རྟག་གཅིག་རང་དབང་ཅན་གྱི་བདག

ཡོང་ཁུངས་Wikipedia

སྤྱིར་བདག་ཏུ་འཛིན་པ་དེ་ལ་བདག་འཛིན་ལྷན་སྐྱེས་དང་ཀུན་བརྟགས་གཉིས་ལས། ཤེས་བྱ་རིག་པའི་གནས་ལ་སྦྱངས་བ་གང་ཡང་མི་བྱེད་པའི་སྐྱེ་འགྲོ་མཐའ་ན་གྲོག་འབུར་ཡན་རྣམས་ལ་དུས་སྐབས་ཐམས་ཅད་དུ་ངམ་ངམ་ཤུགས་ཀྱིས་ང་ཞེས་ཤར་བ་དེ་བདག་འཛིན་ལྷན་སྐྱེས་ཡིན་ཞིང་། ང་དེའི་དོན་དུ་ལས་སྣ་ཚོགས་པ་བསགས་པ་ལས་ང་ཞེས་པ་དེའི་ངོ་བོ་ལ་བློ་དཔྱད་པ་གང་ཡང་མི་བྱེད། གཞན་སྡེ་རྣམས་ནི་ཚེ་འདི་ཙམ་གྱིས་ཆོག་པའི་འཇིག་རྟེན་པ་དེ་རྣམས་ལ་ལྟོས་ན་བློ་གྲོས་ཀྱི་རྩལ་ཤིན་ཏུ་ཆེ་སྟེ། རང་རང་གི་སྟོན་པ་དང་དེས་གསུངས་པའི་ལུང་རིགས་གང་རུང་ལ་བརྟེན་ནས་བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་དེ་ཡི་བཏགས་དོན་བཙལ་ནས་ང་ཞེས་པ་དེ་ཅི་འདྲ་ཞིག་འདུག་སྙམ་དུ་བཙལ་ཏེ་མཐར་ཕྱི་རོལ་མུ་སྟེགས་པའི་ལྟ་བའི་གཙོ་བོ་རྟག་གཅིག་རང་དབང་ཅན་གྱི་བདག་གྲུབ་པར་འདོད་པ་དེ་ལ་བདག་འཛིན་ཀུན་བཏགས་ཞེས་བྱ་བ་ཡིན་ནོ། དེ་ཡང་སྐྱེ་འཇིག་མེད་པའི་ཆ་ནས་རྟག་པ། ཆ་ཤས་ལ་མ་ལྟོས་པའི་ཆ་ནས་གཅིག་པུ། རང་སྐྱ་བར་གྲུབ་པའི་ཆ་ནས་རང་དབང་ཅན་ཞེས་ཁྱད་པར་གསུམ་དང་ལྡན་པའི་བདག་གྲུབ་པར་འདོད་དོ། དེ་དག་ཞིབ་ཙམ་བཤད་ན། ཕྱི་རོལ་པ་རྣམས་ཀྱིས་ཕུང་བོ་ནི་འདུས་བྱས་མི་རྟག་པར་འདོད་ཀྱང་། བདག་ནི་སྔར་མཐོང་བ་ཉིད་ད་ལྟ་ངོ་ཤེས་པར་རློམ་པ་དང་སྐྱེ་བ་སྔ་ཕྱི་རྒྱུད་ནས་འགྲོ་བ་སོགས་ཀྱིས་རྟག་པར་འཛིན་པ་དང་། ཕུང་བོ་རྣམས་གཟུགས་དང་ཚོར་བ་ལ་སོགས་པའི་ཆ་ཤས་དུ་མ་ལས་གྲུབ་ཀྱང་བདག་ནི་ཆ་ཤས་གང་ལ་ཡང་མ་ལྟོས་པར་གཅིག་པུར་གནས་བར་འཛིན་པ་དང་། ཕུང་བོ་རྣམས་ནི་རྒྱུ་རྐྱེན་དང་སྐྱེ་འཇིག་གི་གཞན་དབང་ཅན་ཡིན་པར་འདོད་ཀྱང་། བདག་ནི་རྒྱུ་རྐྱེན་སོགས་ལ་མ་ལྟོས་པར་ངའོ་ཞེས་ཚུགས་ཐུབ་ཏུ་གྲུབ་པའི་རང་དབང་ཅན་དུ་འཛིན་པ་ཡིན། རྟག་གཅིག་རང་དབང་ཅན་གྱི་བདག་དེ་ལ་ཁྱད་ཆོས་གསུམ་ལྡན་གྱི་བདག་ཅེས་ཀྱང་ཟེར་རོ།