རྟག་གཟིགས་ཞིང་བཀོད་

ཡོང་ཁུངས་Wikipedia

༧ རྟག་གཟིགས་ཞིང་བཀོད་འདི་ནི། སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ནང་ཚན། མཆོག་གི་སྤྲུལ་སྐུའི་ཞིང་བཀོད་ཡིན་ལ། འདི་ལ་མཚན་གྱི་རྣམ་གྲངས་དུ་མ་ཡོད་དེ། རྒྱ་གར་པ་རྣམས་ཀྱིས་བྱང་ཤམ་བྷ་ལ་ཟེར། རྒྱ་ནག་གིས་མུ་ཁྱུད་གཏེར་གྱི་གླིང་ཟེར། ཞང་ཞུང་གི་མི་རྣམས་ཀྱིས་སྟག་གཟིག་ཁྲོམ་གྱི་ཡུལ་ཟེར། བོད་གངས་ཅན་གྱི་མི་རྣམས་ཀྱིས་རྟག་གཟིགས་འོལ་མོ་ལུང་རིང་ཟེར། མཚན་ཕྱི་མ་འདི་ཡི་དོན་ཇི་ལྟར་ཡིན་ཞེ་ན། ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དུས་རྟག་ཏུ་གཟིགས་པའི་ཞིང་ཡིན་པས་རྟག་གཟིགས་ཞེས་བྱ་ཞིང༌། འོལ་མོ་ལུང་རིང་ཞེས་བྱ་བའི་དོན་ནི། མདོ་གཟེར་མིག་ལས། འོལ་ནི་སྐྱེ་བ་མེད་པས་འོལ། མོ་ནི་འདོད་པ་འབྱུང་བས་མོ། ལུང་ནི་བཀའ་ལུང་བསྟན་པས་ལུང༌། རིང་ནི་ཐུགས་རྗེ་བསྲིང་བས་རིང་ཞེས་པ་ལྟར། དོན་ལ་སྐྱེ་བ་མེད་པ་དང༌། འདོད་པ་འབྱུང་བ་དང༌། བཀའ་ལུང་བསྟན་པ་དང༌། ཐུགས་རྗེའི་རྒྱུན་རིང་བ་སོགས་ཀྱི་དོན་ནོ།། འོ་ན་སྤྲུལ་སྐུའི་ཞིང་ཁམས་ཀྱི་བཀོད་པ་ཇི་ལྟར་ཡིན་ཞེ་ན། དེ་ཡང་སྤྱིར་ན། ནང་གླིང་དང༌། བར་གླིང༌། ཕྱི་གླིང༌། མཐའ་གླིང་སོགས་གླིང་དང་གླིང་ཆུང་བསམ་གྱིས་མི་ཁྱབ་ཅིང་དབྱིབས་གྲུ་བཞིར་འདུག་པ། མཐའ་སྐོར་ལྕགས་རི་ཆེན་པོ་དང་བཅས་ཏེ་གནས་སོ།། ༧ དེའི་དབུས་སུ་རིའི་རྒྱལ་པོ་གཡུང་དྲུང་དགུ་བརྩེགས་ཞེས་བྱ་བ། རིན་པོ་ཆེ་སྣ་བཞི་ལས་གྲུབ་ཅིང་ཁ་དོག་སྣ་ཚོགས་སུ་བཀྲ་བ་དེ་ལ། ཐེག་པ་རིམ་དགུ་དང་ལྡན་ཞིང་གཞའ་ཚོན་སྣ་ལྔའི་འོད་འཕྲོ་བ་ཞིག་ཡོད། རི་དེའི་མགུལ་དུ་རྒྱལ་རིགས་རྣམས་ཀྱིས་བཞེངས་པའི་ལོ་པཎ་ཤེལ་གྱི་མཆོད་རྟེན་གྲངས་མང་དང༌། ༧ བང་རིམ་རྣམས་སུ་རྗེའུ་རིགས་རྣམས་ཀྱིས་བཞེངས་པའི་ཟོ་བོ་ཁྱུང་ལག་གི་མཆོད་རྟེན་གྲངས་མང༌། བྲམ་ཟེའི་རིགས་ཀྱིས་བཞེངས་པའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་གྲངས་མང༌། དམངས་རིགས་རྣམས་ཀྱིས་བཞེངས་པའི་རྣམ་པར་རྒྱལ་བའི་མཆོད་རྟེན་གྲངས་མང་ཡོད། ༧ རི་དེའི་ཕྱོགས་བཞི་ན་འབབ་པའི་ཆུ་བོ་ཆེན་པོ་བཞི་ཡོད་དེ། དེ་ཡང་ཤར་དུ་སེང་གེའི་ཁ་ནས་ཆུ་བོ་ཆེན་པོ་ན་ར་ཛ་ར་དང༌། བྱང་དུ་རྟ་མཆོག་ཁ་ནས་ཆུ་བོ་པཀྵུ་དང༌། ནུབ་ཏུ་རྨ་བྱའི་ཁ་ནས་ཆུ་བོ་ཆེན་པོ་གྱིམ་ཤང་དང༌། ལྷོ་རུ་གླང་ཆེན་ཁ་ནས་ཆུ་བོ་ཆེན་པོ་སིན་ཌྷུ་དང་བཞི་འབབ་པའོ།། ༧ རི་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱི་རིམ་དུ་ཚལ་ཆེན་པོ་བཞི་ཡོད་དེ། ཤར་ན་དགའ་བའི་ཚལ། ལྷོ་ན་སྐྱེད་མོའི་ཚལ། ནུབ་ན་པད་མོའི་ཚལ། བྱང་ན་རིན་པོ་ཆེའི་ཚལ་དང་བཞི་ཡོད། ༧ དེའི་རྒྱབ་ཏུ་རོལ་བའི་མཚོ་ཞེས་པ། རོ་དང་ནུས་པ་ཕུན་གསུམ་ཚོགས་པའི་སྐྱེ་འགྲོའི་གསོས་སུ་གྱུར་པའི་མཚོ་ཆེན་པོ་རེ་རེ་ལ་གྲོང་ཁྱེར་ཆེན་པོ་བརྒྱད་རེས་བསྐོར་བར་གནས་ཏེ།

༧ དེ་ཡང་ཤར་ན་གསས་མཁར་ཤམ་པོ་ལྷ་རྩེ་ཞེས་བྱ་བ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཕོ་བྲང་ཆེན་པོ་དེ་ནི། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཞུགས་གནས། རྨ་ལོ་དང་གཡུ་ལོ་འཁྲུངས་སའོ།། དེའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་དགའ་ལྡན་བྱམས་པ་ཅན་ཞེས་བྱ་བར། གཡུང་དྲུང་སེམས་དཔའི་སྤྱོད་པ་གནས་པའི་གླིང་ཆགས་སོ།། ༧ ལྷོ་ན་རྒྱལ་ས་བར་པོ་སོ་བརྒྱད་ཅེས་བྱ་བ་བེཊཱུརྱ་ལ་སོགས་རིན་པོ་ཆེ་སྣ་བརྒྱད་ལས་གྲུབ་ཅིང་འོད་དུ་འབར་བ་ཞིག་ཡོད་ལ། དེ་ནི་སྟོན་པ་གཤེན་རབ་ཀྱི་ཡབ་རྒྱལ་པོ་ཐོད་དཀར་གྱི་བཞུགས་གནས། རྣམ་མཁྱེན་སྟོན་པ་གཤེན་རབ་འཁྲུངས་ས་དེ་ཡིན་ནོ།། དེའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་ཚད་མེད་ཡངས་པ་ཅན་ཞེས་བྱ་བ། བཀའ་ཁྲིམས་བློན་འབངས་དང་བཅས་པའི་གླིང་ཆགས་སོ།། ༧ ནུབ་ན་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཅེས་བྱ་བ། པད་མ་ར་གཱ་ལ་སོགས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཕོ་བྲང་ཆེན་པོ་ཡོད་ལ། དེ་ནི་ཧོས་ཟ་རྒྱལ་མེད་མའི་བཞུགས་གནས་དང༌། སྲས་གཏོ་བུ་དང༌། དཔྱད་བུ། གཤེན་ཟ་ནེའུ་ཆེན་འཁྲུངས་ས་ཡིན་ནོ།། དེའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་ངོ་མཚར་ལྟད་མོ་ཅན་ཞེས་བྱ་བ། དུས་ཁྱད་པར་ཅན་དུ་ལྷ་ཀླུ་མི་གསུམ་འདུས་ནས་སྟོན་པ་ལ་མཆོད་པ་འབུལ་བའི་གླིང་ཆགས་སོ།། ༧ བྱང་ན་གསས་ཁང་ཁོ་མ་ནེའུ་ཆུང་ཞེས་བྱ་བ་གཡུ་དཀར་ལྗང་སོགས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཕོ་བྲང་ཆེན་པོ་ཡོད། དེ་ནི་དཔོ་ཟ་ཐང་མོ་བཞུགས་གནས། སྲས་ལུང་འདྲེན་དང༌། རྒྱུད་འདྲེན། གཤེན་ཟ་ནེའུ་ཆུང་འཁྲུངས་སའོ།། དེའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་རྫུ་འཕྲུལ་དགའ་བ་ཅན་ཞེས་བྱ་བ། ཕྱྭ་སྲིད་སྐོས་གསུམ་གྱི་སློབ་མ་དང༌། ལྷ་མི་དགེ་བ་ཅན་འདུས་ནས། རྫུ་འཕྲུལ་རོལ་མོ་བསྒྱུར་བའི་གླིང་ཆགས་སོ།། ༧ དེ་ལྟར་གླིང་ཆེན་པོ་བཞིའི་མཚམས་བཞི་ལ། རང་བྱུང་གི་གསས་ཁང་ཆེན་པོ་བཞི་ཡོད་དེ། དེ་ཡང་ཤར་ལྷོ་ན་གསས་ཁང་བདེ་བ་རང་གྲུབ་ཅེས་བྱ་བའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་བདེ་ལྡན་བཀོད་པ་ཞེས་བྱ་བ། ལྷ་མི་དགེ་བ་ཅན་རྣམས་འདུས་ནས་དག་པའི་ཞིང་དུ་ཚོགས་བསགས་སྒྲིབ་པ་སྦྱང་བའི་ལས་བྱེད་དོ།། ༧ ལྷོ་ནུབ་ན་གསས་ཁང་ཐུགས་རྗེ་ཀུན་འབྱུང་ཞེས་བྱ་བའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་དབང་ལྡན་བཀོད་པ་ཞེས་བྱ་བར། གྲུབ་པ་ཐོབ་པའི་གཤེན་པོ་རྣམས་དང༌། ལྷ་མ་སྲིན་སྡེ་བརྒྱད་རྣམས་འདུས་ནས་སྔགས་ཀྱི་འཆད་ཉན་དང་བསྟན་པ་སྐྱོང་བར་བྱེད་དོ།། ༧ ནུབ་བྱང་ན་གསས་ཁང་རྣམ་དག་དཀར་པོ་ཞེས་བྱ་བའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་རྣམ་དག་བཀོད་པ་ཞེས་བྱ་བ་ཡོད་དོ།། ༧ བྱང་ཤར་ན་གསས་ཁང་གཤེན་རབ་སྐུ་ཚད་ཅེས་བྱ་བའི་ཕྱི་རོལ་དུ་གྲོང་ཁྱེར་ཆེན་པོ་ཟ་མ་བཀོད་པ་ཞེས་བྱ་བ་ཡོད་དོ།། དེ་ནི་སྤྲུལ་སྐུའི་ཞིང་བཀོད་ཀྱི་བཤད་པ་མདོ་ཙམ་རྫོགས་སོ།། །། རྒྱས་པ་གཞུང་གཞན་དུ་བལྟ་བར་བྱའོ།། བཀྲ་ཤིས་སོ།། དགེའོ།།