རྟིའུ་ར་དགོན་

ཡོང་ཁུངས་Wikipedia

མཚན་རྒྱས་པར་“བསམ་གླིང་རྟིའུ་ར་དགོན་”ཞེས་ཞུ། རྟིའུ་ར་ཞེས་པ་ནི་པོ་ཏོ་བའི་སློབ་མ་སྐོར་འདུལ་བ་ཆེན་པོ་རང་གཞིས་ཆགས་སའི་རྟ་རྭ་དང་ཉེ་བར་ཆོས་སྡེ་བཏབ་པས་རྟིའུ་ར་ཞེས་པ་དེ་ལྟར་བྱུང་གསུང་། གཉལ་སྡེ་དྲུག་གི་ཡ་གྱལ་ཡིན། བྲ་འོར་དགོན་ནས་ལྷུན་རྩེའི་ཕྱོགས་སུ་སྤྱི་ལེ་བཞི་ཙམ་སོང་ན་དགོན་དེ་མཇལ་ཐུབ། དགོན་དེ་ནི་ཐོག་མར་ད་ལྟའི་དགོན་དེའི་ཉེ་འདབས་སུ་རྟིའུ་ར་ཞེས་བཀའ་བརྒྱུད་པའི་དགོན་ཞིག་ཡོད་པ་ཇུན་གར་བས་མེར་སྲེག་གཏོང་སྐབས་རྟེན་གཙོ་བཟོ་རྒྱལ་བྷི་ཀར་གྱིས་བཞེངས་པའི་ཛྷེེ་ཀྵིམ་གྱི་ཇོ་བོ་བྱང་ཆུབ་སེམས་དཔའ་ཞེས་པ་ཞིག་ཡོད་པ་དེ་མེས་མ་འཚིགས་པར་ཡོད་པ་ལ་སྐུ་གཉེར་གྱིས་དེའི་རྒྱབ་ཏུ་ཡིབ་ནས་བསྡད། དེ་ནས་ད་དགོན་པ་ནི་མེར་བསྲེགས་སོང་བས་འདིར་བསྡད་ཀྱང་དགོས་པ་མི་འདུག་སྙམ་ནས་འགྲོ་བར་བརྩམས་པ་ན་ཇོ་བོས་“ཁྱོད་སོང་ན་ང་ཁྱེར་དགོས་”ཞེས་གསུང་འབྱོན་པར་སྐུ་གཉེར་གྱིས་“ངས་གདན་འདྲེན་ཐུབ་པ་མི་འདུག་”ཅེས་ཞུས་པས། ཡང་ཇོ་བོས་“དེ་ལྟར་ན་ངའི་སྐུ་སྟོད་ཁྱེར་དགོས་”ཞེས་གསུངས་པ་ཇི་བཞིན་སྐུ་གཉེར་གྱིས་སྐུ་སྨད་གསེར་ཟངས་ཡིན་པ་དེ་བཞག་སྐུ་སྟོད་ཛྷེེ་ཀྵིམ་ལས་གྲུབ་པ་གདན་དྲངས་ནས་ཉང་དཀར་ཐང་དུ་བབས་གཅིན་ལུང་ཞེས་པར་བྱོན། བབས་གཅིན་ལུང་ཞེས་མིང་དེ་ལྟར་ཐོགས་དོན་ཡང་ཇོ་བོས་“ངས་འདིར་བབས། ཁྱེད་གཅིན་པ་ཐོངས། ཁང་རལ་འདིར་བབས་གཅིན་ལུང་གྱིས་”ཞེས་གསུངས། དེ་ནས་སྐུ་གཉེར་གྱིས་ད་ངེད་རྣམ་གཉིས་གང་དུ་ཕེབས་པ་ལེགས་སམ་ཞེས་ཞུས་པར། ད་ངེད་གཉིས་ཤར་ངོས་སུ་མི་མ་ཡིན་གྱིས་བརྩིགས་པའི་མཁར་བཞི་ཡོད་པ་དེར་འགྲོ་གསུངས་ནས་ད་ལྟའི་དགོན་དེ་ཆགས་ཡུལ་དུ་བཞུགས། དེ་རྗེས་དགེ་བཤེས་པོ་ཏོ་བའི་སློབ་མ་ཕྱག་ལོ་ཙཱ་བ་ཡུལ་དེའི་ཕུར་སྒྲུབ་པ་བཀྱོན་ནས་བཞུགས་སྐབས་གནས་དེར་དགོན་པ་ཞིག་ཕྱག་འདེབས་རྒྱུའི་ཐུགས་འཁྲུངས་ཏེ་འགོ་བརྩམ། དེ་ནས་རྗེ་ཙོང་ཁ་པ་ཙ་རི་ནས་ཡར་ཕེབས་སྐབས་ཕྱག་ལོ་ཙཱ་བས་དགོན་དེའི་རྨང་བཏིང་བསྒྲུབ་ཡོད་པས་རྗེ་ཙོང་ཁ་པས་“ངས་བསམ་པ་དེ་ཁྱེད་ཀྱིས་གླེང་བ་མཉམ་འདུག་”ཅེས་གསུངས་པས་“བསམ་གླིང་རྟིའུ་ར་”ཞེས་པའི་མཚན་དེ་ལྟར་བྱུང་གསུངས། དེ་ནས་དགོན་དེ་འགྲུབ་རྗེས་མཛད་པ་རྒྱ་ཆེར་བསྐྱངས། སྐུ་ཕྲེང་བཅུ་གཉིས་བར་ཕེབས། སྐུ་ཕྲེང་དང་པོ་ཕྱག་ལོ་ཙཱ་བ་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས་སྡེ་བརྒྱད་ཀརྨ་ཉི་ཟླས་བཀའ་སྲུང་ཞུ་རྒྱུར་ཁས་བླངས། གནས་དེར་ཐོག་མར་སྐྱེ་ཤིང་གང་ཡང་མེད་པ་ལ་ཉིན་གཅིག་ཕྱག་ལོ་ཙཱ་བས་དབུ་སྐྲ་སིལ་ཏེ་ཉེ་གནས་ལ་ཁྱེད་ཀྱིས་ངའི་སྐྲ་འདི་རྒྱ་གང་ཆེ་ཆེའི་སར་“ཤིང་སྣ་སྣ་ཚོགས་སྐྱེས་ཤིག་”ཅེས་ཤིང་སོ་སོའི་མིང་ནས་བོས་ཏེ་གཏོར་ཞིག་ཅེས་གསུངས་པར། ཉེ་གནས་ཀྱིས་ཙན་དན་གྱི་མིང་འབོད་རྒྱུ་མ་བྱུང་སྟབས་ཤིང་གཞན་དག་ཡོད་ཀྱང་ཙན་དན་མེད། འོན་ཀྱང་ཡུལ་དེའི་ཁུལ་དུ་གཏན་ནས་མེད་པ་ལ་དགོན་དེའི་མཐའ་འཁོར་དུ་ཤིང་སྣ་སྣ་ཚོགས་ཡོད་པ་ཤིན་ཏུ་ངོ་མཚར་ཆེན་པོ་ཡོད། སྔོན་དགོན་དེར་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་དང་། འདུ་ཁང་ཀ་བ་སོ་དྲུག་ནང་རྟེན་གཙོ་བྱང་ཆུབ་སེམས་དཔའ་དང་། སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཉིས་ལྡན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞུགས་སུ་གསོལ་ཡོད། ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྨན་འདམ་གི་དུས་གསུམ་སངས་རྒྱས་སྐུ་ཚད་ཐོག་བརྩེག་གཅིག་ལྷག་གསར་བཞེངས་དང་། སྔོན་གྱི་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།