   རྩལ་ངོམ་ལྟ་བུར་རྡོ་སྒོར་གྱི་འགྲན་བསྡུར་བྱེད་པའི་སྲོལ་ནི་དར་ཁྱབ་ཆེ་ཙམ་བྱུང་ཡོད་པ་མ་ཟད།   དེང་གི་དུས་སུའང་ས་ཁུལ་འགའ་ཞིག་ཏུ་སྔར་མུས་བཞིན་ལོ་གསར་སོགས་དུས་ཆེན་ཁག་ལ་གྲོང་ཚོ་སོ་སོའི་ནང་དང་།   ཡང་གྲོང་ཚོ་ཕན་ཚུན་གྱི་བར་ལ་རྡོ་སྒོར་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་མུས་སུ་ཡོད་འདུག་པ་ནི་དཔེར་ན་ལྷོ་ཁ་སྣེ་གདོང་རྫོང་ཁོངས་སྣེ་གདོང་གྲོང་ལྷན་དང་།   ཁྲ་འབྲུག་གྲོང་བརྡལ་བར་ལོ་གསར་སོགས་ཀྱི་སྐབས་སུ་རྡོ་སྒོར་གྱི་འགྲན་བསྡུར་བྱེད་མུས་སུ་ཡོད་པ་ལྟ་བུའོ།  །

རྡོ་སྒོར་རྩེ་བའི་ཚེ་འབེན་འཇོག་ཚུལ་སོགས་ཞིབ་ཕྲའི་རྩེ་སྟངས་ཐད་མི་འདྲ་བ་འགའ་ཞིག་ཡོད་པ་སྟེ་ལུང་པ་འགའ་ཞིག་ལ་འབེན་ལ་གཡག་རྭ་འཛུགས་པ་དང་།   ཡང་འགའ་ཞིག་ཏུ་འབེན་ལ་རྡོ་འཛུགས་པའི་ལུགས་ཏེ་གཉིས་དང་འབེན་ཕྱོགས་གཉིས་སུ་འཛུགས་པ་དང་ཕྱོགས་གཅིག་ཏུ་འཛུགས་པ་དང་གཉིས་སོ།  །དེ་ཡང་སྣེ་གདོང་རྫོང་ཁོངས་ཀྱི་རྡོ་སྒོར་རྩེད་ཚུལ་ནི་ཐང་སྡེར་ཞིག་ཏུ་ཤར་ནུབ་བམ་ལྷོ་བྱང་གང་རུང་དུ་གཡག་རྭའི་འབེན་གཉིས་ཀྱི་བར་དུ་བར་ཐག་སྤྱི་ཁྲེ་སུམ་ཅུ་ཡོད་པ་བྱས་ཏེ་འབེན་གཉིས་ཁ་སྤྲོད་དུ་བཙུགས་ཤིང་འགྲན་རྩོད་པ་རྣམས་ཐོག་མར་ཕྱོགས་ཤར་ནུབ་གང་རུང་གི་འབེན་གཅིག་གི་འགྲམ་དུ་བསྡད་ནས་ཕྱོགས་གཞན་དེའི་འབེན་ལ་རྒྱག་པ་དང་།   མི་རེས་རྡོ་གསུམ་རེ་འཕངས་རྗེས་འཕངས་རྗེས་ཕྱོགས་གཞན་དེར་ཕྱིན་ཏེ་འབེན་དེའི་འགྲམ་ནས་ཚུར་ཕྱོགས་ཀྱི་འབེན་ལ་འཕེན་གྱི་ཡོད།   འཕེན་བྱེད་ཀྱི་རྒྱག་རྡོ་ནི་འཇོང་འཇོང་སུར་པན་རྡུང་བྱེད་ཀྱི་ཡས་རྡོ་ལྟ་བུ་ཞིག་ཡོད་པ་དང་འཕེན་པའི་ཚེ་ལག་པའི་ཁ་གནམ་ལ་བསྟན་ཏེ་འབེན་ལ་ནན་གྱིས་སྡིག་ནས་ས་ཐིག་ནས་གོམ་པ་འགའ་ཕྱིར་འགྲོས་བྱས་རྗེས་སྐད་སྒྲོག་བཞིན་དུ་མདུན་དུ་རྒྱུགས་ནས་གཡུགས་ཏེ་གནད་དུ་འཕོག་པ་བྱེད་དགོས།  དེ་ཡང་གཡག་རྭའི་རྩེ་མོར་དབྱིངས་ཟེར་ཞེས་དཀར་ཡོལ་ཆག་རོའམ།   ཤ་དཀར་ལྟ་བུ་སྦར་མོའི་མཐིལ་ཙམ་ཞིག་བཙུགས་ཡོད་པས་གཡག་རྭ་མ་འགྱེལ་བར་དེ་ལ་ཕོག་སྟེ་གཡུགས་ཐུབ་པ་བྱུང་ན་དབྱིངས་ཟེར་གཡུགས་པ་ཞེས་ཨང་ཀི་དང་པོར་སྐར་བཅུར་བརྩི་བ་དང་གཡག་རྭའི་ཞབས་ལ་ཕོག་ན་གཉའ་སྣོན་ཞེས་གསུམ་པར་བརྩི་ཡི་ཡོད་འདུག    ཡང་སྙེ་མོ་སོགས་ལུང་པ་འགའ་ཞིག་ལ་ནི་གཡག་རྭའི་འབེན་ཕྱོགས་གཅིག་རང་དུ་འཛུགས་པ་ལས་ཕྱོགས་གཉིས་སུ་མི་འཛུགས་ལ་དབྱིངས་ཟེར་དང་བར་རྡོ་སོགས་ཀྱི་དབྱེ་བ་མེད་པར་གཡག་རྭར་ཕོག་སྟེ་འགྱེལ་ཐུབ་པ་དེ་ཙམ་ཡིན།  འོན་ཀྱང་གཡག་རྭར་ཐད་ཀར་མ་ཕོག་པར་འཕར་རྡོ་ཕོག་པ་ལ་ནི་རྩིས་འགྲོ་མེད་པ་རེད།  རྒྱག་རྡོ་ཡང་ཕལ་ཆེར་སྒོར་མོ་ལག་ཏུ་གཤོང་ཙམ་རེ་ཡོད་པ་རེད།    འཕེན་པའི་ཚེ་འཕང་སའི་ས་ཐིག་ནས་ཕྱིར་འགྲོས་གོམ་པ་འགའ་ཞིག་བརྒྱབ།   དེ་ནས་འབེན་ལ་ནན་གྱིས་སྡིག་ནས་ཏོ་ལོ་ལོ་ཞེས་སྐད་རྒྱག་བཞིན་དུ་འཕངས་སའི་ས་ཐིག་བར་མདུན་དུ་རྒྱུགས་ནས་འཕེན་པར་བྱེད་དོ།

ཡང་ལུང་པ་འགའ་ཞིག་ཏུ་ནི་འབེན་འཇོག་ཚུལ་དང་སྒྲིག་གཞི་སོགས་མི་འདྲ་བ་དཔེར་ན་སྣ་དཀར་རྩེ་རྫོང་ཁོངས་སུ་ནི་འབེན་དུ་གཡག་རྭ་སོགས་མི་འཇོག་པར་སྙིང་རྡོ་ཞེས་རྡོ་དཀར་པོ་དབྱིབས་སྒོ་ང་གཟུགས་ཞིག་དཀྱིལ་དུ་བཙུགས།   དེའི་མཐར་ཕྱོགས་སོ་སོར་རྡོ་ལྔ་རེ་ཡོད་པས་དེར་རྡོ་ཚང་ཞེས་བརྗོད།   འགྲན་བསྡུར་དུ་ཞུགས་མཁན་ནི་ཕྱོགས་རེ་ནས་འདེམས་ཐོན་པ་ཉུང་ན་གསུམ་རེ་དང་མང་ན་ལྔ་རེ་ཞུགས་དགོས་ཤིང་རྡོ་སྒོར་རྒྱག་ཚུལ་དམིགས་བསལ་ཞིག་སྟེ་སྙིང་རྡོ་ཞེས་པའི་འབེན་ལ་ཐད་ཀར་མི་བཞུ་བར་འབེན་གྱི་མཐའ་འཁོར་དུ་ཡོད་པའི་ཁ་གཏད་ཕྱོགས་ཀྱི་རྡོ་ལ་བཞུས་ནས་ཁ་གཏད་ཀྱི་རྡོ་དེས་སྙིང་རྡོར་ཕོག་པ་བྱས་ཐོག་སྙིང་རྡོ་དེ་རང་ཕྱོགས་ཀྱི་རྡོ་ཞིག་ལ་སྦྱར་བ་ཞིག་དགོས།  དེ་ལྟར་སྦྱར་ཐུབ་པ་བྱུང་ན་དེ་ལ་ཚ་འབྱར་བ་ཞེས་བརྗོད།   དེ་ལྟར་གཅིག་གིས་གཅིག་འབུད་ཐུབ་པ་བྱེད་དགོས་པས།   རྒྱག་རྡོ་ཡང་གཞན་ལས་ཆེ་ཞིང་དབྱིབས་སྒོར་སྒོར་ཨར་ཀ་གཅོག་བྱེད་ཀྱི་འབོག་རྡོ་དང་འདྲ་བ་ཞིག་ཡོད།   ལུས་རྩལ་པ་དྲག་གྲས་འགའ་ཞིག་གི་རྒྱག་རྡོ་ན་ཧ་ཅང་ཆེན་པོ་ཡོད་པས་སྤྱིར་བཏང་གི་མི་ཞིག་གིས་འཕངས་ན་འབེན་ཡོད་སའི་ཕྱེད་རྩམ་ལས་རྙོབ་ཀྱི་མེད་པ་རེད།   རྒྱག་པའི་ཚེ་ན་ཐོག་མར་ལག་ཏུ་རྒྱག་རྡོ་བཟུང་ནས་འཕངས་སའི་ས་ཐིག་གི་ཐོག་ཏུ་ལངས་ཤིང་དེ་ནས་ཕྱིར་འགྲོས་གོམ་པ་འགའ་ཞིག་བརྒྱབ་སྟེ་འབེན་ལ་ནན་གྱིས་སྡིགས་ཤིང་ཁ་ནས་སོ་སོ་སོ་སོ་ཞེས་ངར་སྒྲ་སྒྲོག་བཞིན་དུ་མདུན་དུ་རྒྱུགས་ནས་ས་ཐིག་གི་མཚམས་ནས་འཕེན་གྱི་ཡོད་པ་རེད།   དེ་ལྟར་རྡོ་སྒོར་རྩེད་ཚུལ་རིགས་མི་འདྲ་བ་དེ་དག་གི་གཅིག་གྱུར་གྱི་ཁྱད་ཆོས་ནི་དེ་དག་ལ་དགའ་པོ་བྱེད་མཁན་ཚོའི་དཔུང་ཤུགས་དང་།   ལག་རྒྱང་།   གནད་དུ་ཕོག་པའི་ནུས་རྩལ་བཅས་ཀྱི་ཐོག་ལ་སྦྱོང་བརྡར་བྱུང་ནས་འགྲན་བསྡུར་བྱེད་པའི་ཚེ་ལྟད་མོ་བའི་ཡིད་དབང་འཕྲོག་པའི་ནུས་རྩལ་མངོན་པར་བརྟེན་འགྲན་བསྡུར་གྱི་སྐབས་ལྟད་མོ་བ་མང་པོ་འཚང་ཁ་ཤིག་ཤིག་ཏུ་འདུས་ཀྱི་ཡོད་རེད།   དེས་ན་རྩེད་རྩལ་གྱི་རྣམ་གྲངས་འདི་ཡང་མི་དངས་ཀྱི་གཟུགས་པོའི་སྦྱོང་བརྡར་ལ་སྨན་པའི་ལུས་རྩལ་འགྲན་བསྡུར་གྱི་ནང་དུ་གཉའ་རྩལ་གྱི་རྣམ་གྲངས་ཁས་ལེན་མཛད་པ་བཞིན་དུ་འདི་ཡང་འགྲན་བརྡུར་གྱི་རྣམ་གྲངས་ཤིག་ཏུ་ཚུད་པ་བྱུང་ན་མེས་རྒྱལ་གྱི་ལུས་རྩལ་བྱ་གཞག་ཕུན་སུམ་ཚོགས་སུ་འགྲོ་བར་ཕན་པ་མི་དམན་པ་ཡོང་རྒྱུར་འབྲེལ་ཡོད་ནས་དགོངས་པར་འཇགས་པ་ཞུ་རྒྱུ་བཅས་རྡོ་སྒོར་གྱི་སྐོར་དེ་ཙམ་ལགསོ།  །

བོད་ཀྱི་ཡུལ་སྲོལ་རྣམ་བཤད་ལས་བདམས།